གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་བུ་དཀོམ་བཀྲའི་སྙན་ངག་གསར་བ་ཚན་པ་བརྒྱད།

2013-01-20 11:01:00 འབྲོག་བུ་དཀོམ་བཀྲ ཀློག་གྲངས། མཆན ཡོད།

           ནམ་མ་གསལ་གོང་གི་ཁ་པར་དེས།
               

མཐའ་མཚམས་མི་གསལ་བའི་འཁོར་བའི་གྲོང་འདབས་ཀྱི
བཀླག་མ་ཚར་བའི་སྒྲུང་རབས་དང་བློས་མི་ཆོད་པའི་རྨི་ལམ་མང་བོ
སྐད་ཅིག་ལ་རྨེག་མེད་དུ་བཟོ་བའི་དུས་ཚོད་ཀྱི་འཕྲུལ་འཁོར་འདིས
མཚན་སྨད་ཀྱི་ནགས་ཚལ་ཧམ་པས་བསྲེགས་ཤིང
ནགས་ཚལ་དེའི་ཀློང་གི་རི་དྭགས་རྣམས་ཀྱང་དམར་གསོད་བཏང་འདུག

ནམ་མ་གསལ་གོང་གི་ཁ་པར་དེས
ར་བཟི་བའི་སྒྱོགས་མདེལ་ཞིག་ལྟར
ངའི་གཉིད་ཀྱི་གཟིམ་ཆུང་རྨང་ནས་གཏོར་ཞིང
རྨི་ལམ་ལས་ནས་ཆང་བཙགས་པའི་བུ་མོ་དེའི་མིང་ཡང
ཚེར་མའི་ཡལ་ག་ལྟ་བུའི་རྣོན་པོ་ཞིག་ཏུ་བསྒྱུར་འདུག

ནམ་མ་གསལ་གོང་གི་ཁ་པར་དེས
ཆང་དམ་སྟོང་བ་འགའ་ཕྱོགས་གཅིག་ཏུ་སྤུངས་ནས
སེམས་འདུན་དང་དད་མོས་ཡོད་ཚད་གོང་བུ་གཅིག་ཏུ་སྒྲིལ་རྩིས་བྱས་མོད
གྲང་རེག་གི་རྒྱུ་བ་ཞོན་པའི་བདག་གི་རྣམ་ཤེས
སྔ་མོ་ནས་འཕུར་ཟིན

སྨུག་སྤྲིན་རྗེས་སུ་ཁྲིད་པའི་ལ་གཞས་རབ་རིབ
སྐྱ་རེངས་གོས་སུ་བཀླུབས་པའི་ཉི་འོད་འཁྱག་པ
ཤིང་བཟོའི་ལག་གི་སོག་ལེ་རུ་གྱུར་ཏེ
འཇིག་རྟེན་གྱི་རྣ་འབྱོག་སག་སག་ཏུ་གཅོད་པའི་དུས་ནི་དེ་རིང་ངོ
               སྤྱི་ལོ་༢༠༡༣ལོའི་ཟླ་༡པོའི་ཚེས་༡༩ཞོགས་པར།
 

            འདས་པོ་ཞིག་རྨི་ལམ་ནས་གསོན་བྱུང་།

མི་ལོ་བརྒྱད་ཀྱི་སྔོན་ལ་འདས་གྲོངས་སུ་ཕྱིན་པའི་མི་ཞིག
མདང་ནུབ་ངའི་རྨི་ལམ་ནས་བསྐྱར་དུ་གསོན་བྱུང
ཁོ་བོ་སྔོན་མ་ནང་བཞིན་ངའི་གྲོགས་པོ་རེད
ང་ལ་ནས་ཆང་གི་བྲོ་བ་ཐོག་མར་ཚོར་ཏུ་འཇུག་མཁན་གྱི་གྲོགས་པོ་དེ་རེད

ངེད་གཉིས་ཀྱིས་མཉམ་དུ་བཏུས་པའི་རེའུ་ལྕག་གི་མེ་ཏོག
ད་དུང་ཡང་ནར་མ་སོན་པའི་བུ་མོ་ཞིག་གི་ལན་བུའི་གསེབ་ཏུ་ལུས་ཡོད

མདང་ནུབ་ངེད་གཉིས་ལ་སྐད་ཆ་མང་བོ་མེད་ན་འང
རྒྱུས་ཆེ་བའི་ངོ་གདོང་གི་ཕྱེད་ཀ་ནི་གྲིབ་མས་གཡོགས་ནའང
ཐག་ཉེ་ཉེ་འདྲ་བའི་ལག་པ་ཡ་གཅིག་གིས
ངའི་མཐོང་ལམ་ནས་གཡབ་གཡུག་མང་དུ་བྱེད

ནམ་ལངས་ཁར  ཁོ་བོ་དལ་བ་དལ་བུར་མེད་པར་གྱུར
ངའི་རྨི་ལམ་དུ་ཁད་ཀྱིས་འཐིབས་པའི་སྨུག་པ་འང་དྭངས་པར་གྱུར
མ་གཞི་སྨུག་པ་དེ་ནི་འཇིག་རྟེན་གཉིས་སོ་སོར་ཕྱེད་པའི་རས་གཡོལ་ནག་པོ་ཞིག་ཡིན་འདུག
                   2012-12-26

            དུར་ཐང་གི་མགུར།

དགུན་གྱི་ཁངས་ཆག་ནས་དཔྱིད་ཀའི་མུག་སྡུག་གི་བར་དུ
རྫིང་བུ་སྐམ་ཤུལ་གྱི་ཉ་ལྕིབས་སྟོང་བ་དག་རླུང་གིས་དཀྲོལ་ཅིང
མེ་འཁོར་ལས་རྒྱང་མིག་གཡོར་བའི་ཨ་ཅག་དེའི་ལག་གི
སྐྱུར་སིལ་སིལ་གྱི་རྨ་ལམ་ལ་འགྲམ་དར་ཆགས

གྲང་ངར་གྱིས་ཧྲལ་ཧྲུལ་དུ་བཙབས་པའི་ནམ་མཁའི་མཐོངས་ནས
ཁུར་མོང་ནག་པོ་ཞིག་དང་འདྲ་བའི་བྱ་རྒོད་ཅིག
སྐྱ་བོང་བོང་གི་སྤྲིན་པའི་གསེབ་ཏུ་ཐལ

ཕ་ཡུལ  ངས་ཁྱོད་རང་དྲན་པ་ནི་མེ་ཏོག་ཅིག་དྲན་པ་མིན་ཏེ
མེ་ཏོག་དེ་གྲུབ་བྱེད་ཀྱི་འདབ་མ་ཁྲ་ཁྲ་དང་ཟེའུ་འབྲུ་ཕང་ཕུང
གཞུང་རྟ་ཕྲ་མོས་མཚོན་པའི་ཚེ་སྲོག་གི་སྟོབས་ཤུགས་དྲན་པ་ཡིན
                     2012-12-20

          ཞོགས་པ་ཞིག་ལ་སྲང་དུ་ཆས་པ།

ཁ་བ་སྲབ་མོས་རྫོང་མཁར་གྱི་ཕྱི་ནང་བཀླུབས
མཁའ་དབུགས་གྲང་མོས་ལུས་པོའི་སྐྱི་ནག་ལ་སྡེར་འབྲད་བྱེད
འཕྲུལ་བའི་སྨུག་ཞགས་མ་དྭངས་པའི་བཟི་བོ་སྐོར་ཅིག
འུར་ཆིལ་ལེ་ཟ་ཁང་ཆུང་ཆུང་ཞིག་ཏུ་འཚངས
ཁོ་ཚོའི་ཀུ་ཅོ་དང་ཆོ་ངེས
གསར་དུ་ཤར་བའི་ཉི་གཞོན་ལ་ཁྲག་རྩི་བྱུགས

ཁ་བའི་འདབ་མ་ཆུང་ཆུང་དག་རླུང་གིས་སྤུར་ཤུལ་དུ
ནག་ཉིལ་ཉིལ་གྱི་མི་ཚོགས་ལ་མཛེས་སྡུག་གི་ཕྱིར་དྲན་ཡོད་པར་གྱུར
                  2013-1-14

       རྒུད་པ།

འཆི་བ་ཞེས་པའི་གར་མ་དེ་དྲན་པའི་མོད་ལ
སུན་སྣང་ཆེ་བའི་ཕྱི་དྲོ་རེ་རེ་ནི་གློག་འཁྱུག་བ་བཞིན་སྐད་ཅིག་ལ་ཡལ་འགྲོ
ངེད་གཉིས་སྦྲེལ་བྱེད་ཀྱི་རྩྭ་ཐག་སྐྱ་བོ་དེའང
དུས་ཚོད་ནས་གཤེར་ཁུ་དང
གཤེར་ཁུ་ནས་ཀེང་རུས་ཀྱི་གཟུགས་སུ་གྲུབ

དེ་རིང   ནུ་བོར་རྩེད་རོགས་ལ་ཉོས་པའི་རུས་སྦལ་ཆུང་ཆུང་དེ
ཤེལ་སྒྲོམ་དང་ལྷན་དུ་སིལ་བུར་འཐོར
ངས་རུས་སྦལ་དེ་ལ་འབྲི་མོའི་འོ་མ་ལྡུད་ནས
ནུ་བོ་དང་མཉམ་དུ་མཐོ་སྒང་ནས་གཉོར་འདང་ཡོད་ཡ
                    2012-12-16
 


          གཉིད་ལས་སད་རྗེས།     

མེ་ལྕེས་འཚིག་གིན་པའི་ནགས་ཚལ་གྱི་ཀུ་ཅོ་རེ་རེས
ལུས་ཀྱི་ཁྲག་རྩ་དཀར་ནག་དག་ཚོད་ཚོད་ལ་སྲེག་ཡོང
ཏག་ཏག་སྐབས་འདིར་ཡོད་ཆོག་ཆོག་གི
ཤ་བོའི་རྨིག་རྗེས་ནས་བརྡོལ་བའི་འདམ་ཆུ་རྙོག་པོ་དེའང
ཆུ་རླངས་ཐོལ་བུ་ཞིག་ཏུ་གྱུར་ནས་ཡལ་བར་གྱུར
ངས་དེ་ཉིད་སླར་ཡང་སྙན་ངག་ཚན་པ་ཞིག་ཏུ་བྲི་འདོད་པའི་མོད་ལ
ལག་གི་སྨྱུ་གུ་ནི་སྐོམ་པས་གཟིར་བའི་བྱེའུ་ཞིག་ལྟར
ཐག་རིང་གི་སྤྲིན་པ་གཟས་ཏེ་འཕུར་གྲབས་བྱེད།
            2012-12-24
 
           མུ་ཏིག་གི་གསེབ་ནས།

མེ་ལོང་གི་ཆག་འཕྲོ་ལས་ཟགས་པའི
མཛེས་མའི་ལུས་ཀྱི་ཕྱེད་ཀ
ཚེ་རབས་གཅིག་ལ་སྙིང་དུ་སྦངས་པའི
མཆུ་སྒྲོས་ཀྱི་འདབ་མ་མཉེན་མོ
ཉེས་དམིགས་དང་ཟོག་སྟོང་གིས་མ་གོས་པའི
ལུས་ངག་གི་ཤུགས་བསྟན་གཙང་མ

ཞོགས་པ་དེར  ཁ་བ་ལྷབ་ལྷབ་འབབ
ཁྱོད་ཀྱི་རྐང་རྗེས་ནས་ཁྲག་གི་མེ་ཏོག་བཞད
མེ་ཏོག་ཆེ་ཆུང་མང་བོ་བསྟུད་མར་བཞད
བརྩེ་དུང་གི་རྩིས་ཁྲ་ཇི་བཞིན

རྒན་གྱི་ཨག་ཚོམ་ན་གཡེང་བའི་ཐ་སྙད་འདི
བུ་མོའི་ཡ་ཆུང་དུ་བསྐྱིལ་བའི་ཆུ་མིག་འདི
ཤེལ་གྱི་བུམ་པ་ཞིག་ཏུ་མཉམ་པོར་བཅུས་ཚེ
གནམ་གྱི་སྐ་རགས་བཞིན་རྒྱུ་སྐར་གྱིས་བསྐོར་སྲིད་དམ

མུ་ཏིག་གི་གསེབ་ནས
རྣ་གཤོག་གཡས་པ་རྒྱང་རིང་ལ་བརྐྱངས་ན
བུ་མོ་གཞན་ཞིག་གི་གླུ་སྐད་ག་ལེར་བཞུར་ཡོང
དེ་ནི་དཔྱིད་ཀྱི་དཔལ་ཡོན་བསླེབས་པ་བཞིན
མིག་མདུན་ནས་ཨུག་ཆོས་མེ་ཏོག་ཚོམ་བུ་བྱས་ཏེ་སྐྱེས་ཡོང
2012-12-26

        ང་གཞི་ནས་འཆི་ལ་ཉེ།

སྟོན་ཀ་འདས་སོང
སྟོན་ཀའི་རུམ་གྱི་རྒྱུ་སྐར་ཁྲ་ཁྲ་དག་ས་རུ་འཐོར་སོང
གྲིབ་མའི་ལག་ཏུ་ཐོགས་པའི་མེ་ཏོག་གཉོམ་པོ
ལྕགས་ལས་བྱས་པའི་གཟེར་བུ་རྣོན་པོ་ཞིག་དང་འདྲ་བར
ཧམ་སྲེད་ཀྱིས་གཟིར་བའི་མིག་ཀོང་དུ་ཤེད་ཀྱིས་ཟུག

སྤྲིན་པའི་བུ་སྣོད་ལས་ལྷུང་བའི་ཕྱེ་ལེབ་ཤི་བོ
རྨི་ལམ་གྱི་མཚོ་ཆུང་དང་མཉམ་དུ་འཁྱག་ལ་འབྱར
རི་མགོ་མཐོ་ས་ནས་བྱང་དུ་མཆེད་པའི་གླུ་སྐད་སྟོང་བ
ང་ཚོས་མི་ཚེ་གཅིག་ལ་བཏགས་པའི་སྣམ་བུ་འཇམ་པོ་དེ་མིན་ནམ

མུན་པ་དང་འཁྱག་རོམ་གྱིས་བསྐོར་བའི་བྱེ་ཐང་དུ
ངང་བ་རེ་གཉིས་ཀྱིས་སྨུག་ནག་གི་གཙང་བོ་ཞིག་རྟོག་བཟོ་བྱས
གཙང་བོ་དེའི་འཇིངས་སུ་བྱུ་རུའི་སྡོང་བོ་དང་རྒྱ་སེ་དམར་པོ
ཁ་བཏགས་དཀར་པོས་བཏུམས་པའི་གཟི་མིག་དགུ་བ་སོགས་ཡོད་སྐད

རྟབ་རྟབ་པོར་འཁྱུག་པའི་འོད་ཀྱི་ཉག་མ་དེས
གྲང་ངར་དང་ན་བུན་གྱི་རྩིག་པ་སོ་སོར་ཕྲལ་ནའང
མེ་འཁོར་གྱི་སྒེའུ་ཁུང་ལས་བསྲིངས་པའི་ལྕེབས་ཐག་ནག་པོས
སྐྱེ་འཆིའི་ལམ་གྱི་རི་རབ་དག་གི་རྩེ་མོ་བྲེགས་སོང
                  2012-12-15


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།