གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནག་པོའི་སྙན་ཚོམ། ཇག་གླུ་རིང་མོ།

2011-10-19 13:35:00 ནག་པོ། ཀློག་གྲངས། མཆན ཡོད།


          མཚན་མོ་ཞིག་ལ།  
སྦྲ་ནག་འདིའི་གྲུ་ཟུར་ཞིག་ཏུ་བཟའ་བཏུང་ལ་རོལ་ཚར་རྗེས།
ཁྱོད་ཀྱི་ལག་པ་ནི་དུག་སྦྲུལ་ཞིག་ལྟར་ངའི་སྐེ་ལ་འཐམས་སོང་།

ཇུས་འགོད་བྱེད་ཐབས་མེད་པའི་མཚན་མོ་འདིར།
ལུས་པོའི་སྣོད་ཀྱི་ནད་རྙིང་དེའང་ནམ་མཁའ་ནས་མར་དཔྱངས་པའི་ཟླ་བ་ཇི་བཞིན།
རེས་གསལ་རེས་མོག་ངང་ཆ་མི་སྙོམས་པར་མེད་པར་གྱུར་རྗེས།

རྐང་འོག་གི་ས་གཞི་མཁྲེགས་པོ་འདི་འཐབ་ར་རྙིང་བ་ཞིག་ལྟར།
ཁྲག་དང་ཀུ་ཅོ་ཁྲོད་མཛེས་སྡུག་གིས་མངོན་གྱིན་ཡོད་ནའང་།
རང་ཉིད་ནི་དམག་དོན་པ་ཞིག་ལྟར།  ལོ་རྒྱུས་ཟེར་བའི་སྨྲ་ལྕེ་འཁྱུག་པོ་དེའི་སྟེང་གི
མཆིལ་ཞགས་རྡོག་པོ་ཞིག་ཏུ་གྱུར་ཚར་འདུག

(མུན་པ་ཟབ་ས་ནས་ཀྱང་རྙེད་པར་དཀའ་བའི། འབྱུང་བཞིས་ཀྱང་རེག་པར་དཀའ་བའི།
མར་མེ་རྐོང་བུ་གང་གི་མེ་ལྕེའི་ཁྲོད་འཁྱོག་པོར་མངོན་པའི།  ན་ཟུག་གི་རྔམས་མཐུག་པའི་
རང་ཉིད་གཅེར་བུ་བ་དེ་ད་ནི་འཆི་བའི་རྙི་ལ་ཐེབས་སོང་ངམ།)

འོན་ཀྱང་། ངས་ད་ལྟའི་བར་དུ་རང་ཉིད་ནི།
འཆི་བ་དང་ཐག་ཉེ་ཚུལ་སུ་ལའང་ཤེས་སུ་བཅུག་མ་སོང་།
    
          རྟ་རྫོང་མཚོ་ཁ་ནས་རྙེད་པའི་སྙན་ངག
ཨམ་ཕྲག་ཏུ་ཡུན་རིང་བཅུག་མྱོང་བའི་མེ་ཆ་དེ་བླངས་ནས།
དུ་རྐང་གསུམ་ལ་མེ་སྒོས་སོང་།

རི་རྐེད་ཀྱི་ན་བུན་ལས་སྤྱང་མོ་མ་བུ་ཞིག་གིས།
ངང་སྒུག་བྱེད་ཚུལ་གྱི་མིག་མདངས་མཐོང་སོང་།

རྒྱང་ལ་བལྟས་ཚེ།
ངའི་གྲོགས་པོས་ཕྲག་གི་ཏ་ལེན་བླངས་ནས་ས་རུ་བཞག་སོང་།

ལག་པ་ཆུང་ཆུང་འདི་ཕར་ལ་བསྲིངས་ནས།
མེ་ཏོག་མིང་མི་ཐོགས་པ་ཞིག་གི་མགོ་བོ་བཅད་སོང་།

མཐོན་པོ་མཁའ་དབྱིངས་ཀྱི་ཚ་སྨུག་འོག་ཏུ།
མཚེའུ་ནི་འགུལ་ཙམ་ཡང་མི་བྱེད་དོ།

          ཇག་གླུ་རིང་མོ།
གླུ་གཞས་གཏོང་མཚམས་འཇོག་དུས།
ཁྱེད་ནི་རལ་གྲིའི་དངོ་ལ་ཆགས་པའི་ཁྲག་ལ་ཞེ་མེར་སོང་།
མཚམས་ལན་རེར་ཞིབ་འདང་རེ་བརྒྱབ་ན།
འུ་གཉིས་ལ་འདྲ་ས་མང་པོ་འདུག་སྟེ།
ངས་ཀྱང་ཉིན་མཚན་དུས་དྲུག་ལ་རང་ལུས་དང་བྲལ་མ་མྱོང་བའི
གློག་ཀླད་ཟད་པོ་འདིར་སུན་སྣང་རེ་སྐྱེས་ངེས།

ཡིན་ཡང་། ངེད་གཉིས་དེ་ལ་དགའ།
ཁྱོད་ནི་མིའི་པགས་པ་དམར་བཤུ་བྱེད་པར་དུངས་ཀི
ངའང་དབྱངས་གསལ་ལ་བརྟེན་ནས་ཁོར་ཡུག་འདིའི་ཤུན་པ་རྫོབ་པོ
དམར་བཤུ་བྱེད་པར་དགའ་གི

འུ་གཉིས་ལ་འདྲ་ས་མང་པོ་འདུག
རྟོག་བཏགས་ཀྱིས་མ་ཁོགས་པའི་སྐྱེ་འཆི་ཇི་བཞིན།

རང་དབང་ཐོབ་པ་ཇི་བཞིན །

          ཇ་ཆང་ལྷ་མོ་ཟེར་བའི་ཆང་ཁང་དེར་སྦྱིན་བདག་མ་གསུམ་ཡོད།
           ༡
འབབ་ཞོད་ཆེ་བའི་ཁ་སང་།
ང་རང་ཁ་རོག་གེར་ཆང་ཁང་འདི་ལ་བྱིན་སོང་།
ངག་མི་སྨྲ་བར་རྒུན་ཆང་ཤེལ་ཕོར་གང་གཙང་བཞེས་གནང་ཀྱང་།
སྦྱིན་བདག་མ་མཐོང་མ་སོང་།
            ༢
དེ་རིང་གི་ནམ་མཁའ་གཡའ་དག་འདུག
ངའི་དཔེ་དེབ་ཅིག་གི་བར་གསེང་ནས་སྦྱིན་བདག་མའི་བྱུགས་ཆུའི་དྲི་མ་ཚོར་བྱུང་།
ངས་ཡང་བསྐྱར་ཡིན་མདོག་མདོག་གིས།
རྒུན་ཆང་ཤེལ་ཕོར་གང་གཙང་བཞེས་གནང་ཀྱང་།
སྦྱིན་བདག་མ་ད་དུང་མ་མཐོང་སོང་།
             ༣
སང་ཉིན་གྱི་ཟོལ་རྫུ་དེ་ཁྲོད་ནས།
ང་ཡང་བསྐྱར་ཇ་ཆང་ལྷ་མོ་ཟེར་བའི་ཆང་ཁང་དེར་འགྲོ་ངེས་ཡིན།
         
          བླ་བྲང་གི་ཟིན་ཐོ།

འདབ་ཆགས་འཕུར་ཤུལ་གྱི་སྨག་ནག་པའི་ནམ་མཁའ་ནི།
རོ་དང་དྲི་མས་ཀྱང་རྙེད་པར་དཀའ་བའི་ལྐོག་གྱུར་གྱི་དངོས་ཟིག་ཅིག་དང་ཡེ་ནས་མི་འདྲ་སྟེ།
ཕྱི་གསལ་ནང་གསལ་གྱི་ཤེལ་གྱི་ཕོར་བ།
ཡང་ན་རྫས་འགྱུར་གྱི་ཁ་རླངས་དང་སྦག་བཙོག་གིས་མ་གོས་པའི་
ལྗང་མདོག་གི་སའི་གོ་ལ་ཞིག་སྟེ། ངས་བརྡ་སྤྲོད་ཀྱི་གོ་བ་དང་།
ཆོས་ལུགས་ཀྱི་སྙིང་རྗེ། ཆབ་སྲིད་ཀྱི་དམིགས་ཡུལ། སྒྲ་དང་ཚད་མའི་དོན་སྙིང་རྡོག་པོ་དེ་དག
སྣང་མེད་དུ་བཞག་སྟེ།

ཚོད་ཚོད་དུ། ཕ་ཡུལ་ཟེར་བའི་གཞས་ཤིག་
སྐད་གསེང་མཐོན་པོས་བཏང་བ་ཡིན།                                                                    

          གློག་བརྙནThe Kite Runner ལ་བལྟས་ནས་སེམས་སྨྲེང་ཚུལ།
འགྲོ་ལམ་དེ་སོང་གིན་སོང་གིན
གུ་དོག་པོར་གྱུར།

དབུགས་ཀྱང་ཆད་ལ་ཉེ།
        
                ཨ་རི་ན་ཡོད་པའི་ཚ་བོ་གངས་རྒྱན་ནོར་བུ་ལ་བྲིས་བ།
མདང་ནུབ་ངས་གློག་ཀླད་བརྒྱུད་ནས།
ཕོ་བྲང་དཀར་པོ་དང་གྲོས་ཚོགས་ཆེན་མོའི་གཞུང་ཁང་།
ཨ་རིའི་རླུང་འཕྲིན་ཁང་གི་བཟོ་བཀོད་ལེགས་པའི་ཁང་བརྩེགས་མཐོན་པོ་སོགས་མཐོང་དུས།
ངས་རང་ཉིད་ནི་རྒྱུན་ལྡན་གྱི་ཨ་རིའི་འབངས་མི་ཞིག་ལ་ངོས་བཟུང་འདུག་ལ
ལུས་སྟོབས་རྒྱས་པའི་ཉེན་རྟོག་པར་འཛུམ་ཙམ་བྱས།
སྐྲ་སེར་མིག་སྔོན་གྱི་ཕྱི་གླིང་བུ་མོ་དེལའང་འཛུམ་ཙམ་བྱས།
འཛུམ་མང་པོ་བསྟན་རྗེས་ངོ་སྐྱི་འདིའང་ཅུང་ཙམ་རིད་པར་གྱུར་ནའང་།
མདུན་ངོས་ཀྱི་རྔམ་སྟོན་ཁྲོམ་སྐོར་བྱེད་ཀྱིན་པའི་མི་ཚོགས་དབུས་ཀྱི་
བྱིས་པ་སྙིང་རྗེ་བོ་དེ་མཐོང་དུས།

ང་ལ་མཚར་སྣང་ཞིག་སྐྱེས་ཏེ།
རང་དབང་མེད་པར་གངས་བྷ་ཞེས་འབོད་དགོས་བྱུང་།

          བཀྲས་ཆུང་གི་གཞས་ལ་ཉན་པ།
ཡུན་རིང་ལ་ཉན་པའི་དབང་གིས
ཁྱོད་ཀྱི་གླུ་གཞས་ནི་ཁོད་སྙོམས་པའི་ཡུལ་ལྗོངས་ཤིག་དང་
རླུང་བུ་བསིལ་མོ། ཉི་འོད་འཇམ་པོ།
བསང་དུད་ཀྱིས་ཁེངས་པའི་ནམ་མཁའ།
རང་དབང་ངང་གཤོག་རྡེབ་བྱེད་ཀྱིན་པའི་འདབ་ཆགས
བེམ་པོ་ལྟར་གྲགས་འགུལ་མེད་པ།
ན་ཟུག་གིས་ཁེངས་པ། སྐྱོ་གདུང་གིས་ཁེངས་པ།
བྱམས་དང་སྙིང་རྗེ་ཡིས་ཁེངས་པ།
གོ་མེད་ཚོར་མེད་ངང་མིག་ཆུ་ལྷུང་སྲིད་པའི་གཏམ་རྒྱུད་རིང་མོ་ཞིག
ཚོང་བ་ཚོའི་སྐེ་ན་ཀེམ་ཀེམ་གཡོ་བའི་གཟི་མིག་དགུ་བ་ཞིག

མཚམས་ལན་རེར།
འཇམ་ཐིང་ངེར་མི་གནས་པ། རླུང་གི་རྒྱུ་ཕྱོགས་དང་ལྡོག་ནས་ཡོད་པ།
ཆང་དྲིས་ཁེངས་པ། ང་ཡིས་གོ་བ་ལེན་གྱིན་པའི
གླུ་གཞས་ཀྱི་ངོ་བོ་དང་ཡེ་ནས་མི་འདྲ་བ།
འདར་སིག་སིག་བྱེད་པ།
གཅོམ་ཆུང་གི་ཉམས་སྟོན་པ། ཐ་ན་ཤེས་རིག་གང་གིས་ཀྱང་མ་ལྷད་པའི
ངག་གི་དབུགས་རྒྱུན་ཞིག

ཡིན་ཡང་། རིགས་རྒྱུད་ཅིག་གི་སྙིང་ལ་འདྲེས་འདུག་པ་འདྲ་སྟེ།
ང་ལ་སྡུག་བསྔལ་བཟོད་གླགས་མེད་པ་རེ་བྱིན་སོང་།

          ཞོགས་པའི་རྨི་ལམ།
ཕ་གིའི་ནགས་ཚལ་དུ་གཞི་སྡོད་བྱེད་པའི་སེང་གེ་དེ།
མོ་སེང་ཞིག་ཡིན་པ་ངས་སུ་ལའང་བཤད་མ་སྤོབས།

ཡིན་ཡང་། མཆེ་སྡེར་ལ་པདྨའི་དྲི་དྲོ་ཚུལ།
སུ་དང་གང་གིས་ཀྱང་ཤེས་སོང་།

         ཆར་བ་ཤག་ཤག་བབས་རྗེས་ཀྱི་ཡུལ་ལྗོངས།
སྤང་ལྗོངས་དང་ལུས་འབྲེལ་བྱེད་དུས་ཀྱི་ནམ་མཁའ་ནི།
རླུང་བུ་མེད་པ་ལྟར་དལ་བ་དལ་མོར་ངའི་མགོ་ཐོག་ཏུ་དཔྱངས་འདུག

ང་ཁ་སྦུབ་ཏུ་ཉལ། ང་སླར་ཡང་གན་རྐྱལ་དུ་ཉལ།
ངས་གསལ་བོར་མཐོང་ཐབས་བྲལ་བའི་ནམ་མཁའི་ནག་ཐིག་གཉིས་ལ་དབྱེ་བ་ཕྱེས།
གཅིག་ནི་ཁྭ་ཏ་དང་ཅིག་ཤོས་ནི་བྱ་རྒོད།
ངས་འདབ་ཆགས་འདི་གཉིས་ཀྱི་དྲན་ཚུལ་བློས་བསླངས་བྱས།
ངས་རང་བྱུང་ཁམས་བློས་བསླངས་བྱས།
ངས་རྒྱུ་འབྲས་བློས་བསླངས་བྱས།
ངས་མིག་ཆུ་འབྱིད་བྱེད་ཀྱི་ལག་རས་ལྟ་བུའི་ཉི་མ་དེ་བློས་བསླངས་བྱེད་དུས།
ས་རུབ་ལ་ཉེ། གང་ལྟར་ས་རུབ་ལ་ཉེ།

སྐབས་དེར། ངས་རྟ་ཁ་བསྒག་ནས་བདེ་མོའི་ཀི་རིང་ཞིག་ཀྱང་འདེབས་མ་ཐུབ་པར།
གཙང་ཆུ་དེ་བརྒལ་ནས་ཡུལ་ལ་ལོག་རྒྱུ་བྱས་ནའང་།
རྟའི་རྨིག་རྗེས་ཀྱིས་བརླགས་པའི་མེ་ཏོག་ཉམས་ཆུང་དེ་དག་ལ།
བསྔོ་སྨོན་གྱི་ཚིག་གསུམ་བཟློས་དུས་ས་རུབ་ཐག་ཆོད་སོང་།

ཉེ་འཁོར་གྱི་ཡུལ་ལྗོངས་ཕུན་སུམ་ཚོགས་པ་དག་ཀྱང་མཐོང་ཐབས་མི་འདུག

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།