གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་པའི་དོན་རྐྱེན་གྱིས་དྲན་སྐུལ་བསླངས་པ།

2011-06-23 12:38:00 ལྗང་བུ། ཀློག་གྲངས། མཆན ཡོད།

   དུས་ཚོད་ནི་ཏག་ཏག་ལོ་དྲུག་གི་སྔོན་ཏེ་སྤྱི་ལོ༢༠༠༥ལོའི་སྤྱི་ཟླ་དྲུག་པའི་སྨད་རེད།ས་ཆ་ཡང་མཚོ་སྔོན་པོའི་འགྲམ་རེད། ང་ཚོས་སྐབས་གཉིས་པའི་སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ་ཟེར་བ་ཞིག་བསྡུས་པ་ཡིན། དེ་དུས་སྙན་ངག་པ་སྐོར་ཞིག་གིས་གཙོ་བྱས་པའི་རྩོམ་སྒྲིག་པ་དང་ཉམས་ཞིབ་པ། རྩོམ་རིག་ལས་ཁུངས་ཀྱི་འགོ་ཁྲིད་པ་སོགས་མི་མགོ་སུམ་ཅུར་ཉེ་བ་ཞིག་འཛོམས་བྱུང་ལ། ཚོགས་ཐེངས་དེར་གདན་ཞུ་བྱས་པ་དག་ཕུད་ཚོགས་ཐེངས་རྗེས་མར་རིམ་པས་གདན་འདྲེན་ཞུ་རྩིས་ཡོད་པའི་སྙན་ངག་པ་ཁ་ཤས་ནས་སྒེར་ངོས་ནས་འགྲོ་སོང་བཏང་གནང་གིས་གླ་འཁོར་ལ་བཞུགས་ཏེ་ཡང་སྔ་ནུར་གྱི་ཚུལ་གྱིས་ཕེབས་བྱུང་།
  དུས་འགྱུར་རབ་དང་རིམ་པར་བྱུང་ནས། དེང་དུས་ཀྱི་བོད་ཀྱི་སྙན་ངག་ཟེར་པ་འདི་མདོ་སྨད་ཀྱི་བོད་ཡིག་བེད་སྤྱོད་གཏོང་མཁན་དང་བོད་ཡིག་མ་གཏོགས་བེད་སྤྱེད་གཏོང་མི་ཐུབ་པའི་སྐྱེས་བུ་སྐོར་ཞིག་གི་དམིགས་བསལ་ཁེ་དབང་འདྲ་ཞིག་ཆགས་འདུག་པས། ཐེངས་དེའི་ཚོགས་ཕེབས་པ་ཆ་ཚང་མདོ་སྨད་པ་རྐྱང་རྐྱང་རེད་འདུག  ཕན་ཚུན་ངོ་མ་ཤེས་པ་ཉུང་ཉུང་རེད། རྒན་གྲས་སུ་ནོར་སྡེ་ལགས་དང་ཆབ་འགག་པ་རྡོ་རྗེ་ཚེ་རིང་ལགས་དང་།དར་གྲས་སུ་གཅན་མེ་སྟག་ལགས་དང་ཁྱུང་ཐར་རྒྱལ་ལགས། དཔལ་མོ་ལགས། བདེ་སྐྱིད་སྒྲོལ་མ་ལགས། གངས་ཞུན་ལགས་བཅས་ཕེབས་བྱུང་། དེ་བྱིངས་ཕལ་ཆེར་ན་གཞོན་ཤ་དར་ཁྲག་དར་རྐྱང་རྐྱང་རེད་འདུག 
  ག་དུས་ཡིན་ཡང་།རང་རིགས་བ་ཚོ་འཛོམས་ཐེངས་རེ་ལ་ཆང་རག་ལོངས་སྤྱོད་ཀྱི་ཚད་གཞི་ནི་ཕལ་ཆེར་བག་མེད་དང་སྒྲོབ་ཆེན་ལྟ་བུའི་ཐ་སྙད་ལས་མཚོན་ཐབས་གཞན་མི་རྙེད་པས།ཐེངས་དེ་ཡང་གཅིག་མཚུངས་ཡིན་པ་ཙམ་མ་ཟད། མཚན་གུང་རེ་བཞིན་ཚོགས་ཕེབས་བུད་མེད་ཚོའི་གཟིམ་གུར་ལ་སུན་བཙེར་བཟོ་མཁན་ཡང་བྱུང་ཡོད་ཚོད་ཀྱང་གུས་པས་ཐེངས་ཤས་ཐོས་བྱུང་།
  ཚོགས་ཐེངས་དེའི་སྦྱིན་བདག་ལས་ཁུངས་ཀྱི་སྐུ་ཚབ་དང་བོད་ཀྱི་རྩོམ་རིག་ལ་ཉམས་ཞིབ་གནང་མཁན་ཧྥ་རན་སིའི་མཁས་དབང་མ་ཆོས་ཉིད་དབང་མོ་མཆོག་ཀྱང་དེ་དུས་ཕེབས་ཡོད་ལ། ཁོང་མོས་ཀྱང་མཚན་ལ་མནལ་ཡག་པོ་མ་ཁུག་པའི་གསུང་ཟུར་རེ་གུས་པའི་རྣ་ལ་ཐེངས་ཤས་བསྐྱལ་མོད་གུས་པས་རྗེས་རྗེས་ལ་མ་གཏོགས་ཕུག་དོན་མ་གོ་བར་སྣང་།
  འཐུང་ན་འཐུང་གཅིག་གི་ཚུལ་གྱིས་ཆང་རག་ལ་ཚད་མེད་པ་དང་མི་རེ་འགས་གཅིག་ལ་གཅིག་ལྟོས་འདྲ་ཞིག་གིས་བྱ་བྱེད་ཅུང་ཟད་ཐལ་དྲགས་པ་འདྲ་རེ་བསྐྱངས་ཚུལ་ཡང་གུས་པས་ཐོས་ནས། ཚོགས་འདུ་གྲོལ་ཁའི་སྔ་ནུབ་ལ། གུས་པས་རང་དང་སྡོད་གུར་ཐག་ཉེ་ཤོས་ཀྱི་གཞོན་ནུ་ཁ་ཤས་སྦྲན་ཏེ།གདོང་ལ་གདོང་གཏུག་གིས་མ་དགའ་བའི་རྣམ་འགྱུར་འདྲ་ཞིག་བསྟན་པ་མ་ཟད་ཁ་ཤས་ལ་གཤེ་ཚིག་མི་སྙན་པ་རེ་ཡང་ཤོར་སོང་། ཡིན་ན་ཡང་། ཁོང་ཚོ་ལས་ཚུར་མ་རེངས་པའི་ཚུལ་སྟོན་མཁན་ནམ་ཚིག་མདའ་སློག་མཁན་ནི་མ་བྱུང་བས། གུས་པས་ཀྱང་འོ་ད་རེས་ཡིན་ན་རང་ལ་གནས་ལུགས་ཡོད་འདུག་སྙམ་ཏེ།  ཁྱེད་ཅག་གིས་རང་ཉིད་སྙན་ངག་གི་མི་རབས་གསུམ་པ་ཡིན་ན་ཅིག་ཅིག་ཡིན་ཚུལ་བཤད་ཀྱིན་ཡོད་པ་ཐོས་མྱོང་།གལ་སྲིད་ད་རེས་དེ་སྐོར་ཁྱབ་བསྒྲག་དང་ཡང་ན་བསྒྲག་གཏམ་གྱི་བཟོ་ཞིག་སྤེལ་ན་ཡག་པོ་བྱུང་ཚུལ་་་གྱི་དྲན་སྐུལ་ལམ་བླང་བྱ་ཞིག་ཁོང་ཚོར་བཏོན་པ་ཡིན།
  ཕྱི་ཉིན་ཞོགས་ཇ་གྲུབ་རྗེས་ལ།སྐྱབས་ཆེན་བདེ་གྲོལ་ལགས་ཁོང་ཚོའི་འཐུས་ཚབ་ཡིན་ཟེར་ནས་གསུང་བཤད་གནང་བྱུང་ལ།བསྒྲག་གཏམ་ཞིག་ཀྱང་སྤེལ་གནང་སོང་། ཁོངས་མི་གཙོ་བོ་དག་ལས་ཉིན་དེའི་ཚོགས་འདུར་ཞུགས་མཁན་ལ་མཛེས་སེའམ་འགྱུར་མེད་རྡོ་རྗེ། རེ་རྐང་གླིང་། མདའ་བཙན་པོ། ཨ་རྡོར་། མཚོ་བུ་དགའ་བདེ་ཚེ་རིང་། སྐྱབས་ཆེན་བདེ་གྲོལ་ཁོང་རང་བཅས་འདུག  གཞན་དག་སུ་ཡོད་ནི་ད་ལྟ་དྲན་གྱིན་མི་འདུག སྐབས་དེར་གུས་པ་ནི་ཚོགས་འདུའི་སྐོར་བརྙན་པར་ཕབ་པའི་ལས་ལ་བྲེལ་བཞིན་པས་ཞིབ་པར་ཉན་མ་ཐུབ་ལ། ཡིད་ལ་ཅུང་ཟད་འཇགས་ཡོད་པའི་ནང་དོན་དག་ཀྱང་ད་ལྟ་ཕལ་ཆེར་བརྗེད་ངས་ཀྱི་དབྱིངས་ལ་ཐིམ་ཚར་ཞིང་། ༼ད་རེས་འགྲུལ་བསྐྱོད་ལམ་ཁར་ཡོད་པས་ནང་ལ་ལོག་སྟེ་སྤྱིན་ཤོག་བཙལ་ནས་ལྟ་ཁོམ་ཡང་མ་བྱུང་། ༽གུས་པས་དྲན་པ་ལྟར་ན་ཉིན་དེར་སྤེལ་བའི་བསྒྲག་གཏམ་གྱི་ནང་དོན་སྐོར་ཞིག་ནི་རྗེས་སུ་༼༢༠༠༧ལོ༽ཁོང་ཅག་གིས་ཟི་ལིང་ནས་བསྡུས་གནང་པའི་མི་རབས་གསུམ་པའི་ཚོགས་འདུ་གཉིས་པའི་ཐོག་སྤེལ་གནང་བསྒྲག་གཏམ་ཞིག་དྲ་ཐོག་ནས་མཇལ་བ་དང་ཅུང་ཟད་མི་འདྲ་ཞིག་རེད་སྙམ་བྱུང་། དེང་ཐོག་གུས་པས་མི་རབས་གསུམ་པ་ཟེར་པ་དེ་སྙན་ངག་གི་གྲུབ་མཐའ་དང་དེའི་ཁོངས་མི་གཏན་འཁེལ་འདྲ་ཞིག་ཡོད་པ་ཞིག་རེད་སྙམ་ཡོད།  རྗེས་སུ་དེ་ནི་འཛུལ་ཞུགས་པར་ལོ་ཡི་ཚད་བཀག་ཡོད་ལ་ནང་ལ་འཛུལ་སླ་ཞིང་ཕྱིར་ཐོན་དཀའ་བ་གུང་གཞོན་ཚོགས་པའམ་དམར་ཕྱོགས་གཞོན་ནུའི་ཚོགས་པ་ལྟ་བུའི་སྒྲིག་འཛུགས་ཤིག་ཡིན་པར་གཞི་ནས་ངོས་འཛིན་བྱུང་།རིམ་བཞིན་སྙན་ངག་པ་འགའ་རེ་ཡར་ལོག་མར་ལོག་ཐེངས་གསུམ་བྱེད་ཀྱིན་པ་ལྟ་བུ་རྐང་བཙུགས་ནས་གསར་འགྱུར་བཟོ་བ་འདྲ་བའི་གནས་ཚུལ་རེ་ཡང་རྣ་ཐོས་བྱུང་ལ། ཁོངས་མི་ཕན་ཚུན་བར་ལ་ཁེ་ཕན་རྒྱལ་ཕམ་གྱི་འགྲན་རྩོད་འདྲ་ཞིག་ཡོད་པའི་ལྐོག་བརྡ་དང་ཟུར་འཕྲིན་ལྟ་བུ་ཡང་ཆད་མེད་གོ་ཞིང་། ཁེ་ཕན་གྱི་ཚོགས་སྡེ་ཀུན་དང་འདྲ་བར་དེའི་ནང་ལོགས་ལ་འགལ་འདུ་ཆེ་ཕྲ་འདྲ་མིན་འབྱུང་བཞིན་པ་འདྲ་བའི་ཚོར་བ་ཞིག་ཀྱང་ངང་གིས་རྙེད།
   སྤྱིར་བོད་ཡིག་ནི་སྤྱི་ཚོགས་ཆེན་པོའི་ནང་བེད་སྤྱོད་ཆུང་སྟེ། སྦྲགས་ཁང་དངུལ་ཁང་ཚོང་ཁང་མགྲོན་ཁང་ལྟ་བུ་ང་ཚོའི་འཚོ་བར་འབྲེལ་བ་དམ་ཟབ་ཡོད་པའི་གནས་ཀུན་ཏུ་ཡི་གེ་འདི་འགྲོ་ས་ཞིག་མི་འདུག གོང་མ་ཚང་གི་ཁྱབ་བསྒྲག་མ་ཡིན་པའི་བརྒྱུད་ལམ་ནི་རི་བོང་གི་རྭ་རེད། ད་ཅི་བྱེད་ཟེར་ན་། ཟུར་ཞིག་ལ་བསྒོང་ནས་སྙན་ངག་འབྲི་བ་དང་དྲ་རྩོམ་ཐན་ཐུན་འབྲི་བ་ལས་འདི་ལ་བཀོད་སྤྱོད་ཆུང་། ཡང་ན་འདིའི་ཆེད་དུ་འཁོར་བ་དང་བྲལ་ཏེ་མཐོ་ས་ཞིག་དང་རིང་ས་ཞིག་སྙེགས་དགོས་འདུག  འོན་ཀྱང་མི་མང་ཆེ་བས་དེ་མི་འོང་།
  དེང་གི་ཆར་། སྙན་ངག་གཅིག་པུ་སྤེལ་སའི་དུས་དེབ་འདུག ཚགས་པར་འདུག དྲ་རྒྱ་འདུག སྙན་ངག་མེད་པའི་དྲ་རྒྱ་ཚགས་པར་སོགས་འཚོལ་དཀའ་། གསོ་བ་རིག་པ་མ་ཚུད་པའི་ལོ་རྒྱུས།བརྩམས་སྒྲུང་།རི་མོ།རོལ་མོ་སོགས་ཐུན་མོང་རིག་གནས་གཞན་ཅི་རིགས་ལ་དེ་འདྲ་མེད་ཚོད་དུ་སྣང་། ཡི་གེ་འདིར་ལོ་རྒྱུས་ཡོད་པ་ནས་བཟུང་ད་བར་བོད་ཡིག་ནང་རྩོམ་ཡིག་འབྲི་མཁན་ཁྲོད་ནས་ཤློོཀ་གཅིག་ཙམ་ཡང་བསྒྱུར་བའམ་ཡང་ན་བྲིས་མ་མྱོང་མཁན་ཞིག་འདི་རེད་ཅེས་མཛུབ་མོ་འཛུགས་ས་ཞིག་མེད་པའི་ཚོད་རེད་། དེ་ལས་མཐོང་བ་ནི་སྙན་ངག་པ་ཚོས་བོད་ཡིག་གིས་སྲ་དང་རང་ས་འཛིན་པར་ནུས་པ་ག་ཚོད་ཐོན་ཡོད་པ་ཤུགས་ག་ཚོད་བརྒྱབ་པ་དེ་རེད། དེ་ལས་མཐོང་བ་ནི་སྙན་ངག་གི་མི་རིགས་འདིས་སྙན་ངག་ལ་དོ་སྣང་ག་ཚོད་མཛད་གནང་པ་དེ་རེད། གལ་སྲིད་སྙན་ངག་བཅད་པ་ཡིན་ན་མི་རིགས་འདིའི་ཡན་ལག་གལ་ཆེན་ཞིག་བཅད་པ་དང་མཚུངས་སྙམ།
  ད་དེ་ནས། ད་རེས་མི་རབས་གསུམ་པ་འཐོར་པ་ཡིན་ན་འདྲ། ངོ་བོ་འགྱུར་པ་ཡིན་ན་འདྲ། ཤི་སོས་བྱུང་པ་ཡིན་ན་འདྲ། བསྐྱར་སྡེབ་བྱས་པ་ཡིན་ན་འདྲ། ཡང་ན་ཁྲག་གསར་བཅུད་གསར་འཐུང་ནས་ཁྲོ་བཙན་གྱི་རྟགས་ཤིག་སྟོན་རྒྱུ་ཡིན་ན་འདྲ།དོན་རྐྱེན་འདི་འདྲ་ཞིག་བྱུང་ཚར་བ་རེད།་ འཛམ་གླིང་ཡུལ་ལུང་ཀུན་ལ་མིག་བཤེར་ཞིག་བྱས་ན་རྩོམ་རིག་སྒྱུ་རྩལ་གྱི་ལོ་རྒྱུས་ཁྲོད་དུ་གནས་ཚུལ་རིགས་འདྲ་བྱུང་མ་མྱོང་བ་མིན་ལ། དཔེར་ན་ཨནཊེརི་བྷེརིཊོན་སོགས་ཀྱིས་མཚོན་པའི་ནུབ་ཕྱོགས་ཀྱི་རྡ་རྡ་བ་ཚོ་དང་དེང་རབས་འཕར་མ་བ་ཚོའི་མི་སྣ་དག་གི་ལོ་རྒྱུས་ལྟ་བུ་རེད། མི་རབས་གསུམ་པ་ཚོས་ཞལ་ནས་འགྲིག་འགྲིག་དང་འཆམ་འཆམ་ཇི་ལྟར་གསུངས་ན་ཡང་དོན་ལ་མི་སྣ་ཁ་ཤས་བར་འགལ་ཟླ་ཅུང་ཟད་བྱུང་ཚར་བའི་འཕྲིན་བརྡ་འདིས་མིག་ཡོད་ཀུན་ལ་མགོ་སྐོར་གཏོང་ཐུབ་ཀྱི་མ་རེད། དོན་རྐྱེན་འདི་སྙན་ངག་པ་ཚོ་རང་ནས་གདམ་གསེས་གནང་པ་ཡིན་ན་ང་ཚོ་ལ་ཁ་རྡུང་གཏོང་བའི་དབང་ཆ་མེད་ལ། གལ་སྲིད་དེ་འདྲ་མིན་པར་ཁོང་ཚོ་ཡུན་རིང་ལྐོག་ཇུས་བཤམས་ནས་དབྱེན་སྦྱོར་ལ་སྤྲོ་བའི་རྒྱབ་ལོགས་ཀྱི་མི་ཁ་ཤས་ཀྱི་རྩེད་ཆས་ཆགས་པ་ཡིན་ན་ནི་།གཞན་གྱི་ནི་ཁྱི་ཚོགས་ནང་དམུར་ལྟ་བུའི་སྐྱོ་གར་འཁྲབ་མཁན་ནི་དྲང་བདེན་དང་བཅོས་མིན་སྲོག་རྩར་བཟུང་བའི་མི་རིགས་གསུམ་པའི་ཕོ་རྒོད་དག་རེད་ཅེས་མི་ཁ་འཁོར་བསྒོ་སྲིད་ཀྱི་རེད་མ་གཏོགས། ནག་ཁུང་ནང་ལ་ཁོང་དགོད་བྱེད་ཀྱིན་པའི་ཨ་ཕོ་དེ་ཚོའི་གཡང་གཞི་ནི་རེ་ཞིག་དཀར་ངོགས་སུ་བཤམས་དཀའོ་སྙམ།  ཕྱི་རྐྱེན་མེད་པར་དངོས་གནས་ནང་རྐྱེན་གཅིག་པུར་བལྟས་ནས་བྱུང་པ་ཡིན་ན་སྟབས་ཡག་སྟབས་ཡག་ཅེས་ཀྱང་ཞུའོ།།
  སྙན་ངག་རང་ངོས་ནས་བལྟས་ན། ཚོགས་པ་མི་གཙོ་སྒེར་པ་གཙོ།སྒེར་པའང་མི་གཙོ་གང་བྲིས་གཙོ་ཞེས་ཞུས་རུང་འཐུས་སྙམ། གང་ཡིན་ཟེར་ན། རྩོམ་པ་པོ་རྩོམ་པ་པོ་ཞེས་གང་བྲིས་གང་བརྩམས་ཀྱིས་སྐད་ཆ་འཆད་པ་ལས་འབྲི་མཁན་དེ་གང་འདྲ་ཅི་འདྲ་ཡིན་ཚུལ་དེ་རྩོམ་རིག་རང་དང་འབྲེལ་བ་ཆུང་སྟེ། དེ་རིགས་རྩད་ཞིབ་བྱེད་མཁན་ནི་ཉེན་རྟོགས་པ་དང་གྱང་རྩའི་ཉི་ཁུག་ན་ཁ་ཏོན་བསགས་པར་ཉོབ་ཀྱིན་པའི་རྒན་རྒོན་ཡིག་ངོ་མི་ཆོད་པ་ཚོ་རེད་སྙམ་ཡོད།
  ཞར་ལ་ཞུ་རྒྱུ་ཞིག་ལ། སེམས་རྩར་དུག་ཁུ་འཁྲི་བའི་མི་ཆུང་རེ་འགས་ཕ་མེས་ཀྱི་ཁྲག་དྲི་མ་ཡལ་བའི་ཚེགས་གླ་ཅུང་ཟད་རེག་གིན་པ་དེ་ངོམ་སོ་འདྲ་ཞིག་གིས། གཞན་ལ་འབུར་འཇོམས་སུན་འབྱིན་མཐོ་མཚམས་སམ་འགོག་རྐྱེན་བཟོ་བའི་ལས་ཀྱིས་རང་ཉིད་ཀྱི་ཁེ་གྲགས་ཨེ་ཐོབ་ལ་ས་ནག་སོ་འཐམ་བྱས་ནས།གོ་སྐབས་ཅུང་ཟད་བྱུང་མཚམས། ག་དུས་ཡིན་ཡང་ཡུན་རིང་ཁོག་བཅངས་བྱས་པའི་ཀུན་སློང་དང་ངོ་གདོང་དེ་བསྟན་ཡོང་ནས། རིགས་དང་ཚོགས་པ་མི་སྒེར་གང་རུང་གི་བར་ལ་དབྱེན་དཀྲུགས་ཕུངས་སྦྱོར་གྱི་ལྷགས་པ་རྒྱག་གིན་ཡོད་ལ།  ད་རེས་ཡང་མི་རབས་གསུམ་པའི་སྣང་ཚུལ་དེ་དང་འབྲེལ་བ་མེད་པའི་བོད་སོག་གི་སྐད་ཆ་འདི་བསླངས་སོང་། ཁྱོད་ཀྱི་མི་རིགས་དབྱེ་མཚམས་ཀྱི་ཚད་གཞི་དེ་ཁྱོད་ཀྱི་ཨ་མྱེས་སྨྱོན་པ་སི་ཏ་ལེན་སོགས་ནས་ཡོང་པ་ཡིན་ཞེས་མ་ལབ་ང་ངོ་ཚ་གི ༼འདིའི་སྐོར་ལ་མཚན་ངོ་མ་བཀོད་གནང་གིས་བགྲོ་གླེང་གནང་མཁན་བྱུང་ན་ཐུགས་རྗེ་ཆེ་ཞུ་གི་ཡིན༽།
  ཡ་ད། གསར་འགྱུར་ལ་བལྟས་ན། མི་རབས་གསུམ་པ་ཚང་འཐོར་མི་འདུག  རྐང་འཛིན་པ་འབོར་ཆེན་ཞིག་ཕྱིར་ཐོན་པ་ཙམ་རེད་གསུང་འདུག  དོན་ལ་གཞིས་བྱེས་གཉིས་སུ་གྱེས་པ་འདྲ་པོ་རེད་འདུག  ལར་སྔོན་ཆད་ཡིན་ན་སྐྱབས་ཆེན་གྱིས་སྒྲེང་བའི་མཆོད་མེ་ནི་མི་རབས་གསུམ་པའི་དར་ཆ་གཙོ་བོར་ཀུན་གྱིས་ངོས་འཛིན་གནང་གིན་འདུག་ལ་དེ་ནི་ཁོང་ཚོའི་གཡུལ་ས་བཙན་ཤོས་དང་བརྟན་ཤོས་ཀྱང་རེད།  ཉི་མ་དེ་རིང་ནས་བཟུང་རེ་རྐང་གླིང་གིས་ནུས་པ་འདོན་གྱིན་པའི་དགེ་ཆོས་ཀྱིས་དེའི་ཚབ་གནང་སྲིད་ལ། མེ་སྟག་ལགས་དཔུང་སྡེ་དེ་རུ་འཛུལ་བས་ཁྲག་གསབ་བྱུང་པ་ནང་བཞིན་གསོན་ཤུགས་གཞན་ཞིག་མངོན་ཡང་སྲིད་སྙམ་ཡོད། གང་ལྟར་མཆོད་མེ་ཚང་གིས་སྔར་གྱི་ལོ་རྒྱུས་དེ་དག་དྲ་ཐོག་ནས་མ་བསུབ་པར་རང་འཇགས་ཉར་རྒྱུ་ནི་གལ་ཆེ་སྙམ་ལ། དགེ་ཆོས་ཚང་གིས་ཀྱང་རང་ཚུཊ་དོད་པོས་ཁབ་ཤུལ་སྐུད་པས་འགེངས་ཐུབ་པའི་སྨོན་ལམ་བཏབ་ཡོད།
   དོན་རྐྱེན་འདི་གཏམ་བཟང་མ་རེད་ལ་གཏམ་ངན་ཡང་མ་རེད། འདི་དོན་རྐྱེན་རང་བྱུང་ཚར་བ་ཙམ་རེད། ཆོས་པ་རྣམ་དག་ཚོས་འདུ་བྲལ་ཆོས་ཉིད་ཡིན་གསུང་ནས་སྔ་མལ་དུ་བཞུཊ་སྲིད། འཇིག་རྟེན་པ་ཚོ་སྔར་བཞིན་འཚོ་ཚིས་ཀྱི་ཀུན་སློང་གིས་བསྐུལ་ངོར་དབུལ་སྐྱུར་ཕྱུག་འགྱུར་གྱི་ལམ་ལ་འགྲན་རྒྱུག་བྱེད་ཀྱིན་མཚམས་མཚམས་ལ་སྙན་ངག་པ་ཚོ་གུང་གསེང་གི་རྩེད་ཆས་རེ་ཡང་བྱེད་ངེས། སྐྱབས་ཕྱོགས་ཡིན་ན་འདྲ་རེ་ཕྱོགས་ཡིན་ན་འདྲ།ཁོང་ཚོས་སྙན་ངག་གི་གོམ་མཚམས་འཇོག་མི་སྲིད་པ་ཀུན་གྱིས་མཁྱེན་གསལ་རེད། ཕན་ཚུན་མཛའ་བཤེས་འགྲན་བསྡུར་གྱི་ངང་ནས་སྙན་ངག་གི་ཐེམ་པ་ཡར་འཛེགས་གནང་ངེས་པར་ཡང་གདོན་མི་ཟ།
  མི་འགྱངས་བར་འདི་འདྲའི་གསར་འགྱུར་ཞིག་ཐོས་ཐུབ་པར་ཡང་ང་ལ་ཡིད་ཆེས་ཡོད།༼གཅིག་ན་གསར་འགྱུར་བྱུང་ཚར་ཡོད་རེད༽ དཔེར་ན། ཉིན་གང་ཞིག་ལ་ཆང་ཁང་གང་ཞིག་ཏུ་སྐྱབས་རེ་གཉིས་འཁོར་དང་བཅས་པ་དགའ་འཛོམས་ཀྱིས་སྙན་ངག་དང་མི་རབས་གསུམ་པའི་སྐོར་གྱི་བཀའ་མོལ་བྱུང་སོང་ཞེས་པའོ་།
  འོན་ཀྱང་གོང་ནས་ཞུས་ཟིན་པ་བཞིན་ཅི་ནས་ཀྱང་གཟབ་དགོས་པ་ནི་སྙན་ངག་ལ་འབྲེལ་བ་ཆེར་མེད་ཀྱང་དོན་རྐྱེན་འདི་བེད་སྤྱོད་གཏོང་བའི་ངན་ཇུས་བཤམས་མཁན་དག་གི་བྱེད་རྩོལ་ཡིན་ནོ།། 
                                                                                                                                                  སྤྱི་ལོ༡༠༡༡ལོའི་ཟླ༦ཚེས༢༢ཉིན་ལྷོ་ཕྱོགས་ཀྱི་གྲོགས་པོ་ཞིག་གི་གཟིམ་ཤག་ཏུ་གྲུབ།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།