གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཏོར་བ་ནས་གྲོལ་བ།

2015-05-28 12:28:39 རོང་བོ་དགེ་འདུན་ལྷུན་གྲུབ། ཀློག་གྲངས། མཆན ཡོད།

                                    _____༢༠༠༥ - ༢༠༡༡ སྙན་ངག་གི་མི་རབས་གསུམ་པའི་སྡེ་ཟུར་ཙམ་གླེང་བ།

  འབྲུག་སྒྲ་དང་གློག་དམར་འཁྱུག་པའི་ཚ་ཚ་འུར་འུར་གྱི་ཀློང་དུ་གཞོག་གཏུབས་ཀྱི་རྣམ་པ་རེ་ཞིག་ཞོལ་འཇགས་སུ་སོང་བའི་ལོ་རབས་བརྒྱད་ཅུ་བ་ནས། བོད་པའི་ན་གཞོན་དག་གིས་ཁེངས་སེམས་དང་སྡང་སེམས། ཕངས་སེམས་དང་འགྲན་སེམས་ཀྱིས་ལུས་ངག་ཡིད་གསུམ་འདུག་བཟོད་མེད་པར་གྱུར་བ་ན། རེ་ཞིག་བཟོད་པར་དཀའ་བའི་ང་རྒྱལ་གྱི་རྣམ་ཤེས་དེས་རྦབ་ཆུའི་རླབས་དང་བསྟུན་ནས་གངས་ཀྱི་ལྗོངས་ཆེན་མོ་རྟ་མཆོག་གི་འགྲོས་ཀྱིས་བསྐོར་བ་ན། དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་དེ་རྩོམ་རིག་གི་ཞིང་སར་འཕོ་བ་དང་བསྟུན། ངེད་ཅག་མེས་པོའི་ཁྱིམ་རྒྱུད་ཀྱི་ལྡུམ་ར་ཆེན་པོ་འདིར་སྔ་ན་མེད་པའི་དེང་རབས་རྩོམ་རིག་ཅེས་པའི་མིའི་ཚོར་བའི་དགའ་སྡུག་གི་དབང་རྩ་ཤུགས་ཀྱིས་འཕར་བའི་མེ་ཏོག་ནག་པོ་ཞིག་འཁྲུངས་ཤིང་། རླུང་གིས་ཡོམ་པའི་དགའ་སྐྱོ་དང་། ཉི་ཟེར་གྱི་ཚ་བས་གདུང་ནས་སྐྱོ་ཡུས་བཏོན་ཏེ། སྔོན་མའི་ཆུ་རྐ་རྒྱུན་དང་རྡོ་ལག་བརྒྱུད་ཀྱི་སྲོལ་ལུགས་མང་པོ་ཞིག་དང་ཕྱི་རུ་བཀྱེ་བའི་སྟ་གོན་བརྩམས།

  རེ་ཞིག་དེ་དག་སྔོན་མའི་འགྲོ་འཆག་ཉལ་འདུག་གི་རྣམ་པར་ཐར་བ་ལས་བཀྱེས་པར་རྒྱུ་མཚན་མེད་པ་ཞིག་མ་ལགས་ཏེ། མཆོད་པའི་ལྷ་དང་བཀུར་བའི་སྲོལ་དེ་དག་གིས་བསིལ་ལྡན་ཁ་བ་རི་བའི་དམིགས་བསལ་གྱི་འབྱུང་བ་འཁྲིགས་པའི་དུས་ལ་ང་ཚོའི་སྣོད་བཅུད་བསྲུང་རྒྱུ་ཕར་ཞོག རང་མགོའང་གཙང་མ་ཞིག་མ་ཐོན་པར་ཉམ་ཐག་པའི་སོ་སོའི་སྐྱེ་བོ་དག་ལ་རེ་དགོས་པ་ཡིན་ཙང་། ང་ཚོས་སྐབས་འདི་ནས་རྟ་ཁ་བསྒགས་ཏེ་བསམ་བློ་གཏང་རྒྱུར་ཐུག་སྐབས། འཇིག་རྟེན་དང་མ་འདྲེས་པའི་ཆོ་ག་མང་པོ་ཞིག་བསྒྲུབ་རྒྱུར་ལག་པ་བསྐུམས། ཕྲག་པ་ལྷོད་ནས། མགོ་བ་མོ་དང་རྐང་ཆུ་སེར་བྱེད་པའི་མི་རང་ཉིད་ཐོག་མར་འགྲེང་རྒྱུ་གལ་བོ་ཆེ་རུ་བསམས་ནས། སྐད་མགོ་མཐོ་རུ་བཏང་། གྲེ་བ་རྨང་ནས་བསལ་ཏེ། ཀུན་ཀྱིས་ཐོས་པར་བྱེད་པའི་གཏམ་ཞིག རྦབ་ཆུའི་ཤང་ཤང་གི་གླུ་དང་། ཅོང་སྒྲའི་སིང་སིང་གི་སྒྲ་དང་བསྡོངས་ནས་ལན་དུ་མར་བསྒྲགས་པར་བསྟུན། ཁ་རུབ་ཀྱི་སྣང་ཚུལ་འགའ་ཞིག་གཏོར་བའམ་བཅོམ་པའི་ཉམས་ཀྱིས་ཐོན་པའི་ཚེ། རྒན་པོ་དག་གིས་མགོ་བོ་འཕྲེད་དུ་གཡུག་ཞོར་འཇིག་རྟེན་མགོ་མཇུག་ལྡོག་འདུག་ཅེས་ཁ་སྨོས་བཏང་བ་རེད། དེར་བསྟུན་ང་ཚོའི་ལང་ཚོའི་བསྒྲགས་གཏམ་ལྟ་བུའི་རྩོམ་རིག་གི་ཁྲོད་དུ་མི་བུ་རང་ཉིད་ཀྱི་སྐྱིད་སྡུག་འདུ་བའི་འཚོ་གནས་དང་མི་རིགས་ཀྱི་གཉའ་ཆག་པའི་བག་ཉལ་གྱི་ཆ་ཡར་སློང་བའི་རྐན་སྒྲ་རྔ་ལ་དབྱུ་གུས་བསྣུན་པ་ལྟར་གང་སར་ཕྱུང་བའི་རབས་ཤིག་བསླེབས་པ་ནི། དཔལ་དོན་འགྲུབ་རྒྱལ་སོགས་འདས་དང་མ་འདས་པའི་སྐར་ཆེན་ལྟ་བུའི་དམ་པ་དེ་དག་ཡིན་ཞིང་། ཁོང་ཚོའི་ལྟ་བའི་ངོས་ནས་དམར་པོར་ངོས་འཛིན་ཞུ་མཁན་མཆིས་མོད། གང་ལྟར་མི་རིགས་ཀྱི་ཆེད་དུ་སྨྱུག་རྩེ་ལས་བབས་པའི་རྩོམ་ཡིག་དག་ནི་བཀྲེས་པའི་དུས་ཀྱི་ཟས་དང་མཚུངས་པར་ཐོན་པ་ཡིན་ཙང་། ངེད་ཅག་མི་རབས་གསར་བར་མཚོན་ན་ཁོང་རྣམ་པ་ནི་རིགས་ཀྱི་འདུ་ཤེས་བརྟས་པའི་སྨྱུག་ཐོགས་པ་བཀའ་དྲིན་ཅན་དག་ཡིན་པར་སུ་ཞིག་གིས་བསྙོན། སྐབས་དེའི་བརྩམས་ཆོས་དག་གི་བརྗོད་བྱར་འགྱུར་བ་ཆེན་པོ་ཡོད་པ་མ་གཏོགས། ཕྱིའི་རྣམ་པར་ད་ལྟའི་རང་མོས་སྙན་ངག་བཞིན་རྐང་བ་ཚིགས་སུ་གཅོད་ལུགས་དང་དབྱངས་འགྲོས་སོགས་སྲོལ་རྒྱུན་སྙན་ངག་དང་ཧེ་བག་ཆེར་མི་འདུག ཞིབ་ཏུ་བལྟས་ཚེ་སྲོལ་རྒྱུན་སྙན་ངག་གི་དཔེ་གཟུགས་ཀྱི་ཤུལ་རྗེས་གསལ་བར་མངོན། དེ་ལྟའང་། མངོན་བརྗོད་ཀྱི་མཛེས་སྤྲས་ཉུང་ངུར་སོང་ཞིང་། འཚོ་བ་དཀྱུས་མ་དང་མི་སེར་དཀྱུས་མའི་མིང་བརྡ་དག་གི་ཟེ་བ་ཡར་ཐེན་བྱས་ཏེ་གཞུང་ལུགས་དང་ཆོས་ཀྱི་མིང་བརྡའི་ར་བ་ལས་ཡོངས་སུ་འདའ་བའི་རྩོམ་ཡིག་ཐོན་པ་ནི་བོད་ཀྱི་དེང་རབས་རྩོམ་རིག་གི་ངོས་ནས་བཤད་ན་ཟླ་བ་ཡར་ཚེས་ཤིག་གི་དབུ་བརྩམས་པ་རེད། དུས་དེར་སྲོལ་རྒྱུན་གྱི་མཁས་པ་མང་པོ་ཞིག་གིས་ཁྲོ་བའི་རྣམ་པ་ག་ཙམ་བསྟན་ཀྱང་། རུ་བསྒྲིགས་པའི་ན་གཞོན་དག་གི་སྙིང་སྟོབས་ཀྱི་ཟིལ་ལས་ཐོན་པའི་སྐབས་དེའི་སྙན་ངག་རྐང་ཆག་མའི་འཐུས་ཚབ་རེ་འགའ་འདིར་བགྲངས་ན་ལང་ཚོའི་རྦབ་ཆུ་དང་འབོད་པའི་གཡབ་མོ། གླག་རྒོད་དང་རྒྱུགས་ཤོག དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་སོགས་སོ།། ཁོང་ཅག་གི་བརྩམས་ཆོས་ལ་སྒྲུང་གཏམ་དང་སྙན་ངག ཟློས་གར་དང་དཔྱད་གཏམ། རྩོམ་རིག་གི་ཆེད་དེབ་སོགས་མང་པོ་མཆིས་ཤིང་། ཁ་གཏད་ཡུལ་ནི་རྙིང་ཞེན་ལ་རྒོལ་བ་དང་མི་རིགས་ཀྱི་ལ་རྒྱ་གླེང་བ་གཙོ་བོར་བྱས་པའི་འབོད་སྐུལ་གྱི་ལམ་དུ་ཕྱིན་ཡོད་པ་བཀླགས་ཙམ་ཉིད་ནས་གོ།དམིགས་བསལ་ཞུ་རྒྱུ། ལོ་རབས་འདིའི་མགོ་སྟོད་ནས་བཟུང་བོད་ཀྱི་རྩོམ་རིག་རྒྱུ་རྩལ་དང་སྦྲང་ཆར་སོགས་གཞུང་སྒྲུབ་ཀྱི་རྩོམ་རིག་གི་དུས་དེབ་མེད་པ་ནས་ཡོད་པར་གྱུར་བའི་མགོ་ཚུགས་སོ།།

  ལོ་རབས་དགུ་བཅུ་བའི་མགོ་དང་ལོ་རབས་བརྒྱད་ཅུ་བའི་སྨད་ནས་བཟུང་སླར་ཡང་བོད་ཀྱི་དེང་རབས་རྩོམ་རིག་ལ་འཕེལ་རྒྱས་གཞན་ཞིག་བྱུང་བ་ནི། སྔོན་མའི་མཚུངས་ཆོས་ཅན་གྱི་དཔེ་གཟུགས་དག་ལས་ད་ལྟའི་ཆར་གླེང་བའི་ཡིད་བརྙན་ཅན་དང་སླར་མཚོན་ཅན་དུ་ཕྱོགས་ཤིང་། མདོར་ན་མཚོན་པ་ཅན་དང་བསྡུས་བརྗོད་ཅན་དུ་འཕོ་ཞིང་། དོན་གྱི་ཆ་ནས་སྙན་ངག་གི་གདོང་ག་རང་གི་སེམས་ལ་གཏུགས་ཏེ་མི་སྒེར་གྱི་གཤིས་ལུགས་ཅན་དུ་འཕེལ་མགོ་ཚུགས་པ་ཡིན། སྐབས་དེའི་འཐུས་ཚབ་རྩོམ་པ་པོ་རེ་འགའ་ངོ་བགྲངས་བྱས་ན། སྐུ་ཞབས་ལྗང་བུ་དང་འཇུ་སྐལ་བཟང་། གཅན་མེ་སྟག་དང་སྨན་བླ་སྐྱབས། དཔའ་རྩེ། རྩེ་སྨིན་གྲོལ། ལྡོང་ཆུ་ཤེལ། གཅན་རང་སད། ཨོ་རྒྱན་རྡོ་རྗེ། ཧོར་གཙང་འཇིགས་མེད། སྤྲེལ་ནག་པ་བློ་གྲོས་དཔལ་བཟང་། ཁྱུང་ཐར་རྒྱལ། རྒྱ་གྲོལ་དང་འབྲོང་སོགས་ཀྱིས་གཙོས་པའི་རྩོམ་མཁན་ཁྱད་ཆོས་མངོན་གསལ་ཅན་མང་པོ་ཕེབས་ཤིང་། གནའ་མཁར་འདྲེ་བཞི་དང་སྨྱོན་པ་སྤུན་བཞི་ཞེས་བཞི་ཚན་ཅན་གྱི་སྙན་ངག་གི་རིས་མཐུན་ཚོགས་པ་འང་རེ་གཉིས་ཤིག་བྱུང་། ཁོ་ཚོས་སྐྲ་ལོ་རིང་བོ་འཇོག་པ་དང་། དུ་ཆང་མང་པོར་སྤྱོད་པ། ཆ་འཇོག་མེད་པའི་གྱོན་གོས་སྣ་ཚོགས་བཀླུབས་པ་སོགས་ཆེ་ས་ནས་བལྟས་ན་མི་རིགས་གཞན་གྱི་ལད་མོ་བྱེད་པའི་ཟོལ་དུ་མཆིའང། བོད་རང་ལ་མཚོན་ན་ལྟ་སྤྱོད་གང་ནས་ཀྱང་གཏོར་བཤིགས་ཀྱི་རྣམ་པ་མངོན་པར་མ་ཟད། འགལ་འདུའི་ཕུང་བོ་ཁུར་བའི་མི་ཤེས་རབ་ཅན་དག་ཡིན་ཞིང་། ཁོ་ཚོས་དད་འདུན་གསར་རྙིང་གི་སྲུབས་ཀ་ནས་ནང་སེམས་ཀྱི་འཇིག་རྟེན་ལ་ཕྱིར་རྟོག་བྱེད་བཞིན་གང་སར་འུར་ཟིང་ཉུང་ངུ་རེ་བཟོས་ཏེ་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་གང་ནས་ཀྱང་འདོད་ཆུང་ཆོག་ཤེས་དང་མི་གཤིས་སྒོ་ངའི་སྦུབས་ལས་མ་གྲོལ་བའི་མི་རིགས་ལ་བསམས་གཟས་ཏེ་གཏོར་གཤིགས་བཏང་ནས། གངས་རི་དང་རྩྭ་ཐང་། རི་སྤྱང་དང་དར་ལྕོག རྔོན་པ་དང་རྡེའུ་སོགས་ཀྱི་འཁོར་བ་ནས་ཕ་ཡུལ་གྱི་སྦྲ་ནག་ཁ་བས་ཟོས་པའི་སྐྱོ་གར་ལ་ཡུས་བཏོན་པ་མང་དུ་སྣང་། ཁོང་ཅག་གི་བརྩམས་ཆོས་ལ་འང་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ་དང་གླུ་ཚིག ཁ་ཤག་སོགས་མང་པོ་ཡོད་ཅིང་རབས་དེའི་རྩོམ་རིག་གི་མཚོན་ཐབས་སོགས་བོད་རང་ལ་མཚོན་ན་གྲུ་བཞི་ནས་ཟུར་གསུམ་དུ་བཟོས་པའི་འཕག་འཚག་གི་ཚོར་བ་དཀར་ནག་གི་རྦབ་རླབས་རྣམ་པར་གཡོ་བ་ཞིག ཁ་གཏད་ཡུལ་མང་ཆེ་བ་ཕྱི་ནང་གཉིས་ལས་ནང་གི་བརྡ་འཕྲིན་གཙོ་བོར་མཛད་ཅིང་། གཤིས་ལུགས་ཅན་གྱི་འབྲི་རྩལ་མང་པོ་བསླེབས་པར་བསྟུན། དཔྱོད་པ་བ་ལ་ལས་མཚམས་འདི་ནས་བཟུང་བོད་ཀྱི་སྙན་ངག་ལོག་ལམ་དུ་འཕྱན་པར་བཤད་པ་འང་ཡོད་ལ། ཡང་ན་སྤྱི་ཚོགས་ཀྱི་ལས་སྣེ་མ་ཐེག་པར་ཕྱི་རུ་བཀྱེ་བའི་སྡར་གཤིས་ཅན་དུ་ཕྱོགས་པར་ཡང་སྨྲ་མཁན་ཡོད་མོད། སྒྱུ་རྩལ་གྱི་ངོས་ནས་རང་རྐྱ་ཅན་དུ་ཕྱོགས་པའི་ཁྱད་རྟགས་རྨ་མེད་པ་ཞིག་ཏུ་འདོད་རིགས་སོ།། ལོ་རབས་འདིའི་ཡན་ལ་མི་སྒེར་གྱི་ཤེས་རམས་པའི་ཆེད་དེབ་དང་ཆེད་རྩོམ་གང་ཡིན་ཡང་དེང་རབས་སྙན་ངག་ཕྱོགས་རྐྱང་བའི་ངོས་ནས་བརྩམས་ཡོད་མཁན་མང་པོ་མེད་པ་འདྲ། དཔེར་ན། མི་སྒེར་གྱི་ཤེས་རམས་པའི་ཆེད་དེབ་དོན་འགྲུབ་རྒྱལ་གྱི་མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས་ལ་དཔྱད་པ་དང་། ཟླ་བ་བློ་གྲོས་ཀྱི་སྙན་ངག་གི་རང་མདངས་གསར་བ། སངས་རྒྱས་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག ཨ་ལགས་དོར་ཞིའི་སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་དོན་འགྲེལ་ཤེས་བྱའི་གནད་གསལ། འཇུ་སྐལ་བཟང་གི་སྙན་ངག་གི་རྣམ་བཤད། བོད་ཀྱི་ཤེས་རིག་་དཔྱད་རྩོམ་ཕྱོགས་བསྒྲིགས་དེབ་དང་པོ་སོགས་སུ་བཀོད་པའི་སྒྲོལ་མ་ཐར་དང་རེབ་གོང་རྡོ་རྗེ་མཁར། གོ་ཤུལ་གྲགས་པ་འབྱུང་གནས་སོགས་ཀྱི་ཆེད་རྩོམ་ལྟ་བུར་གཟིགས་ན་གསལ་འོང་ངོ་།། ད་དུང་དེབ་གཞན་ཡོད་སྲིད་མོད། ཕྲན་གྱིས་འདི་རུ་ལག་ཐོགས་པ་འགའ་རེ་དྲངས་པ་ཙམ་ཡིན།

  ལོ་རབས་དགུ་བཅུ་བའི་དཀྱུས་ནས་ཉིས་སྟོང་ལྔ་ལོའི་ཡན་དུ་རེ་ཞིག་བོད་ཀྱི་རྩོམ་སྟེགས་སྤྱིའི་ཆ་ནས་བར་མ་དོ་རུ་ལུས་ཤིང་། སྔོན་མའི་ཟུར་ཁ་ཅན་གྱི་སྙན་ངག་པ་རེ་འགའ་མ་གཏོགས་མང་ཆེ་བ་སྨིན་པ་འམ། ཡང་ན་རེ་ཞིག་བཏང་སྙོམས་ཀྱི་ངང་དུ་ཡུར་ནས་ལུགས་སྲོལ་ཀུན་མཐུན་ཅན་གྱི་དུས་དེབ་དག་ཏུ་རྩོམ་ཡིག་འབྲི་བ་བར་མ་ཆད་པ་ཙམ་ལས། སྔོན་མ་ནང་བཞིན་འུར་ཟིང་བཟོ་བའི་ཟུར་ཁ་ཅན་གྱི་རྩོམ་འབྲི་བ་ཤིན་ཏུ་དཀོན་པོ་རུ་གྱུར་ཅིང་། སེར་མོ་བའི་སྡེ་རུ་ཚར་ལོངས་བྱུང་བའི་རབ་བྱུང་རྩོམ་འབྲི་བ་དག་དང་མཚུངས་པར་ཀུན་མཐུན་གྱི་ལས་ལ་རབ་ཏུ་འབྱམས་པའི་བར་བསྐལ་ཞིག་ཏུ་གྱུར། ཡིན་རུང་རྒྱུ་འབྲས་ཀྱི་གོ་རིམ་ལྟར་ན་ལོ་རབས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མའི་རྩོམ་ཡིག་གི་ཆུ་ཚད་དེ་མཐོ་རུ་ཕྱིན་ཡོད་པར་བསམས་ཆོག་ཀྱང་། དམིགས་བསལ་གྱི་སྙན་ངག་པ་ཞིག་དང་སྙན་ངག་ཅིག་གསར་དུ་མ་བསླེབས་པ་འདྲ། སྐབས་དེའི་བརྩམས་ཆོས་ལའང་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ་དཔྱད་གཏམ་སོགས་ཡིན་ཞིང་། སྙན་ངག་དང་སྒྲུང་གཏམ་གྱི་དཔེ་ཚོགས་དང་སྒེར་དེབ་ཀྱང་མང་དུ་འཕེལ་བའི་མཚམས་ཤིག་ཏུ་ངེས། ཟུར་དུ་བཤད་རྒྱུ་ཞིག་ལ་སྐབས་འདིར་བརྩེ་དུང་སྙན་ངག་སྔོན་མའི་སྐབས་དང་བསྡུར་ན་མང་དུ་ཕྱིན་པར་མ་ཟད། རྩོམ་པ་པོའི་ཐད་ནས་ཀྱང་དགོན་སྡེའི་ཁྲོད་ནས་དེང་རབས་རྩོམ་རིག་གླེང་མཁན་དང་འབྲི་མཁན་གྱི་སེར་མོ་བ་མང་པོ་བྱོན་པ་དང་། དེ་ལས་གཞན་གུར་ཀུམ་ཆེན་པོ་དང་གསེར་ཟམ། ལྷ་གཡག་དང་འོད་ལྔའི་གུར་ཁང་སོགས་དགོན་སྡེ་ཁག་ནས་སྒེར་དེབ་ཆེས་མང་པོ་ཞིག་གསར་དུ་ཕུད་དང་ཕུད་བཞིན་པའི་ལོ་རབས་ཤིག་གོ།

  མཚམས་འདིར་འཆད་རྒྱུ་ཞིག་ལ། ངེད་ཅག་བསིལ་ལྡན་ཁ་བ་རི་བའི་ལྗོངས་འདིར་སྔོན་ནས་བཟུང་སྙན་ངག་གཙོས་སྒྱུ་རྩལ་བརྩམས་ཆོས་གང་ལའང་དཔྱོད་པ་བྱེད་མཁན་ཉུང་ཞིང་། རྩོམ་རིག་ལ་མཉམ་ཞིབ་བྱས་པའི་བརྩམས་ཆོས་ཉིན་མོའི་སྐར་མ་ལྟར་དུ་གྱུར་ཡོད་ཙང་། འཕེལ་འགྲིབ་ཀྱི་ཚད་དང་དྲང་ལྡོག་གི་ཚད་གཞི་ལ་གཞུང་ལུགས་རང་བཞིན་ཅན་གྱི་སྣེ་ཤན་པ་ཕར་ཞོག འཆད་སྟེགས་འཛོམས་པོ་ཞིག་ཀྱང་ཤིན་ཏུ་དཀོན་པའི་ཚུལ་དུ་གནས་པ་རེད། དེ་དུས་རྩོམ་རིག་གསར་བར་དགག་རྒྱག་གི་བརྩམས་ཆོས་རེ་འགའ་བྱུང་མོད། དེ་ནི་ཚན་རིག་རང་བཞིན་གྱི་དགག་སྒྲུབ་ཅིག་མ་ཡིན་པར། དུངས་ཞེན་གྱིས་འཇིགས་པ་ཉི་ཚེ་བ་ཞིག་གིས་མེ་དང་དུ་བ་འཚུབ་ཏུ་བཅུག་པ་རེད། གལ་ཏེ་སྐབས་དེ་ནས་བཟུང་རྩོམ་རིག་མཉམ་ཞིབ་གནང་མཁན་གྱི་དཔྱོད་པ་བ་དང་བརྩམས་ཆོས་ཀྱི་དཔུང་སྡེ་ཞིག་ཡོད་པའི་དབང་དུ་བཏང་ན་རང་རེའི་རྩོམ་སྟེགས་འདིའི་འཕེལ་རྒྱས་ཀྱི་འགྲོས་རིམ་གསལ་ཞིང་། རྩོམ་རིག་གསར་བའི་གཞུང་ལུགས་བོད་རང་གི་ཐུན་མིན་གྱི་ཁྱད་ཆོས་འཛོམས་པོ་ཅན་ཞིག་ད་ལྟར་ཆགས་ཐུབ་ཡོད་པར་འདོད། འོན་ཀྱང་སྐབས་འདིར་རྩོམ་རིག་དཔྱད་ཞིབ་གནང་མཁན་དང་དཔྱད་ཞིབ་ཀྱི་བརྩམས་ཆོས་གཏན་ནས་མེད་པའང་མིན་ཏེ། བོད་ནང་དུ་བདུད་ལྷ་རྒྱལ་དང་ཁོང་གི་ཤེས་རམས་པའི་མཐར་ཕྱིན་དཔྱད་རྩོམ་སྙན་ངག་གསར་རྙིང་གཉིས་ཀྱི་ཐོག་མའི་གཤིབ་བསྡུར་དང་། ཕྱི་ལོགས་སུ་པདྨ་འབུམ་དང་ཁོང་གི་མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་ལྟ་བུ་རེ་ཟུང་མཆིས་མོད། མི་རེ་གཉིས་ཤིག་གིས་གློ་བུར་དུ་གྲུབ་འབྲས་ཐོན་པ་ཞིག་ག་ན་ཡིན།

  དེ་ལྟར་ངེད་ཅག་གི་རྩོམ་རིག་འཕེལ་རྒྱས་ཀྱི་ངང་ཚུལ་ནི་རུས་སྦལ་ནུར་འགྲོས་ཀྱིས་ཚུལ་དུ་འོང་བ་མ་ཡིན་པར། ཁྱུང་ཆེན་འཕུར་རྩལ་གྱིས་བསླེབས་ཀྱང་། མཚམས་ཤིག་ལ་རྩོམ་ཡིག་གི་གྲངས་འཕར་ཡང་། རྣོ་དང་ཟུར་རྒུད་པ་ལ་ཕྱོགས་པར་ཉེ་བའི་ཚེ་ན། སླར་ཡང་དཀྲིགས་དྲག་པོ་ཞིག་རྒྱག་མཁན་གྱི་སྡེ་ནི། ཉིས་སྟོང་ལྔ་ལོའི་ཟླ་བ་དྲུག་པའི་ཚེས་སུམ་ཅུར་གསར་དུ་དབུ་ཚུགས་པའི་སྙན་ངག་པའི་སྡེ་མི་རབས་གསུམ་པ་ཡིན་ཞིང་། ཁོ་ཚོའི་ཁ་ཤོམ་དང་། ང་རྒྱལ། འུར་མགོས་སྙན་ངག་གི་སྟེགས་བུ་ཟང་ཟིང་དུ་བཟོས་པ་རེད། སྐབས་འདིར་ཁོ་ཚོ་ན་རེ། ང་ཚོ་ནི་པདྨར་ཆགས་པའི་བུང་བ་དེ་མིན། ང་ཚོ་ནི་མཛེས་མར་སྐེད་པ་ཡོད་མེད་ལ་དཔྱད་མཁན་དེ་མིན། ང་ཚོ་ནི་རྒྱུགས་ཤིག་དང་མཆོངས་ཤིག་ཟེར་མཁན་དེའང་མིན། ང་ཚོ་ནི་མེ་ལོང་མའི་དཔེ་མཚམས་གཅོད་བྱེད་དུ་བཞག་པའི་ཕྱེ་མ་ལེབ་ཤི་བོ་དེའང་མིན། ཞེས་ཁོ་ཚོ་ནི་ཤར་ཕྱོགས་ཀྱི་མེ་ལོང་མ་དང་ལོ་རབས་བརྒྱད་ཅུ་བའི་སྐབས་ཀྱི་དཔལ་དོན་འགྲུབ་རྒྱལ་སོགས་ཀྱི་བསིལ་གྲིབ་ལས་ངལ་གསོ་མཁན་དེ་མ་ཡིན་པར། ནུབ་ཕྱོགས་ཀྱི་མཁའ་མཐའ་ན་འཚེར་བའི་སྐར་མ་འོད་ཆེན་ཁྱུ་ཞིག་ཏུ་དོན་གྱིས་བརླམས་ཏེ། ངའོ་སྙམ་པའི་སྤོབས་པ་ཆེན་པོའི་སྒོ་ནས་འདི་སྐད་ཟེར། ང་ཚོའི་མི་རབས་གསུམ་པ་བ་དག་གིས་ཁ་བ་རི་བའི་རིག་གནས་ཀྱི་ལྗོངས་ཆེན་འདི་ལ་ཧྥི་ལོ་དབྱི་ཏེ་དང་ནེ་ཁྲེ། བྷོ་ཨར་ཤོ་སི། ཆའོ་དབྱི་སི། ཁུ་ལེ་སུ་ཐའོ་ཧྥུ། ཡིག་ནེ་སུ་ཁུའུ། ཧེ་མང་ཝེ། ཡང་ན། ཇེ་ཁུ་ལོ་ལུན་དང་ཀྲའོ་ལིས་ཧ་སོགས་གཙོས་མིང་བརྡ་གསར་བ་རེ་ཡང་རང་ཅག་བོད་མིའི་ཚིག་མཛོད་ཁྲོད་དུ་འཇུག་རྒྱུའི་སྤོབས་སེམས་ཀྱིས་ཁེངས་ཡོད་ལ། འཇུག་རྒྱུའི་སྐྱབས་འཇུག་ཞུ་གིན་ཡོད་དོ།། ཅེས་འུར་ཤུགས་ཆེན་པོ་རྒྱབ་པར་བསྟུན། ཀུན་གྱིས་ཁ་ནས་མི་རབས་གསུམ་པ་ཞེས་མེ་ལྟར་འབར་དུ་བཅུག་ཅིང་། ཁོ་ཚོའི་ཚོགས་མི་སུ་ཞིག་ག་བར་ཡོད་ན་ཀུན་ལ་སྣང་བར་བྱས་པ་རེད། མཚམས་འདིར་ཀུན་གྱི་ཁ་ན་གླེང་ཕྱོགས་གཉིས་རེ་ཡོད་པའི་སྙན་ངག་པ་ཟུར་ཁ་ཅན་དག་ནི་སྐྱབས་ཆེན་བདེ་གྲོལ་དང་རེ་རྐང་གླིང་། མདའ་བཙན་པོ་གསུམ་གཙོ་བོ་ཡིན་ཞིང་། དེ་མིན་འབྲོང་ཕྲུག་ལྷ་ཆེན་རྒྱལ། མཚོ་བུ་དགའ་བདེ། རྨོག་རུ་ཤེས་རབ་རྡོ་རྗེ། ལྡོང་བུ། ངལ་རྫི། མར་ཁུ་རྒྱལ་མཚན། ཁུ་བྱུག་སྔོན་མོ། གུ་རུ་དོན་གྲུབ། ས་དཀྱིལ་ཚེ་བཀྲ། བྱང་སྒྲ་སྙན། ཐོ་རེངས་སོགས་མི་རབས་གསུམ་པའི་ཚོགས་མི་གང་ཡིན་ན་འང་སྙན་ངག་གི་ཆེད་དེབ་དང་དུས་དེབ་སོ་སོར་རྩོམ་ཡིག་འབྲི་མཁན་གྱི་རྐང་འཛིན་པ་ཉམས་མི་དམའ་བ་ཏག་ཏག་ཡིན་འདུག བོད་རང་གི་རྩོམ་སྟེགས་ཁོ་ནར་བལྟས་ཏེ་བཤད་ན། ཁོ་ཚོའི་གྲས་སུ་སྐུ་ཞབས་ལྗང་བུའི་གྲིབ་མར་འགྲོགས་མཁན་ཡོད་ལ། སྐུ་ཞབས་འཇུ་སྐལ་བཟང་གི་བཞེས་ལག་མཆོད་མཁན་ཡང་ཡོད། རྩ་བའི་ཆ་ནས་ཁོ་ཚོས་བློ་དང་སྤོབས་པའི་སྟོབས་ལ་བརྟེན་ནས་ཕ་མས་རང་ལ་གནང་བའི་མགོ་བོ་མཐོན་པོ་དེ་གཞན་གྱི་རྐང་འོག་ཏུ་འཇུག་རྒྱུ་མིན་པའི་ཆོད་སེམས་ཤུགས་ཆེན་བཅངས་ཏེ། དྲ་ལམ་དང་ཚོགས་འདུ་ཆེ་ཆུང་། མདོར་ན་ཇ་ཁ་ཆང་ཁ་ནས་ཀྱང་ཁ་ཤོམ་ཆེ་རུ་བཏང་ནས་སྙན་ངག་གྱེར་བ་དང་སྙན་ངག་བཤད་དེ་འགྲོ་འཆག་ཉལ་འདུག་གི་དུས་ཚོད་འདའ་བར་བརྩོན་པ་ནི་མི་རབས་གསུམ་པའི་ཐོག་མའི་དམིགས་ཡུལ་ལའང་མཐུན་གྱིན་ཡོད་པ་འདྲ། སྐུ་ཞབས་སྐྱབས་ཆེན་གྱི་དྲིས་ལན་ཞིག་ཏུ། དེ་ལྟར་བྱེད་དོན་ནི་སྐབས་དེའི་འདུ་ཚོགས་སུ་གསལ་བ་ལྟར་དེ་སྔའི་སྙན་ངག་རྩོམ་ཐབས་མི་འདྲ་བ་གསུམ་སྟེ་མེ་ལོང་མའི་ལུགས་དང༌། དོན་གྲུབ་རྒྱལ་རང་གྲོལ་གྱི་ལུགས། འཇུ་སྐལ་བཟང་གི་ལུགས་བཅས་དང་གྱེས་ཕྱག་འཚལ་བ་དང་མི་རབས་གསུམ་པའི་བརྩམས་ཆོས་དེ་ཡིག་ཐོག་ཁོ་ན་ཙམ་མིན་པར་སྒྲོག་ཀློག་དང་བགྲོ་གླེང་གི་རྣམ་པས་མངོན་དུ་འཇུག་པ། སྙན་ངག་པ་གྲོགས་པོ་དག་མཉམ་དུ་འདུས་ཏེ་སྙན་ངག་དང་འབྲེལ་བའི་ཇ་སྟོན་དང་ཆང་སྟོན་སོགས་ལ་རོལ་ཕྱིར་ཡིན་སྙམ།

  ཞེས་གསལ་བཤད་བྱས་འདུག མི་རབས་གསུམ་པར་མི་ཁ་གཞན་ཞིག་འཁོར་བ་ནི་སྤྱོད་པའི་ཐད་ནས་ཡིན་ཞིང་། ཀུན་གྱིས་མི་རབས་གསུམ་པའི་ཚོགས་མི་རེ་འགའ་ཆང་གིས་བཟི་བ་ལ་བསྟུན་ནས་བྱ་སྤྱོད་ཛོ་རོ་རེ་ཕུད་པའི་བྱེ་བྲག་གི་སྣང་ཚུལ་ཙམ་ཚོགས་པའི་ལྟ་བ་རེད་ཅེས་མགོར་བཀལ་བར་མ་ཟད། དེ་དང་འབྲེལ་བ་མེད་པའི་བྱ་སྤྱོད་རེ་འགའ་ཡང་ཁོ་ཚོའི་སྟེང་དུ་ལྷན་ཏེ། ཐབས་གང་ཡོད་ཀྱིས་མི་རབས་གསུམ་པ་བྱུར་ཉེས་ཤིག་གི་སྣ་འདྲེན་དུ་མིང་གདག་རྒྱུར་འབད་པ་ལས། མི་རབས་གསུམ་པའི་རྩོམ་རིག་ལ་དཔྱད་པ་གཏོང་མཁན་མེད་པའི་ཚུལ་ནི། དྲིས་ལན་ཞིག་ཏུ་ མི་རབས་གསུམ་པ་བོད་ཀྱི་རྩོམ་སྟེགས་སུ་བུད་མ་ཐག་མི་མང་པོ་ཞིག་གིས་ཡིན་མིན་གྱི་གཏམ་མང་པོ་ཞིག་ལབ་ཅིང་། ལྷག་པར་དུ་མི་རབས་གསུམ་པའི་ཁྱད་ཆོས་ནི་གཅེར་བུར་བུད་པ་ལྟ་བུར་ངོས་བཟུང་སྟེ་དེའི་གྲས་སུ་ཡོད་པ་ནི་ངོ་ཚ་དགོས་པའི་དོན་ཞིག་ཏུ་བརྩིས་ལ་དེའི་གྲས་སུ་ཞུགས་ཚེ་༼མི་ཁ༽འང་འཁོར་མྱོང་། དེ་འདྲའི་གླེང་གཞི་ནི་ཀློག་མཁན་རྣམས་མ་ཟད་ས་ཆ་ག་གེ་སོགས་སུ་ཡོད་པའི་བོད་ཀྱི༼ཤེས་ཡོན་པ༽དག་གིས་བཟོས་པ་རེད། ཡིན་ནའང་ལྡོག་ཕྱོགས་ཀྱི་གླེང་གཞི་དེའི་ཞོར་དུ་མི་རབས་གསུམ་པས་བོད་ཀྱི་རྩོམ་སྟེགས་སུ་རིགས་དང་རྣམ་པ་མི་འདྲ་བའི་སྙན་ངག་འབོར་ཆེན་ཞིག་བསྐྱལ་ཡོང་ལ་རྗོད་སྟངས་དང་མཚོན་ཐབས་མི་འདྲ་བའི་སྙན་ངག་གི་འཇིག་རྟེན་ཞིག་ཀྱང་བཞེངས་ཡོད་པར་སྙམ། གསལ་པོར་བཤད་ན་འདུ་འཛོམས་ཀྱི་དུས་སུ་ཨ་རག་གིས་བད་དེ་འུར་རྒྱག་པ་ནི་མི་རབས་གསུམ་པ་ཚོར་མཚོན་ན་སྒེར་ངོས་ཀྱི་དོན་ཞིག་ཡིན་ལ་དེ་ནི་མགྲོན་ཁང་དང་ཟ་ཁང་གི་ནང་ལས་འདས་མེད། དེ་འདྲའི་དོན་ནི་མི་མང་པོ་འདུ་འཛོམས་བྱ་ས་གང་དུའང་མཐོང་རྒྱུ་ཡོད་པས་ཧ་ལས་དགོས་པ་ཞིག་མིན། ཧ་ལས་དགོས་པ་ནི་མི་རབས་གསུམ་པའི་མཛེས་པར་དཔྱོད་པའི་བློ་གསར་བ་དེ་ཡིན་ཞིང་དེ་ནི་བོད་ཀྱི་རྩོམ་རིག་གི་སྐྱེད་ཚལ་ལ་མཚོན་ན་སྔོན་ཆད་ཀྱི་པད་མ་དེ་མིན་པའི་ཁ་དོག་སྣ་ཚོགས་སུ་ངེས་པའི་རྒྱ་སེ་ཆུན་པོ་དེ་རེད།

  ཅེས་སྐབས་དེར་མི་རབས་གསུམ་པར་རྒྱབ་སྐྱོར་བྱེད་མཁན་ཤིན་ཏུ་ཉུང་བར་མ་ཟད། མི་རབས་གསུམ་པར་ཞེ་ནས་སྡང་མཁན་སྐྱ་སེར་མཐོ་དམའ་གང་ན་ཡང་མང་པོ་ཡིན་པ་ང་ཚོས་ཤེས་ཐུབ། ཡིན་རུང་མི་རབས་གསུམ་པ་སྒྱུ་རྩལ་ལ་དད་མོས་ཤུགས་དྲགས་པས། ད་ལྟའི་བར་དུ་འཚོ་ཐུབ་པའི་ཚུལ་ནི། ཁོ་ཚོ་ན་རེ། མི་རབས་གསུམ་པ་ལྕགས་ཡིན། ལྕགས་ལ་བགོས་པའི་བཙའ་མིན་ཞེས་པ་ལྟར། ལོ་ངོ་འདི་དག་གི་རིང་ལ་སྙན་ངག་གིས་གཙོས་བོད་ཀྱི་རྩོམ་སྟེགས་ཀྱི་ཆ་ཤས་མང་པོ་ཞིག་ཁོ་ཚོས་འཛིན་ཐུབ་པ་བྱུང་ཡོད། དེ་ལས་གཞན་སྙན་ངག་པ་དང་རྩོམ་འབྲི་བ་རེ་འགས་ཁོ་ཚོར་ཟུར་ཟའི་ཚུལ་དུ་དྲི་བ་འདྲི་དོན། ཁྱོད་ཚོ་མི་རབས་གསུམ་པས། རྗེ་ཙོང་ཁ་པས་བརྗོད་ཡོད་པ་ནོར་འདུག་སྟེ། རྒྱུ་མཚན་ནི་བྷོ་ཏི་ལེར་གྱིས་དེ་སྐད་གསུང་གི་མེད་ཅེས་ཟེར་གྱིན་འདུག ཅེས་དང་། ཡང་། མི་རབས་གསུམ་པ་ནི་བོད་ཡིག་ལ་དོ་སྣང་མེད་མཁན་ཞིག་ཏུ་འདུག་པས། སྐབས་རྗེས་མའི་ཚོགས་འདུ་བསྡུ་དུས་ཕལ་ཆེར་ཚང་མས་རྒྱ་སྐད་འཆད་རྒྱུ་རེད། ཅེས་གདོང་ལ་གདོང་ཕྱོགས་ནས་རྩོད་པ་བྱེད་མཁན་གྱི་ཕྱོགས་ཤིག་དང་། མི་རབས་གསུམ་པ་ནི་བོད་ཀྱི་རྩོམ་སྟེགས་ཀྱི་རེ་བ་གསར་བ་ཞིག་ཏུ་ངོས་འཛིན་ཞུ་མཁན་གྱི་ཕྱོགས་ཤིག་ཀྱང་བྱུང་ཡོད།

  བོད་ཀྱི་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་ལགས་ཀྱིས་འདི་སྐད། མེ་རླབས་ཀྱི་དབལ་ཚ་བོ་ཡོད་ལ།ཆུ་མིག་གི་རྦབ་དྭངས་མོ་ཡོད་པ།གཉུག་གཤིས་ཀྱི་བག་དྲོན་མོ་ཡོད་ལ།ནང་གནས་ཀྱི་མཚང་དམར་མོ་ཡོད་པའི་སྙན་ངག་གི་མི་རབས་ཤིག་བསྟོད་བསྔགས་ཀྱི་མཐེ་བོང་དང་སྡིགས་དམོད་ཀྱི་མཆིལ་ཞགས་བར་ནས་ཞུམ་མེད་ཀྱིས་སླེབས་བྱུང་།ཡུན་རིང་གི་ཐེ་ཚོམ་དང་སྐྱོ་ཡུས།སྲོལ་རྒྱུན་གྱི་སྒྲོག་རྩ་དང་འཕག་འཚགཕྱོགས་མེད་ཀྱི་འོ་དོད་དང་འཁང་རའི་ཁྲོད་དུ་གནས་པའི་བོད་ཀྱི་རྩོམ་སྟེགས་སུ་སླེབས་བྱུང་།རང་གཤིས་ཀྱི་རི་མོ་བཀྲག་ཏུ་འཚེར་ཞིང་སྒྱུ་རྩལ་གྱི་ཁ་དོག་ཁྲག་ལ་བྲིས་པའི་དར་ཆ་ཞིག་གཞོན་ནུ་ཕོ་མོ་མང་པོ་ཞིག་གིས་འཁུར་ཏེ།ཨ་ཐང་ཆད་ཆད་དུ་བོད་པའི་རིག་གནས་ཀྱི་ལམ་ཁ་འདི་རུ་མངོན་བྱུང་།རྩོམ་རིག་ནི་ཕྱི་ཤུན་ལྗང་གུས་གཡོགས་ཤིང་ནང་སེམས་དམར་བོ་ཡིན་པའི་ཆུ་ཀུབ་ཅིག་ཡིན་པའི་དབང་དུ་བཏང་ན།ནང་བཅུད་མངར་གྱིས་བཟུང་ཞིང་འཚོ་བའི་ཞིང་ས་རུ་ཁྲ་སྤུངས་སེར་འབྲས་བུ་ཤུགས་ཀྱིས་སྐྲུན་མཁན་གྱི་ཀུབ་འབྲུ་ནག་པོ་དེ་མི་རབས་འདིའི་སྙིང་སྟོབས་རེད་ལ།རང་བྱུང་དང་ཐད་ཚོར།གཉུག་གཤིས་ཀྱིས་ཟིན་པའི་བརྩམས་ཆོས་དག་ནི་སེམས་ལྗོངས་དམར་མོའི་ཀློང་ནའང་ནག་རུག་གེར་འཐོར་བའི་ཀུབ་འབྲུ་འདི་དག་གི་ཞིམ་ཤ་ཅི་ལ་མིན།མི་རབས་གསུམ་པ་ཞེས་པའི་ཚོགས་པ་འདི་བྱུང་བ་ནས་རྩོམ་སྟེགས་འདིར་གསོན་ཤུགས་སྔ་ན་མེད་པའི་ལང་ཚོ་ཞིག་དང་འཁྱོག་བཟོ་རྩད་ནས་སྐམ་པའི་མེ་ཤུགས་ཤིགཟོལ་བཅོས་གཏིང་ནས་འབྱིན་པའི་མཁའ་དབུགས་ཤིག་ངང་ངམ་ཤུགས་ཀྱིས་གྲུབ་ཅིང་།དེ་དག་གིས་དབང་ཤེད་དང་རྒྱུ་ནོར་གྱི་ངོ་བསྲུང་མི་བྱེད་ལ།རྒན་ཉམས་དང་མཁས་ཚུགས་ཀྱི་སྤྲེལ་ལད་མི་འཁྲབ་པར་བདེན་ལུགས་ཀྱི་ནམ་མཁའ་སྟུག་པོ་དེ་ཤེད་ཀྱིས་དབྲལ་ཞིང་དུངས་ཚོར་གྱི་རླུང་བུ་མཉེན་མོ་དེ་ཡུན་གྱིས་སྤུར་ཀྱིན་ཡོད། ཅེས་དང་།

  བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ན་གཞོན་སྙན་ངག་པ་ན་རོ་ལགས་ཀྱིས།བོད་ཀྱི་སྙན་ངག་གི་མི་རབས་གསུམ་པ་ཞེས་བྱུང་བ་དེའང་།དུས་ཀྱི་འཕོ་འགྱུར་དང་།སྤྱི་ཚོགས་ཀྱི་སེམས་ཁམས་དང་།རིག་གནས་ཀྱི་སེམས་ཁམས་སོགས་ཀྱི་འགལ་འབྲེལ་གྱི་དབང་གིས་བྱུང་བ་ཞིག་ལས།དེ་ནི་མི་ག་གེ་མོ་ཞིག་གི་བྱ་བྱེད་ཀྱིས་གྲུབ་པ་ཞིག་ག་ལ་ཡིན་ཏེ།གལ་ཏེ།ཕྱི་ནང་གི་རྒྱུ་རྐྱེན་འདུས་པ་ལས་བྱུང་བ་མ་རེད་ཟེར་ན།སྙན་ངག་གི་མི་རབས་གསུམ་པའི་སྙན་ངག་དག་ནི་ལུང་བ་གཅིག་གི་ཆུ་བཞིན་སྣང་བ་དེ་ཅི་ཡིན།རྩ་འཛུགས་ཀྱིས་ཚོགས་པའི་བླང་བྱ་དང་སྤྱི་ཚོགས་ལ་འགན་ལེན་པ་སོགས་ལས་མི་བུ་སོ་སོའི་འཆར་སྣང་གི་མཚར་ལུགས་དེ་ལ་ཚད་ཇི་ལྟར་གཞལ་ཨང་།དེ་བས།མ་གྲོས་གཅིག་ཏུ་མཐུན་པའི་སྙན་ངག་གི་ཚོགས་པ་འདིའི་ཕུགས་ན་མངོན་པ་ནི།སྤྱི་ཚོགས་ཀྱི་སྣང་བརྙན་དང་།རིག་གནས་ཀྱི་སེམས་ཁམས།མི་གཤིས་ཀྱི་གསང་བ་སོགས་རྙོག་ཅིང་འཛིང་བ་དག་འཆར་བའི་སྙན་ངག་གི་ཁམས་དེ་མ་ཡིན་ནམ།དེ་བས།ཁོ་ཚོའང་ཁེར་རྐྱང་གི་ཚོགས་པ་རང་ག་བ་ཞིག་གང་ནས་ཡིན།

  ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་ན་གཞོན་རྩོམ་པ་པོ་སྒྲེན་པོ་ལགས་ཀྱིས། བོད་ཀྱི་རྩོམ་རིག་ཉིད་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་གྲག་མེད་སོ་ན་གནས་སྐབས་མི་རབས་གསུམ་པ་ཞེས་པའི་ཚོགས་པ་ཞིག་གིས་རང་རེའི་རྩོམ་སྟེགས་སུ་རྩོམ་རིག་གི་དར་ཆ་ཆེན་པོ་ཞིག་འཕྱར་ནས་ལམ་ལ་ཆས་པ་རེད།ན་གཞོན་ལ་གདན་ཐོབ་མེད་ཁར་གཞོན་ནུའི་མཚར་སྣང་གཞོམ་རྒྱུ་ནི་འུ་ཚོའི་སྲོལ་རྒྱུན་ཞིག་ཡིན་ལ།སྲོལ་རྒྱུན་དེས་གཞོན་ནུ་ཚོའི་ཚོར་བའི་འཇུ་ཐག་དུམ་སེར་གཅོད་ཅིང་བསམ་བློའི་གཤོག་རྩ་རྨང་ནས་འབྲེག་ལ་མཁས་ནའང་།གོར་མོ་རྡོ་ལས་གྲུབ་པའི་སྲ་མཁྲེགས་ཀྱི་འདུ་ཤེས་དེས་གཞོན་ནུ་ཚོའི་མཚར་སྣང་འགོག་ག་ལ་ཐུབ།གཞོན་པའི་སྣང་བ་མེ་ལས་དབལ་ཚ་ཞིང་བློ་རིག་སྐྱེན་པོ་གློག་ལས་མྱུར་བའི་བསྟན་བཤིག་གི་སྡེ་དེས་རྩོམ་རིག་གི་དད་འདུན་དང་སྒྱུ་རྩལ་གྱི་བསླུ་བྲིད་ལྡོག་མ་ནུས་པར་སྲོལ་རྒྱུན་གྱི་ལམ་བུ་མཁྲེགས་པོ་གཞོན་ནུའི་ངར་ཤུགས་ཀྱིས་ཕྱི་བརྟོལ་ནང་བརྟོལ་བྱས་ནས་བོད་ཀྱི་རྩོམ་སྟེགས་སུ་ཐོན་པ་རེད།

  གང་ལྟར་ཁོ་ཚོས་ད་ལྟའི་བར་དུ་བོད་ཡིག་གི་ལམ་ཁོ་ནར་བརྟེན་ནས་སྙན་ངག་དང་སྒྲུང་གཏམ་ལྷུག་རྩོམ་གཙོས་རྩོམ་ཡིག་ཁ་གྲངས་ལོངས་པ་ཞིག་བྲིས་པ་ནི་མངོན་སུམ་མོ།།

  མི་རབས་གསུམ་པ་རང་གིས་ངོས་འཛིན་ལྟར་བྱས་ན། མི་རབས་དང་པོ་དོན་འགྲུབ་རྒྱལ་སོགས་དང་མི་རབས་གཉིས་པ་འཇུ་སྐལ་བཟང་སོགས་ཀྱི་རྩོམ་ཡིག་གི་ལེགས་ཆའི་སྟེང་། རྩོམ་ཡིག་གསར་བ་ཞིག་ལ་རེ་ཞིང་སྙེག་གིན་ཡོད་པའི་རྒྱུན་བསྐྱང་རྒྱུ་ནི་རང་ཤུགས་ཀྱིས་ཡོད། ཅེས་རྩོམ་ཡིག་ལ་གློ་བ་ཉེ་བ་དང་ལྷག་དོན་དུ་སྒྱུ་རྩལ་རྩོམ་ཡིག་འབྲི་བར་གློ་བ་ཉེ་བའི་སྐད་ཆ་བཤད་པར་མ་ཟད། དོན་དུ་རྩོམ་ཡིག་གི་ཁྲོད་དུ་ཡུགས་ས་མ་དང་། རོ་སྒམ། འདྲེ་ཤིག སྨད་ཚོང་མ། ལུད་པ་དང་སྡིག་སྲིན་སོགས་ཁྲག་མདོག་ལྡན་པའི་ཐ་སྙད་དག་སྐྱུག་གིན་ཡོད་ལ། མི་གཙང་འདམ་མྱགས་ལྟ་བུའི་ཐ་སྙད་དག་གི་གསེབ་ནས། བདེ་བ་ཅན་དང་མ་ཡུམ། ནམ་མཁའ་སོགས་ཀྱང་མཐོང་གིན་ཡོད་ཅེས་སྔོན་མའི་བོད་པའི་སྙན་ངག་གི་ཁྲོད་དུ་ཐོན་མི་ཐུབ་ཅིང་། ཐོན་ན་བརྙས་པར་བྱེད་པའི་ཡིད་བརྙན་དང་མཚོན་དོན་མང་པོ་སྤེལ་བ་ནི་མི་རབས་གསུམ་པའི་སྙན་ངག་གི་ཐུན་མིན་གྱི་ཆ་ཞིག་ཡིན་ལ། མི་གཙང་བ་ཡང་གཙང་བར་སྣང་བའི་ནང་སེམས་ཀྱི་རོ་སྙོམས་ཀྱི་རྟོག་པ་ཞིག་གི་ཚད་ཀྱང་རེད་འདོད། ད་དུང་ཁོ་ཚོས་ཚོར་བ་སྐྱེན་པའི་སྒོ་ནས། ཨར་འདམ་གྱི་ཐང་ཆེན་པོ་འདི་བརྒལ་མ་ཐུབ་ཚེ་ཁྱོད་ཀྱི་ཁ་ངོར་བལྟས་ནས་ཐག་རིང་གི་གངས་རི་དང་སྦྲ་ནག་གི་སྐོར་ཨུ་ཚུགས་ཀྱིས་གླེང་བར་མི་བྱེད་དོ། ། འཚོ་བ་རོལ་སའི་ས་ལག་མཐིལ་ཙམ་ཡང་མེད་པར་གྱུར་ཚེ། ངས་ཁྱོད་ཀྱིས་གཅེས་པར་བསྐྱངས་པའི་མེ་ཏོག་ལྡུམ་ར་དེ་རྩ་བ་ནས་མེད་པར་བཟོ་འང་སྲིད་ཅེས་སྒེར་གཤིས་ཅན་གྱི་ངོ་བོ་གསལ་བའི་གཏམ་བཤད་སྤེལ་བར་མ་ཟད། གཏོར་བརླགས་ཀྱི་ཡོན་ཏན་དང་ཉེས་དམིགས་ཞེས་པའི་བསྒྲགས་གཏམ་སྤེལ་ཅིང་། རླབས་ཆེན་གྱི་བྱ་བ་སྒྲུབ་དུས་ནོར་འཁྲུལ་དེ་ཡང་རླབས་ཆེན་ཡིན་པའི་ངོ་ལོག་གི་འུར་ཟིང་དགུང་ལ་སྤུར་ནས། བོད་པའི་རྩོམ་སྟེགས་སུ་སྔར་ན་མེད་པའི་གསར་འགྱུར་གྱིས་ཁྱབ་པར་བྱས། ལག་ལེན་གྱི་ཁྲོད་དུ་འང་སྐྱབས་ཆེན་གྱི་འཇིག་ཉེན་གྱི་ཚོར་བ་ཐོག་མ། རེ་རྐང་གླིང་གི་སྨད་ཚོང་མ་སངས་རྒྱས་སྒྲོལ་མ། ངལ་རྫིའི་མདོ་ཁམས་སོགས་ཀྱིས་མི་རབས་གསུམ་པའི་རྩོམ་རིག་གི་རྨང་བཏང་བ་ནས། རྩོམ་ཡིག་ཁ་དོག་མི་འདྲ་བ་ཅན་མང་པོ་བརྩམས་ཏེ་གླུ་བརྒྱ་གདངས་གཅིག་གི་རྩོམ་འགྲོས་ལས་མ་གྲོལ་བ་གྲོལ་བར་བྱས་པའི་སྣང་ཚུལ་མངོན་པ་རེད། མི་རབས་གསུམ་པའི་རྩོམ་ཡིག་འདི་དག་གི་འབྲི་ལུགས་དང་སྙིང་སྟོབས་ཀྱི་ཆ་ནས་གཞིགས་ན། ཁོ་ཚོའི་སྐད་ཆའི་ཁྲོད་ན་སྲོལ་རྒྱུན་གྱི་ལྭ་བ་ཕུད་ཚད་ཟེར་བ་ཞིག་འབྱུང་བ་དེའང་ཕལ་ཆེར་དོན་དངོས་རེད་སྙམ་པ་སྐྱེས་སོ།།

  དེ་ལྟར་མི་རབས་གསུམ་པའི་སྙན་ངག་གི་མཚོན་ཐབས་མང་པོ་ཞིག་ཕྱི་གླིང་བའི་རྗེས་སུ་ཅུང་འབྲང་ཐལ་ཆེ་བས་སམ། བོད་པ་རང་ལ་སྒྱུ་རྩལ་གྱི་བློ་མིག་མེད་པས་ལན་ནམ། གང་ལྟར་ཀློག་པ་པོ་དང་རྩོམ་པོའི་བར་ཐག་རིང་དུ་སོང་ཞིང་། ཀློག་པ་པོས་མི་རབས་གསུམ་པའི་སྙན་ངག་གོ་ཡི་མི་འདུག་དང་། མི་རབས་གསུམ་པའི་སྙན་ངག་སྙན་ངག་མ་རེད་ཅེས་པ་འམ། ཡང་ན་མི་རབས་གསུམ་པའི་སྙན་ངག་ལ་བོད་དྲི་མི་འདུག་ཟེར་བ་སོགས་སྦྲང་ཚང་གི་ཁ་ཕྱེ་བ་ལྟ་བུའི་བཤད་ལུགས་མང་པོ་བསླེབས་པ་དང་དུས་མཉམ་དུ། རྩོམ་ཡིག་དང་མ་འབྲེལ་བའི་དོན་གཞན་ཞིག་ཞར་ནས་བསླེབས་པ་ནི། མི་རབས་གསུམ་པའི་འགྲོ་འཆག་ཉལ་འདུག་གི་སྒང་ནས་མི་རབས་གསུམ་པའི་སྟེང་ལ་བཤད་པ་མང་པོ་བརྒྱབ་སྟེ། མི་རབས་གསུམ་པ་ནི་སྲོལ་རྒྱུན་རིག་གནས་ལ་དགག་པ་རྒྱག་མཁན་རེད་ཅེས་དང་། མི་རབས་གསུམ་པ་ནི་སྟོན་པ་བཅོམ་ལྡན་འདས་ཁས་མི་ལེན་མཁན་རེད། མི་རབས་གསུམ་པ་ནི་ལུས་གཅེར་རྗེན་དུ་བུད་དེ་བོད་མིའི་འཛེམ་སྲོལ་ལ་ངོ་ལོག་བྱེད་མཁན་རེད་ཟེར་བ་སོགས་འབྲེལ་དང་མ་འབྲེལ་གོ་དང་མ་གོ་བའི་མཚམས་ནས་མི་རབས་གསུམ་པར་ངོ་རྒོལ་མང་པོ་བྱས་པའི་ཁར། རེ་འགས་མི་རབས་གསུམ་པའི་ཡིག་ནོར་དང་བརྡ་ནོར་རེ་འགའ་ས་བཙལ་རྡོ་བཙལ་བྱས་ཏེ་ངག་སྒྲོས་མང་པོ་སྤེལ་བའི་ཁར། བོད་ཀྱི་བསམ་བློ་བའི་སྡེ་ནས་སྐུ་ཞབས་མེ་ལྕེ་སོགས་ཀྱིས་ཀྱང་མི་རབས་གསུམ་པ་ནི་སྤྱི་ཚོགས་ཀྱི་འགན་འཁྲི་ཐེད་ལ་བོར་བའི་བར་སྣང་གི་ཕོ་བྲང་ལས་མཁན་རེད་ཅེས་དགག་ཡིག་སྤེལ་བའི་གནས་ཚུལ་སོགས་སྐབས་ཤིག་ལ་ཚ་ཚ་འུར་འུར་གྱི་རྣམ་པས་དྲ་ངོས་དག་གཡོ་བར་བྱེད་པའི་རླབས་རྒྱུན་འཕྱུར།

  གཞན་མི་རབས་གསུམ་པས་འདུ་ཚོགས་སྒྲུབ་པ་དང་བསྒྲགས་གཏམ་སོགས་སྤེལ་ནས་ཧམ་སེམས་ཤིན་ཏུ་མཐོན་པོ་བཅངས་ཚུལ་ནི། ཁོ་ཚོའི་བསྒྲགས་གཏམ་ཞིག་ལས། མི་རབས་འདི་མགོ་ཚུགས་ཚུན་གྱི་ཕྱི་རོལ་ནས་འཇུ་སྐལ་བཟང་གི་རྩོམ་རིག་གི་ནུ་མ་བསྐམས་སོང་ཞེས་པའི་ཐ་ཚིག་བསྒྲགས་པ་ནས་བཟུང་སྟེ་ང་ཚོས་ཀྱང་ཡུན་རིང་སེམས་སུ་ཉར་བའི་ལྗང་བུའི་ཨེ་ཤ་ཡའི་སྤྱི་གཙུག་གི་འོད་ཟེར་དེ་ཡང་ཕྱི་རྒྱལ་བ་དེ་དག་གི་གོ་སྦྱོར་ལྟར་གནའ་བོའི་རྒྱ་གར་གྱི་ནང་བའི་ཆོས་ལུགས་སྲོལ་འབྱེད་པ་ཤཀྱཱ་ཐུབ་པ་ལྟ་བུ་ཞིག་མ་ཡིན་ནམ་སྙམ་པའི་ཐེ་ཚོམ་སྐྱེས་ཡོང་ལ། དེ་ལྟ་བུ་ཞིག་ཏུ་འཕྲོས་སུ་འཇུག་རྒྱུའི་ཧམ་སེམས་ཀྱང་བཅངས་ཡོད། ཅེས་པའི་ཚིག་འདིར་མཉམ་ཞིབ་བྱས་འོང་ན་གུས་པོ་ནོར་མེད་ཚེ་སྲོལ་རྒྱུན་སྙན་ངག་དང་དེང་རབས་སྙན་ངག་གི་ཚིག་ངོས་རྐྱང་བ་ཞིག་གི་འགལ་འདུ་གླེང་བ་མ་ཡིན་པར། བོད་མིའི་འདུ་ཤེས་ཀྱི་རྔམ་མཐུག་ས་ནས་གཏོར་བརླགས་ཀྱི་ཇུས་ཆེན་གྱི་སྒོ་ཞིག་དབྱེ་རྒྱུར་རྔམ་པ་འདྲ། འོན་ཀྱང་གཏོར་བརླགས་ནི་གཏོར་བརླགས་ཁོ་ནས་ཆེད་དུ་ཐོན་རྒྱུ་ཞིག་མ་ཡིན་པར་དུས་རབས་ཀྱི་སྲོག་གི་དབང་བོར་ཡར་རྒྱས་ཀྱི་འཕར་རྩ་སྣོན་པའི་སླད་དུ་བྱུང་བ་ཞིག་རེད། མི་རབས་གསུམ་པའི་འདུ་ཚོགས་རེའི་སྟེང་ནས་ཁོ་ཚོའི་ནང་ཁུལ་ལ་ཚབ་མཚོན་སྙན་ངག་པའི་བྱ་དགའ་ཕུལ་བ་དང་། གཟའ་ཉི་མ་ནག་པོ་སོགས་མི་སྒེར་གྱི་རྩོམ་ཡིག་ལ་དཔྱད་འཇོག་སྤེལ་བའི་འདུ་ཚོགས་བསྒྲུབས་པ། ཚོགས་པ་ཐུན་མོང་གིས་ལོ་དེབ་དང་ཚགས་དེབ་གཉེར་བ་སོགས་རྩོམ་རིག་གི་ཞིང་སར་རྒྱ་སེ་མེ་ཏོག་ཆུན་པོ་རེ་འབུལ་བཞིན་པའི་ཁར། ལྗང་བུས་མཐོང་བའི་ཨེ་ཤ་ཡའི་སྤྱི་གཙུག་གི་འོད་ཟེར་དེ་ཡང་ཕྱོགས་སུ་སྤེལ་པའི་སླད་དུ། ནུབ་གླིང་གི་གྲགས་པ་ཅན་གྱི་རྩོམ་ཡིག་མང་པོ་བོད་ཀྱི་རྩོམ་རིག་གི་ཞིང་སར་དྲངས་པ་རེད། དཔེར་ན། ལྡོང་བུས་དབྱིན་ཇི་བ་ཨེ་ལོའི་ཐྲིའི་སྙན་ངག་གྲགས་པ་ཅན། མྱ་ངམ་ཐང་བོད་འགྱུར་བྱས་པ་དང་། མདའ་བཙན་པོས་སྙན་ངག་དེ་བསྐྱར་དུ་བསྒྱུར། མར་ཁུ་རྒྱལ་མཚན་གྱིས་བྷོ་ཏི་ལེར་གྱི་སྙན་ངག་མང་པོ་བསྒྱུར་བ་དང་། ད་དུང་ལྡོང་བུ་ལགས་ཀྱིས་མའོ་ཞི་ཁོའི་སྙན་ངག་པ་ཕ་སིའི་རྡོ་ཉི་མ་ཞེས་པའི་རྩོམ་སྐད་གྲགས་ཅན་དེ་བསྒྱུར་གནང་མཛད་པ་སོགས་ནུབ་གླིང་བའི་རྩོམ་ཡིག་སྣ་ཚོགས་ཚུར་བསྒྱུར་བའི་ལས་ཀ་འཇོན་པོ་མང་དུ་བྱས།།

  ཁོ་ཚོས་ང་ཚོའི་མི་རབས་འདིས་སྒྱུ་སྩལ་གྱི་འཚོལ་སྙེག་དེ་ཧམ་སེམས་ཅན་ཞིག་ཡིན་པའི་ངོས་ནས་ང་ཚོ་ཡང་མི་རབས་གོང་མ་རྣམས་དང་ཡང་འདྲ་བར་བྷོ་ཏི་ལེར་གྱི་མཚོན་རྟགས་དང་མ་ཡ་ཁོ་ཧྥུ་སི་ཅིས་རང་ངོས་ཀྱི་བསམ་བཀོད་དག་ལ་གོང་བཀུར་སྒོས་ལེགས་སོ་འབུལ་བ་ལྟ་བུ་ཞིག་ཏུ་འབྲི་མཁན་དང་ལྟ་མཁན་ཡང་མང་མོད། དེ་ནི་ལྷ་ཡི་སྣང་ངོར་བདུད་རྩི་དང་། ཡི་དྭགས་ཀྱི་སྣང་ངོར་སྣག་ཁྲག་གི་དཔེ་བཞིན་ཁོ་ཚོས་རྙེད་པའི་བྷོ་ཏི་ལེར་དེ་ཏཱ་ཧྥུན་ཆི་དང་ཨན་འགར་སོགས་ཀྱིས་མཚོན་པའི་བཤོར་ལུགས་ཀྱི་མཛེས་པའི་སླར་མཚོན་ཁོ་ནར་ཟད་ཡོད་ཅིང་། ང་ཚོས་ནི་དེ་དག་ལས་རིང་བོར་བརྒལ་བའི་ངོ་ལོག་གི་ཟིང་ཆ་སློང་བར་སྤྲོ་བའི་ཟར་བ་རྡོ་ཏ་ལིས་འཇེབ་ཞོན་སྦོ་ལོ་ཁུ་སོགས་ཀྱི་གཏོར་བརྒལ་གྱི་མཛེས་རྟོགས་དེ་མཚོན་རྟགས་རང་ལུགས་ཀྱི་ཁུངས་སུ་རིག་འདེད་བྱས་པ་ཞིག་ཡིན་ཙང་། རྩ་བའི་ཆ་ནས་རང་བཞིན་གྱི་ཁྱད་པར་ཤིན་ཏུ་ཆེའོ།། ཞེས་གཞན་གྱིས་ཚིག་རིས་རྗེས་འདེད་ཙམ་མ་ཡིན་པར་ངོ་ལོག་དང་གཏོར་བརླགས་ཀྱི་སྙིང་སྟོབས་ལ་ཞེ་འཁྲེང་བའི་རྣམ་པ་སྐད་ཆ་དང་རྩོམ་ཡིག་སོགས་ཕྱོགས་མང་པོ་ནས་མཚོན་པར་བྱས་པ་དང་། ཡང་ཁོང་ཅག་གིས་གཞན་གྱིས་ཅི་ཟེར་ན་ཟེར་དུ་ཆུགས་ཞེས་སྙིང་རུས་ཆེན་པོས་སྐབས་ཀྱི་སྤྱི་ཚོགས་ཀྱི་བཤད་སྟངས་སྣ་ཚོགས་དང་སྲོལ་རྒྱུན་གྱི་ཆ་མང་པོ་ཞིག་ལ་སྨྱུག་རྩེ་གཏད་པའི་སྣང་ཚུལ་གང་མང་ཞིག་ནི་མི་རབས་གསུམ་པའི་ཚོགས་མི་རེ་རེ་ངོས་ནས་ཐེག་དཀའ་ཡང་ཚོགས་པ་ཐུན་མོང་གི་སྟོབས་ཤུགས་དང་བསྡོངས་ནས་བཟོད་པར་བྱས་པ་རེད། དེའི་ཕྱིར་རང་རེའི་བོད་ཀྱི་དེང་རབས་རྩོམ་རིག་གི་བྱུང་བ་འབྲི་མཁན་ཞིག་ཡིན་ན་མི་རབས་གསུམ་ནི་དོ་གལ་ཅན་དུ་བརྩིས་ནས་འབྲི་དགོས་པ་ཞིག་ཡིན་མོད། ད་སྔར་བོད་ཀྱི་དེང་རབས་རྩོམ་རིག་བྱུང་འཕེལ་འབྲི་མཁན་དག་ནི་རྩོམ་རྙིང་བཏུས་སྒྲིག་མཁན་དང་རིགས་མཐུན་གྱི་ངོ་སོ་འཛིན་མཁན་གྱི་རྐུབ་རུལ་བ་དག་ཡིན་པ་ལས་མིག་སྔའི་རྩོམ་སྟེགས་ཀྱི་གནས་བབ་ལ་དཔྱད་པ་གཏོང་མཁན་འདྲ་མིན་དུ་མཆི།

  མཚམས་འདིར་ཟུར་གཞན་ཞིག་གླེང་ན། ངེད་ཅག་གི་སྔོན་མའི་མེས་པོ་སྙན་ངག་པ་མང་ཆེ་བ་ནི་འཁོར་བའི་རང་མཚང་མཐོང་མཁན་གྱི་ཆོས་པ་དང་། དེའི་རྗེས་སུ་ཁ་སེམས་གཉིས་ཀ་འབུལ་བའི་དད་མོས་ཅན་ཤ་སྟག་ཏུ་སོང་བས། ཁོ་ཚོས་བྲིས་པའི་སྙན་ངག་ནི་ཆོས་འདུལ་བའི་སྒོ་དང་མཐུན་པར་བརྩམས་ཡོད་པས་མི་ཚད། ཆོས་ཀྱི་བསླབ་བྱ་དང་འབྲེལ་བའི་སྒོ་ནས་རྩོམ་མཁན་མང་ཆེ་བར་སོང་ཙང་། སེར་མོ་བ་སྨོས་ཅི་དགོས་སྐྱ་བོ་དག་གིས་ཀྱང་གང་ཟག་རང་ཉིད་ཀྱི་འདོད་པའི་ཁམས་ཀྱི་འདོད་པ་གཙོ་བོར་བཟུང་ནས་སྙན་ངག་བྲིས་པ་མཐོང་དཀོན་པའི་ཚོད་དུ་ཡོད་ཕྱིར། རང་སེམས་འཁོར་བའི་འདམ་ན་འཇོལ་ཉོག་ཏུ་འཚོ་འང་ལག་ནས་བྲིས་པའི་སྙན་ངག་དང་ངག་ནས་འཆད་རྒྱུའི་སྐད་ཆ་ནི་རང་དང་བར་ཐག་ཤིན་ཏུ་རིང་བའི་གཞུང་ལུགས་དང་དེར་མཐུན་པའི་མིང་བརྡ་སྐམ་པོ་དག་གིས་བཟོས་པའི་སྙན་ངག་འབྲི་བའི་ལམ་དང་ལུགས་སྲོལ་ཞིག་ཆགས་པ་དང་། དོན་དུ་ཁོ་ཚོར་ཡང་སྲེད་པའི་རྣམ་རྟོག་ཆུ་ཆེན་གྱི་རླབས་ལྟར་གཡོ་འང་། ལག་ནས་བྲིས་པའི་རྩོམ་ཡིག་གི་བསྟན་བྱ་ནི་ཟགས་མེད་དང་ཐར་བ། དྲན་ཤེས་དང་ངེས་འབྱུང་གིས་མཚོན་པའི་རོ་སྙོམས་དང་སྟོང་ཉིད་ཀྱི་དོན་སྤྱི་འབྲི་བ་ནི་དོན་དུ་རང་ངོ་མ་ཟིན་པར་མཐོ་སྙེགས་ཀྱི་བགྱི་བ་དེ་ཡིན་ཡང་། གལ་ཏེ་ཁོ་ཚོས་རང་གི་འཆར་སྒོའི་མེ་ལོང་དབུས་ཀྱི་གཟུགས་ཅི་ལྟ་བ་བཞིན་བྲིས་པ་ཡིན་ན་གཞན་གྱིས་ཐེག་དཀའ་བའི་གནོན་ཤུགས་ཕོག་རྒྱུར་དོགས་པ་འང་ཡིན་སྲིད། དེ་འདྲའི་རྩོམ་སྟེགས་བཀས་བཅད་ཀྱི་ཡོལ་རས་ཅན་ཞིག་ལ་རྒོལ་མ་ཕོད་པ་ནི། ང་ཚོའི་མི་གཤིས་ལ་བཅིངས་གྲོལ་མ་ཐོབ་ཅིང་། མིའི་རྒྱུད་ཀྱི་འདོད་ཆགས་དང་ཞེ་སྡང་གི་ཚོར་བ་དེ་ནི་མིའི་གཉུག་གཤིས་ཀྱི་ཆོས་ཉིད་ཅིག་གི་རྟགས་སུ་བརྩི་མ་ཐུབ་པས་ལན། མིའི་རྒྱུད་ཀྱིས་བསྡུས་པའི་འབྱུང་བ་དང་འབྱུང་འགྱུར་གྱི་རྟེན་འབྲེལ་ཞིག་ཏུ་ལྟ་མ་ཐུབ་པར། ནམ་རྒྱུན་རང་གི་ཚོར་བའི་ངོས་ཐམས་ཅད་བག་ཡོད་དར་གྱི་ཤམ་བུས་གཡོག་རྒྱུར་ཐུག་པ་རེད། སྤྱིར་འདོད་པའི་མེ་དཔུང་ཆེས་དྲགས་ན་རང་གཞན་གཉིས་ཀ་བསྲེག་རྒྱུའི་ཉེན་ཁ་འབྱུང་བ་བདེན་པར་རིགས་ཀྱང་། རྒྱུན་ལྡན་གྱི་མིའི་རྒྱུད་ཀྱི་ཚོར་བའི་དགའ་སྡུག་ཡོད་ཚད་བཏུམས་ནས་ཤིང་དུམ་ཞིག་ཏུ་བསྒྱུར་རྒྱུ་དེ་འང་མིའི་རིག་གནས་ཀྱི་ཁྲོད་ནས་སྒེར་གཅོད་ཅིག་ཏུ་ཅི་ལ་མིན། ལེགས་ཉེས་འདི་དག་གིས་རྒྱུད་བསླད་པར་བྱས་པའི་རང་ཅག་ལ་ནང་བསམ་བློའི་རིག་གནས་གསར་བ་ཞིག་བསླེབས་ན་དེ་ལ་ཐན་དུ་ལྟ་བ་ནི་སྨོས་ཅི་དགོས། སྔོན་མའི་དུས་ཀྱི་ཚེ་ནའང་ནང་བསམ་པའི་རིག་གནས་སུ་གཏོགས་པའི་བན་བོན་གྱི་ཆོས་ཀྱི་འཁྲུག་རྩོད་གཙོས་ནམ་ཡང་ནུབ་པ་མེད་པའི་ཆོས་ལུགས་རིག་གནས་ཀྱི་འཐབ་རྩོད་འདིས་ང་ཚོ་ལ་རིག་པ་གསར་བ་མཐོང་རྒྱུའི་གོ་མ་ཕྱེ་བ་ཡིན་ཙང་། བོད་པའི་རྩོམ་སྟེགས་སུ་འང་ཆོས་ལུགས་ཀྱི་གྲུབ་མཐའ་བསླེབས་ཏེ་བོད་མིའི་གཉུག་གཤིས་ཀྱི་ཟས་སུ་གྱུར་བའི་གླུ་དང་ལ་གཞས་སོགས་ཚིག་སྦྱོར་ལ་བོད་སྐད་རྣལ་མའི་ཁྱད་ཆོས་འཛོམས་ཤིང་། དོན་ལ་མི་སྒེར་སོ་སོའི་སེམས་ཀྱི་འདོད་པའི་རི་མོ་གསལ་བའི་སྙན་ངག་དག་ཀྱང་བས་མཐར་ལྟུང་ཞིང་།རྣ་བའི་ཡུལ་གྱིས་བསྐལ་བར་བྱས་པ་སོགས་ཀྱི་དབང་གིས། བོད་པའི་རྩོམ་སྟེགས་ཀྱི་སྙན་ངག་ཆོས་གོས་དམར་སེར་ཅན་གྱིས་ཁྱབ་པ་ལས། ཁ་དོག་གཞན་ཞིག་གིས་འཛིན་མ་ཐུབ་པར་བསྟུན། བོད་པའི་རྩོམ་སྟེགས་ལ་འགྱུར་ལྡོག་འབྱུང་རྒྱུ་ནི་ལས་སླ་བོ་ཞིག་ག་ལ་ཡིན་མོད། དཔལ་དོན་འགྲུབ་རྒྱལ་སོགས་ཀྱིས་རུ་སྣ་དྲངས་ཏེ་ཅུང་གུ་བཤངས་སུ་བཀོད་ཡོད་ཀྱང་། ད་དུང་ཡོངས་སུ་སྨིན་པ་ཞིག་མ་ཡིན་ནོ།།

  མི་རབས་གསུམ་པར་མཚོན་ན་ཁོང་ཅག་གིས་སྙན་ངག་གི་ལམ་ཁ་དེ་ཆེ་རུ་དབྱེ་འདོད་ཀྱིས་ཧམ་པ་ཚ་བོས་འདི་སྐད། ཐུན་མོང་གི་སྙིང་སྟོབས་ཟེར་ན། ང་ཚོར་གཏོར་བརླག་གི་སྙིང་སྟོབས་ཆེན་པོ་ཞིག་མངའོ་སྙམ། དེ་ནི་མི་རབས་དང་པོ་བཞིན་མི་རིགས་དང་ལ་རྒྱ་ཁོ་ན་གླེང་བ་ལས་བརྒལ་ཅིང་། མི་རབས་གཉིས་པ་བཞིན་སྦྲ་ནག་དང་རྩྭ་ཐང་ཁོ་ན་བརྗོད་པ་ལས་ཀྱང་འདས་ཏེ་ང་ཚོས་བྱ་དངོས་གསར་བ་གང་མང་ཞིག་སྙན་ངག་གི་ཡིད་བརྙན་དུ་ནང་འདྲེན་བྱས་ཤིང་། ཐ་ན་ཀུན་སྤྱོད་དང་མི་ཆོས་སོགས་གནས་ལུགས་ཁུངས་བཙུན་པོ་དག་ཀྱང་རྡོག་བརྫིས་སུ་བཏང་ནས་མཚན་མ་དང་ཁུ་བ། འཁྲིག་སྤྱོད་སོགས་ཐ་ཤལ་གྱི་ཐ་སྙད་རྣམས་ངོ་མཚར་བར་དགའ་བའི་ཀློག་པ་པོ་རྣམས་ཀྱི་མིག་ཏུ་བསྟར་བ་རེད། ད་དུང་གནའ་བོའི་རྒྱ་གར་གྱི་ནག་མོ་ཁོལ་དང་དབྱིག་གཉེན་སོགས་ཀྱི་ཚབ་ཏུ་བྷོ་ཏི་ལེར་དང་ཤིག་སེ་ཕེར་སོགས་བསྟེན་ནས་བོད་རང་གི་སྙན་ངག་གི་ལམ་ལུགས་ཡོད་ཚད་ལ་གཏོར་བརླག་བཏང་ངོ་། །

  དེར་མ་ཟད་མི་རབས་གསུམ་པའི་སྙན་ངག་པའི་ཁྲོད་ན་རིགས་བཀར་བའི་དུར་ཁྲོད་སྙན་ངག་པ་དང་། ན་ཟུག་སྙན་ངག་པ། ཨ་རག་སྙན་ངག་པ། ཆར་བའི་སྙན་ངག་པ་སོགས་ཆོ་ལོ་སྐྱིད་པོ་རེ་ཡང་རྩེད་མཚར་གྱི་ཚུལ་དུ་འདོགས་ཀྱིན་འདུག དོན་དུ་གནས་ཚུལ་དེའི་རིགས་རྩེད་མཚར་ཙམ་དུ་ཟད་མོད་ཀྱང་། ཁོ་བོས་ནི་སྣང་ཚུལ་རིགས་ཤིག་ཏུ་ངོས་འཛིན་རྒྱུ་ཡིན་ལ་མ་རེད་ཅེས་ཀྱང་སུ་ཡིས་བསྒྲུན་ནུས། འདི་ཡང་གཏོར་བརླག་ཅིག་ཨེ་རེད། ཅེས་སྲ་ཞིང་མཁྲེགས་པའི་རྩོམ་སྟེགས་ཀྱི་སྒོ་མོ་རྙིང་བ་ཆེ་རུ་གཏང་རྒྱུའམ་གཏོར་འདོད་པ་ནི། བསམ་མེད་ཀྱི་བྱ་སྤྱོད་ཅིག་ཏུ་བརྩིས་ན་མི་རིགས་ཏེ། དེ་ནི་མི་བྱེད་ཐབས་མེད་ཀྱི་གནས་སུ་ལྷུང་བའི་སྐད་སྒྲ་ཞིག་ཡིན་མོད། གཞན་གྱི་སྒྲོས་ཙམ་ལས་མི་དཔྱོད་པའི་རྟོག་གེ་བའི་རིགས་ཀྱིས་ཤིན་ཏུ་ཕངས་མདོག་གིས་མི་རབས་གསུམ་པ་སྨྱོས་ཚར་བ་དང་། ཡང་ན་མི་རབས་གསུམ་པའི་འགྲོ་འཆག་ཉལ་འདུག་གི་བགྱི་བ་དག་ནི་དམར་སྲུང་དམག་གིས་དབྱུག་པས་ལེབ་རྡུང་བྱེད་སྟངས་དེར་འཁྲུལ་ནས་ཧ་ལས་མདོག་གིས་ཁོ་ཚོ་ནི་རིག་གནས་ཀྱི་གར་སྟེགས་སྟེང་གི་གླུད་རྫས་ཤིག་ཏུ་བརྩིས་པ་རེད།

  སྐུ་ཞབས་ལྗང་བུས། སྙན་ངག་རང་ངོས་ནས་བལྟས་ན། ཚོགས་པ་མི་གཙོ་སྒེར་པ་གཙོ།སྒེར་པའང་མི་གཙོ་གང་བྲིས་གཙོ་ཞེས་ཞུས་རུང་འཐུས་སྙམ། གང་ཡིན་ཟེར་ན། རྩོམ་པ་པོ་རྩོམ་པ་པོ་ཞེས་གང་བྲིས་གང་བརྩམས་ཀྱིས་སྐད་ཆ་འཆད་པ་ལས་འབྲི་མཁན་དེ་གང་འདྲ་ཅི་འདྲ་ཡིན་ཚུལ་དེ་རྩོམ་རིག་རང་དང་འབྲེལ་བ་ཆུང་སྟེ། དེ་རིགས་རྩད་ཞིབ་བྱེད་མཁན་ནི་ཉེན་རྟོགས་པ་དང་གྱང་རྩའི་ཉི་ཁུག་ན་ཁ་ཏོན་གསོག་པར་ཉོབ་ཀྱིན་པའི་རྒན་རྒོན་ཡིག་ངོ་མི་ཆོད་པ་ཚོ་རེད་སྙམ་ཡོད། ཅེས་པ་ལྟར་རང་ཅག་གིས་རྩོམ་པ་པོའི་བཟང་ངན་རྐྱང་བ་བཤད་པ་ལས་རྩོམ་ཡིག་གི་བཟང་ངན་རིག་པས་ཤན་ཕྱེ་བའི་སྒོ་ནས་བཤད་ན་འགྲིག་མོད། ངེད་ཅག་གི་ཆུ་ཚད་དེ་རུ་བསླེབས་མེད་པ་འདྲ།

  ཕྲན་གྱིས་བལྟས་ན་མི་རབས་གསུམ་པའི་ན་གཞོན་དག་གི་སྙིང་སྟོབས་དང་། སྒྱུ་རྩལ་གྱི་དད་མོས་ཤུགས་དྲག་པ་དེར་གཞིགས་ན། སྔོན་མའི་སྲོལ་རྒྱུན་གྱི་རྩོམ་རིག་གི་གར་སྟེགས་དེས་ཁོ་ཚོའི་སྙིང་མི་ཚིམ་པ་ནི་གནས་ལུགས་ཀྱི་འཕེལ་ཕྱོགས་ཤིག་རེད་སྙམ། གཅིག་ནས་སྔོན་མའི་དུས་ལས་ད་ལྟར་ཤར་ནུབ་རིག་གནས་ཀྱི་རྐྱ་འཐབ་ནས་འཕེལ་བའི་དུས་རབས་ཤིག་ཡིན་པ་དང་། གཉིས་ནས་ད་ལྟར་མི་ཆོས་རིག་གནས་ཀྱི་མངར་ཁ་མཐུག་པ། གསུམ་ནས་ཁོ་ཚོས་ཡིག་རིགས་སྣ་ཚོགས་ཀྱི་སྟེང་ནས་ཡིད་ཀྱི་རྣམ་པར་ཤེས་པ་གཡོ་བར་བྱེད་པའི་སྒྱུ་རྩལ་བརྩམས་ཆོས་མང་པོར་ཞལ་མཇལ་བགྱིས་པ་ན། སྔོན་མའི་དཀར་པོ་ཆིག་ཐུབ་ལྟར་དུ་བརྩི་བའི་སྣ་གཅིག་ཅན་གྱི་བོད་མིའི་རྩོམ་སྟེགས་སུ་ཁེར་ཧྲེང་གིས་སྡོད་འདོད་མེད་པ་ནི་མི་རབས་གསུམ་པའི་ཧམ་སེམས་ཤིག་དང་། སྤྱིར་བོད་ཀྱི་རྩོམ་རིག་གི་རེ་བ་གསར་བ་ཞིག་རེད་ཅེས་ན་མི་ཆོག་པ་མེད་པར་སྙམ། ཉེ་བའི་ཆར་བྱེས་ཀྱི་སློབ་དཔོན་ཆེན་མོ་བློ་བཟང་བསྟན་འཛིན་མཆོག་གིས་ཀྱང་། ཁྱད་པར་འདས་ལོ་བརྒྱ་ཕྲག་བཅུ་པའི་རྗེས་སུ་རིམ་པར་དར་རྒྱས་སུ་སོང་བའི་ཚིག་རྒྱན་གྱི་རྣམ་གཞག་དང་རྩོམ་འགྲོས་གསར་པ་ཇི་སྙེད་ཅིག་བྱུང་བ་ཐམས་ཅད་བོད་སྐད་དུ་མ་ཐོབ་པས། འུ་ཅག་གིས་ད་དུང་ཡང་དཎཌྰིའི་བཞེད་དགོངས་འབའ་ཞིག་ཨ་འཐས་སུ་བཟུང་སྟེ་ཚིག་རྒྱན་གྱི་གོམས་སྟབས་ལོ་ངོ་སྟོང་ཕྲག་འདས་པའི་དུས་ཀྱི་ཡོལ་བའི་ཕག་ནས་སྒྱུར་གྱིན་བསྡད་པའི་གནས་སྐབས་འདིར། གསར་ཀྱི་རྩོམ་འགྲོས་ཅན་གྱི་སྙན་ངག་ལ་ཉམས་སྣང་བྱེད་དགོས་པ་ཧ་ཅང་དོ་གལ་དུ་མངོན་པ་དང་། ཞེས་བོད་ཀྱི་དབྱངས་འགྲོས་གཅིག་ཅན་གྱི་རྩོམ་སྟེགས་འདིར་ཐུགས་མ་དགྱེས་པའི་ཚུལ་བསྟན་ཡོད། དེ་ལྟར་ཁོ་ཚོས་སྔོ་ལྗང་ལྗང་གི་རྩོམ་སྟེགས་ཤིག་བསྐྲུན་རྒྱུར་འཕག་འཚག་དྲག་པོ་བརྒྱབ་ཅིང་། དེ་དང་མཐུན་པའི་སྙན་ངག་ཀྱང་བསྟན་བཤིགས་ཚ་བོ་ཅན་མང་དུ་སྤེལ་ནས། སྐབས་ཤིག་ལ་ཁོ་ཚོའི་རྩོམ་ཡིག་མང་པོ་ཞིག་དུས་དེབ་ཁང་དང་རྩོམ་ཡིག་དཔྱད་འདེམས་པའི་ཚོགས་ཀྱིས་ཀྱང་བློ་ཡིས་དཔགས་མི་ཐུབ་པའི་ཚད་དུ་བསྐྱལ།

  གང་ལྟར་སྒྱུ་རྩལ་ལ་དང་དོད་མེད་པ་དང་སྒྱུ་རྩལ་ལ་བློ་མིག་མི་གསལ་བ། རྩོམ་རིག་གི་མཛེས་པར་སྣང་ཆུང་བྱེད་མཁན་དག་གི་ངོར་མི་རབས་གསུམ་པའི་སྙན་ངག་མང་པོ་ཞིག་གཟེ་མ་རྭ་མགོ་བཞིན་གཟེངས་ཤིང་། མགོ་བོ་ཕྲེད་དུ་གཡུགས་ནས་སྐྱོ་ཡུས་སེམས་སུ་ལྡུག་སྤྱད་དུ་མི་འགྲོ་བའི་ངེས་པ་མེད་ཀྱང་། རྩོམ་རིག་རང་རྐྱ་བའི་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བསམ་བློ་གཏོང་བ་དང་མཛེས་དཔྱོད་ལ་དད་མོས་ཡོད་མཁན་ཞིག་གིས་བལྟས་ན། མི་རབས་གསུམ་པའི་སྙན་ངག་མང་ཆེ་བ་ཞིག མིའི་གདོད་མའི་གཉུག་གཤིས་ལས་ཟགས་པའི་རང་བྱུང་གི་འོད་ཟེར་ཞིག་ཏུ་མི་བལྟ་རང་བལྟར་ཆགས་ཡོད། མཚོན་ཐབས་སོགས་ཀྱི་ཆ་ནས་རབས་སྔ་མ་དག་གི་སྙན་ངག་ལས་གོ་དཀའ་བར་སོང་ཡོད་པ་ནི་དཀྱུས་གཅིག་ཏུ་དགག་བྱ་རུ་འདོད་མི་འོས་ཏེ། གོ་དཀའ་བ་སྤྱིར་སྙན་ངག་རང་གི་ངོ་བོའི་ཁྱད་ཆོས་ཤིག་རེད་ཅེས་སྨྲ་རུང་སྟེ། བོད་ཀྱི་རྩོམ་རིག་དཔྱད་བརྗོད་པ་གྲགས་པ་ཅན་ཞིག་ན་རེ། སྤྱིར་སྙན་ངག་གོ་དཀའ་བ་ནི་སྣང་ཚུལ་མི་ལེགས་པ་ཞིག་ཡིན་པའི་ངེས་པ་མེད་དེ། སྙན་ངག་རང་སྟེང་ནས་བཤད་ན་གབ་སྦེད་ཀྱི་རང་བཞིན་དང་། དོན་མང་རང་བཞིན་སོགས་རྩ་བའི་ཁྱད་ཆོས་སུ་གྲུབ་པ་དང་། སྙན་ངག་གི་རྗོད་བྱེད་ཀྱང་རྩོམ་རིག་མ་ཡིན་པའི་རྩོམ་དག་མ་ཟད། བརྩམས་སྒྲུང་ངམ་ལྷུག་རྩོམ་གྱི་རྗོད་བྱེད་དང་ཡང་མི་འདྲ་བར། སྙན་ངག་རང་གི་སྐད་ཆ་ཞེས་རེ་བ་ཁྱད་པར་བ་ཡོད་པ་བཅས་ཀྱིས། སྙན་ངག་ནི་སྐྱེས་བུ་གང་ཡིན་ཐམས་ཅད་ཀྱིས་ཀློག་ཐུབ་པ་ཞིག་ཡིན་མི་སྲིད་པར་ཐག་བཅད་ཡོད། ཅེས་ཕྱི་ནང་གི་སྒྱུ་རྩལ་བརྩམས་ཆོས་ཀྱི་དགོངས་པའི་མཐིལ་ལེན་ཐུབ་པའི་གསུངས་བུད་ཡོད་མོད། བོད་པའི་རྩོམ་སྟེགས་སུ་གོང་ནས་གླེང་བ་བཞིན་དུས་དང་དུས་སུ་བརྩམས་ཆོས་ལེགས་པོ་རེ་འམ་རྩོམ་རིག་གི་སྣང་ཚུལ་གསར་བ་རེ་བསླེབས་ན་དཔྱད་བརྗོད་སྤེལ་མཁན་ནི་ཉག་ཕྲ་བ་དང་། དཔྱད་བརྗོད་པ་རེ་གཉིས་ཤིག་མཆིས་པར་ཡང་རྩོམ་རིག་གསར་བའི་བློ་མིག་ཡོད་མེད་ལ་ཤིན་ཏུ་དོགས། སྐབས་འདིར་དཔེར་ན་དཔྱད་བརྗོད་པ་རེ་འགས་རྩོམ་ཡིག་གསར་བར་དཔྱད་འཇོག་བྱེད་ཚུལ་འདིར་དྲངས་ན་ཁོང་ཅག་གི་རྩོམ་རིག་ལ་ལྟ་བའི་མིག་དབང་དེ་གསལ་བོ་ཡིན་པས་ཚིག་དུམ་གསུམ་ཙམ་ཚུར་བཤུས་ན་འདི་ལྟར།

  དཔྱད་བརྗོད་པ་ཞིག་ན་རེ། ད་སྐབས་ང་ཚོས་བསྟེན་པའི་འབྲི་ཐབས་ངོ་མཚར་ཅན་དེ་ཀློག་པ་པོ་ཕལ་བ་ལྟ་ཞོག་རྩོམ་རིག་ལ་བག་ཆགས་མི་དམན་པའི་ཡོན་ཏན་པ་དག་གིས་ཀྱང་དོན་ཇི་བཞིན་དུ་རྟོགས་དཀའ་བའི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་བརྩམས་ཆོས་དང་། ལྷག་པར་སྙན་ངག་གསར་བ་སྟེ་དོན་རབ་རིབ་ཅན་གྱི་སྙན་ངག་དང་། གསར་ཐོན་དུས་རབས་སྙན་ངག་སོགས་ཀྱི་འབྲི་སྟངས་སྤྱོད་པའི་བརྩམས་ཆོས་ཀྱིས་བོད་སྤྱི་ཚོགས་ལ་མཚོན་ན། རྩོམ་རིག་གིས་སྤྱི་ཚོགས་ལ་སློབ་གསོ་དང་སྤྲོ་སྣང་བཅས་ཕན་ནུས་ཆེན་པོ་ལྔ་འབྱུང་དགོས་པའི་ནང་གཅིག་ཀྱང་ཐོན་མེད་པ་ལྟར་སྣང་བས། ཁོ་བོའི་བསམ་པར་དོན་འདིར་རྩོམ་པ་པོ་དང་དུས་དེབ་ཀྱི་སྒྲིག་པ་པོ་རྣམས་ཀྱིས་བསམ་བློ་ནན་མོ་གཏོང་འོས་སྙམ། ཞེས་དང་། ཡང་།དཔྱད་བརྗོད་པ་གཞན་ཞིག་ན་རེ། དེང་ཡང་རྩོམ་པ་པོ་ཁ་ཤས་ལ་ཕྱི་ཕྱོགས་ཀྱི་ལྟ་བ་ངན་པའི་ཤན་ཞུགས་ཏེ་སྲོལ་རྒྱུན་ཡོད་ཚད་གཞོམ་འདོད་དང་གཏོར་བརླགས་གཏོང་འདོད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ། མ་ཤེས་མ་བརྟགས་པའི་ཅོལ་ཆུང་གི་ངག་འཆལ་ཅི་ཡང་སྨྲ་བའང་མཐོང་ཐོས་མང་དུ་འབྱུང་ལ། ཞེས་དང་། དཔྱད་བརྗོད་པ་གཞན་ཞིག་ན་རེ། སྙན་ངག་ནི་འགྲེལ་མི་རུང་བ་དང་གོ་རྟོགས་བྱ་མི་ཐུབ་པ་ཞིག་ཡིན་ཞེས་རང་གི་བསམ་བློ་མག་མོག་དང་སྒྱུ་རྩལ་གྱི་ནུས་པ་ག་འདྲ་ཡོད་པ་བཀབ་སྟེ་ཀ་བའི་ནང་དུ་གསེར་ཡོད་ཁུལ་གྱིས་ཀློག་པ་པོར་བསླུ་བྲིད་གཏོང་བཞིན་ཡོད།ཅེས་རང་ཉིད་སྙན་ངག་གསར་བར་རྨོངས་གཞིན་གཞན་ལ་བཀོད་འདེམས་བྱེད་མཁན་གྱི་རྩོམ་རིག་དཔྱད་བརྗོད་པའི་ཚོགས་ཀྱིས་རྩོམ་རིག་གསར་བའི་ཕྱོགས་སུ་དཀྱེལ་ཡངས་བྱ་མི་ཐུབ་པའི་ཁར། ལེགས་པའི་ཆ་ཡོད་མེད་ཀྱི་ཁྱད་པར་ལའང་མི་དཔྱོད་པར་ཧྲིལ་གྱིས་དོར་ནས། བོད་ཀྱི་རྩོམ་སྟེགས་ཀྱི་འདས་མ་འོངས་ད་གསུམ་ལ་ལྟ་བའི་བློ་མིག་ཀུན་ནས་ལྡོངས་ཤིང་། དཀྱུས་གཅིག་ཏུ་རང་ཉིད་ནི་བོད་ཀྱི་རྩོམ་སྟེགས་སུ་འགྱིངས་པའི་མངའ་བདག་ཆེན་པོ་ཞིག་ཡིན་མདོག་གིས་ནུབ་ཕྱོགས་ནས་དར་བའི་རྩོམ་རིག་གསར་བའི་སྐོར་དགག་འདོད་པ་དང་དར་ན་མི་ཆོག་པའི་བསྒྲགས་གཏམ་སྤེལ་མཁན་ལྟ་བུ་ཞིག་ཏུ་གྱུར་ཡོད་པར་བསམས་ན། བོད་པའི་རྩོམ་རིག་སྤྱིའི་དཔྱད་བརྗོད་མཁན་ཟེར་ཡང་རུང་། ཡང་ན་ནང་སྒོས་སུ་སྙན་ངག་གི་དཔྱད་བརྗོད་པ་དག་ཇི་འདྲའི་ཉམ་རེ་ཐག་ཨང་། ཁོ་ཚོས་སྙན་ངག་གསར་བ་རང་རྐྱ་འཕེར་བའི་ལམ་ཞིག་ཏུ་གཙང་མར་དཀྲི་རྒྱུར་འབད་པ་མི་བྱེད་པར། རིག་གནས་གཞན་ཞིག་དང་བསྡོངས་ནས་སྤྱི་ཚོགས་སྟེང་གི་ལས་གནས་དག་ལ་ཞབས་འདེགས་བྱ་སྤྱད་ཀྱི་ལྷན་པ་ཞིག་ཏུ་བཙན་གྱིས་སྦྱོར་བཞིན་འདུག ངང་ཚུལ་འདི་ནི་མོའུ་ཡིས་ཀྲུང་གོའི་རྩོམ་རིག་གིས་ཇར་འགོག་དམག་འཁྲུག་ལ་རམ་འདེགས་བྱ་དགོས་ཟེར་བའི་ལྟ་བ་དེས་བརླན་གྱིས་སྦགས་པ་ཞིག་ཡིན་པ་འདྲ།

  བོད་ཀྱི་རྩོམ་རིག་གི་གནས་བབ་འདི་འདྲ་ཞིག་གི་འོག མི་རབས་གསུམ་པའི་སྙན་ངག་དང་མི་རབས་གསུམ་པ་ཞེས་པའི་སྙན་ངག་གི་སྡེ་འདི་སུ་ཞིག་གིས་ངོས་ལེན་བྱ་ཐུབ་བམ། བོད་པའི་རྩོམ་སྟེགས་སུ་མང་པོ་ཞིག་གིས་ད་དུང་རྡོ་སྦིས་དགེ་བཤེས་དང་ཨ་ཁུ་གསུང་རབ་རྒྱ་མཚོ། དཔལ་ཚེ་ཏན་ཞབས་དྲུང་སོགས་ཀྱི་སྙན་ངག་དེང་རབས་སྙན་ངག་ཏུ་འཇོག་མི་འཇོག་གི་ཚད་ལ་རྩོད་པ་བྱེད་བཞིན་ཡོད་པར་གཞིགས་ན། སྲོལ་རྒྱུན་སྙན་ངག་དང་དེང་རབས་སྙན་ངག་ཅེས་པ་ཁར་གླེང་བ་ཙམ་ལས་དོན་དུ་ངེས་པ་འདྲོངས་ཐུབ་ཀྱིན་མེད་པ་འདྲ་བས། ཀློག་པ་པོ་ཡིག་ངོ་ཆོད་ཚད་དང་འབངས་མི་སེར་དག་ལ་བསྐང་རྒྱུ་ཅི་ཡོད།

  ཡིན་རུང་གུས་པོས་མི་རབས་གསུམ་པའི་སྡེ་དང་མི་རབས་གསུམ་པ་ནི། ཁོ་ཚོས་བཤད་པ་བཞིན། བོད་ཡིག་གི་རྩོམ་འབྲི་མཁན་ཞིག་ལ་མཚོན་ན། ང་ཚོར་ཀློག་པ་པོ་མང་པོ་མེད། དེ་བཞིན་ཚོང་ར་རྒྱ་ཆེན་པོ་དང་དཔལ་འབྱོར་གྱི་ཡོངས་འབབ་སོགས་གླེང་ས་མེད་པས། ང་ཚོ་ནི་དོན་ངོ་མའི་སྟེང་གི་རྩོམ་དགའ་དང་རྩོམ་རིག་ཕུགས་བསམ་དུ་སྒོམ་མཁན་འབའ་ཞིག་ཡིན་ཞེས་བཤད་ཆོག རྩོམ་རིག་ནི་རྫུན་གཏམ་ས་མི་འགྲོ་བ་ཞིག་དང་། རྩོམ་རིག་ནི་བླ་སྲོག་དང་འབྲེལ་ཞིང་། རྩོམ་རིག་ནི་རྣམ་ཤེས་དང་ཉེ་བ་ཞིག་ཡིན་པས། རྩོམ་རིག་གི་ཁེ་ཕན་རང་བཞིན་དང་བྲལ་བའི་ཕ་སྐད་རྩོམ་རིག་འདི་རྩོམ་རིག་གི་རང་མདངས་དང་ཤིན་ཏུ་ཉེ་བས། ནམ་ཞིག་བོད་ཁུལ་དུ་ལ་ཏིན་མེ་གླིང་ནང་བཞིན་རྩོམ་རིག་གི་འགས་གཏོར་ཞིག་བྱུང་ཚེ། དེ་ནི་ཕ་སྐད་རྩོམ་རིག་ཡིན་པའི་ཡིད་ཆེས་ཁོ་བོར་ཡོད་ཅེས་སྨྲ་བར་འདོད་དོ།། ཕ་སྐད་ནི་མེས་པོས་བསྐྱུར་བའི་གསེར་གྱི་འབྲུ་རྡོག་ཡིན། ཕ་སྐད་གསར་རྩོམ་ནི་ང་རང་གི་གདམ་གསེས་ཡིན། དེ་བས། ཕ་སྐད་ཀྱི་གསར་རྩོམ་གྱི་བགྲོད་ལམ་སྟེང་ཁོ་བོ་ཧུར་གྱིས་ལམ་དུ་ཆས་ངེས་ཡིན། ཞེས་པའི་སྐད་ཆ་འདི་མི་རབས་གསུམ་པ་གཙོ་བྱས་ཕ་སྐད་ཀྱི་རྩོམ་སྟེགས་སུ་ད་ལྟར་ལམ་ལ་ཆས་བཞིན་པའི་དེང་རབས་སྙན་ངག་པ་དག་གི་ལས་དབང་གི་གདམ་གསེས་ཁོ་ན་ཡིན་ཞིང་། མི་རབས་གསུམ་པ་ནི་ཕ་སྐད་ཁྲོད་ཀྱི་རྩོམ་སྟེགས་ན་ནར་མར་འཚོ་བའི་རྐང་འཛིན་པའི་སྡེ་ཡིན་པའི་ངོས་ནས། ངེད་ཅག་གིས་ཕ་སྐད་རྩོམ་རིག་གི་ད་ལྟའི་གནས་བབ་གླེང་ན། མི་རབ་གསུམ་པ་ནི་དེའི་གཙོ་གྲས་ཤིག་ཡིན་ཞིང་། མི་རབས་གསུམ་པའི་སྙན་ངག་དག་བསྐྱུར་ཏེ་ད་ལྟར་བོད་པའི་ཕ་སྐད་སྙན་ངག་ལ་ཞིབ་འཇུག་བྱ་ཚུལ་ཞིག་མེད་པར་སྙམ་པའོ།། ལོ་ངོ་འདི་དག་གི་རིང་ལ་རྒྱ་འགྱུར་དང་ནུབ་འགྱུར་གྱི་དེང་རབས་རྩོམ་རིག་གི་དཔྱད་གཏམ་སོགས་ལྟོས་འཇོག་གི་མང་པའི་དུས་སྐབས་ཤིག་ཡིན་མོད། རེ་རེ་བཞིན་རྗེས་མར་དྲངས་འོང་ངོ་།

  མཇུག་གི་གསལ་བཤད། མི་རབས་གསུམ་པའི་སྙན་ངག་པའི་ཁྲོད་ན་མི་སྒེར་གྱི་ཆེད་དེབ་ཕུད་པའི་གྲངས་བཅུ་ལྷག་བརྒལ་ཅིང་། རྒྱལ་ཁབ་རིམ་པས་བྱ་དགའ་སྤྲད་པའི་རྩོམ་པ་པོའང་བཞི་ནས་ལྔའི་བར་ཡོད། དེ་ལས་གཞན་ད་ལྟར་མི་རབས་གསུམ་པའི་སྙན་ངག་པ་དག་ནི་སྦྲང་ཆར་དང་གངས་རྒྱན་མེ་ཏོག བོད་ཀྱི་རྩོམ་རིག་སྒྱུ་རྩལ་སོགས་སུ་རྩོམ་ཡིག་འབྲི་མཁན་མང་པོའི་གྲས་སུ་སོང་འདུག་ཅིང་། ཁོ་ཚོའི་ཚོགས་མི་རེ་འགས་རྒྱ་བོད་ལོ་ཙཱ་བརྒྱུད་ཕྱི་གླིང་བ་དང་རྒྱ་ནག་པའི་སྙན་ངག་དང་རྩོམ་ཡིག་གི་དཔྱད་བརྗོད་མང་པོ་ཚུར་བསྒྱུར་བའི་གྲངས་བོད་ཀྱི་ན་གཞོན་གཞན་དག་དང་བསྡུར་ན་མང་། དེ་ལས་གཞན་ཚོགས་མི་རེ་འགས་གཞུང་འབྲེལ་གྱི་ཚགས་དེབ་སོགས་སྒྲུབ་པའི་ལས་ཀའི་ཞར་དུ་རྩོམ་རིག་གི་དྲ་བ་དང་ཆེད་སྒྲིག་པར་ངོས་སོགས་ལ་ནུས་པ་རྒྱ་ཆེན་པོ་བཏོན་དང་འདོན་བཞིན་པའི་བྱ་བ་འདི་དག་ཚོགས་པའི་སྟོབས་ཤུགས་དང་འབྲེལ་བ་མེད་པར་སུས་ཀྱང་བཤད་མི་ཐུབ་པར་མ་ཟད། བོད་ཀྱི་དེང་རབས་གསར་བའི་རྩོམ་སྟེགས་ཀྱི་གནད་ཆེ་ས་ཞིག་ཏུ་འང་མི་འཛིན་ཐབས་མེད་ཡིན་པར་འདོད་དོ།།

l མཆན། རྩོམ་འདིར་དྲངས་པའི་ཚིག་མང་པོ་ཞིག་ཉིས་སྟོང་བཅུའི་ཡན་ཆད་ཀྱི་མི་རབས་གསུམ་པའི་འཐུས་ཚབ་ཏུ་རུང་བའི་སྙན་ངག་པ་རེ་རྐང་གླིང་དང་། སྐྱབས་ཆེན་བདེ་གྲོལ། ཁྲི་སེམས་དཔའ་སོགས་ཀྱི་བསྒྲགས་གཏམ་ལས་བཤུས།   

                                 རེ་ཞིག་རྗོགས་སོ།།

                                 [ནམ་ཞིག་བདག་གིས་རྩོམ་ཡིག་འདི་འཐུས་ཚང་ཞིག་ཏུ་གཏང་རྒྱུ་ཡིན།]

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།