གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆར་ཐིགས་ཀྱི་སྙན་ངག་བདམས་བཀོད།

2014-10-28 14:26:00 ཆར་ཐིགས། ཀློག་གྲངས། མཆན ཡོད།

ཆར་ཐིགས། མིང་དངོས་ལ་སྒྲོལ་མ་འཚོ། རྩོམ་རིག་འབྲི་སྦྱོང་ལ་དངོས་སུ་ཞུགས་ནས་ལོ་གཉིས་ཙམ་ཡིན་ལ།ད་བར་བསྡུ་ཉར་ཐུབ་ཡོད་པའི་བྲིས་རྩོམ་ཉིས་བརྒྱ་ལྷག་ཡོད་ལ་མང་བོ་ཞིག་བོར་བརླག་བྱུང་སོང་། དགའ་ཕྱོགས་གཞན་ཞིག་ཡོད་པ་ནི་དཔེ་ཆ་ཉོ་བ་དང་དཔེ་ཀློག་ནུས་ཚོད་རེ་བྱེད་པ་དེ་ཡིན། རྩོམ་རིག་ཅེས་པ་དེ་རང་གི་དགའ་ཕྱོགས་ཀྱི་རིག་ཚན་དུ་ཆགས་ཡོད། རྩོམ་རིག་ཅེས་པའི་ངོས་ཐད་ནས་རང་ཉིད་ཐ་སྙད་འགར་ཤ་འཐམས་རོ་འཐམས་བྱེད་པ་འདི་ད་སྐབས་ལ་མཚོན་ན་རང་ཉིད་ལ་ལམ་བཟོ་བ་དེ་ཡིན།

          སྐད་ཆའི་ཁྱེའུ།

 

དོ་ནུབ་ང་ཡི་རབ་གསལ་ཁ་ན།།
ཁྱེད་ཀྱི་གྲུ་ཆུང་ཕར་ལ་བསྐྱོད་པས།།
འུ་གཉིས་འཁོར་མདའ་རིང་མོའི་སྣེ་ཡི།།
གཏམ་རྒྱུད་ཅིག་ནི་ཡིན་ན་དགའ་འོ།།
གཏམ་རྒྱུད་ཅིག་ཏུ་འཐིམ་ན་སྐྱིད་དོ།།

ཕྱི་ཡི་ལམ་བུ་སྙིང་ཁར་དོད་དུས།།
ང་ཡི་སྐད་ཆ་རླུང་གིས་གཡོས་བྱུང་།།
རླུང་བུའི་ནང་གི་འདབ་མ་ལྗང་སེར།།
ང་ཡི་ལོ་ཟླ་བཞུད་རོགས་ཡིན་ན།།
ང་ཡི་ཉིན་ཞག་འགྲོ་ཚུལ་ཡིན་རེད།།

སྐད་ཆ་གཅིག་ནི་ཤུབ་བུར་གློད་དུས།།
སྐད་ཆ་གཞན་ཞིག་ལྐོག་ཏུ་བྲོས་སོང་།།
ཚོར་སྣང་བན་བུན་དེ་ལ་འཐམས་ཀྱང་།།
མཚན་གྱི་ཁ་ལེབ་ཡར་ལ་བཀྱག་སོང་།།
མཚན་གྱི་བློ་འཁྲུལ་གར་ལ་རོལ་སོང་།།

འུ་གཉིས་མཚན་མོའི་རླུང་བུ་ཡིན་ན།།
གྲང་ངར་བཙན་པོའི་བར་ནས་བུད་ཡོང་།།
རྨི་ལམ་དམར་བོར་གས་ཁ་དོད་ནས།།
ཤི་རྒྱུ་མེད་པའི་ཐམ་ཀ་བརྒྱབ་ཡོད།།
གསོན་སྙིང་མེད་པའི་རི་མོ་བྲིས་ཡོད།།

འཇའ་ཡི་བརྙན་རིས་གཞུ་མོར་འཁྲུལ་ཞིང་།།
མིག་འོད་ཕྲ་མོ་མདའ་རུ་རློམ་ནས།།
གནམ་གྱི་མཐོངས་སུ་འཕང་ན་འདོད་བྱུང་།།
གནམ་སའི་ཨག་སྐད་རྣ་ལ་ཐོས་ན།།
གནམ་སའི་བརྩེ་བ་མངོན་པ་དེ་ཡིན།།
           2014.10.14

          ལོ་ཟླའི་མེ་ལོང་ངོས་ན། བསམ་ཡན་འདར།

 

རྡོ་གཅལ་ངོས་སུ་འབྱར་བའི།།
གྲིབ་མའི་ཁ་དོག་འགྱུར་འགྲོ།།
རེ་སྨོན་མཆི་མར་སྦངས་ནས།།
ཤོག་བུའི་གྲུ་ཆུང་བཟོས་ཡོད།།
གྲིབ་མ་གྲུ་ཆུང་ཡིན་འདྲ།།
གྲུ་ཆུང་རང་ཡང་ཡིན་འདྲ།།

ཚིག་གི་འདབ་མ་འཐོར་བཞིན།།
ཟླ་བའི་ལག་པ་འཇུས་ཡོད།།
སྤྲིན་པ་སྐྱ་སེར་སྔོ་དམར།།
ཚུར་ལ་དལ་བུར་ཆས་ཡོང་།།
ང་དང་ཟླ་བའི་བར་ལ།།
སྤྲིན་པའི་ལྕགས་རི་བསྐྲུན་བྱུང་།།

ཆུ་ཡི་མེ་ལོང་ནང་ནས།།
མཁའ་ཡི་དུད་པ་མཐོང་བྱུང་།།
དྲི་བྲལ་དུད་པ་ནག་པོ།།
མཚོ་མོའི་ངོས་སུ་ཁྱབ་སོང་།།
མཚོ་ནང་ཤར་བའི་གཟུགས་ལ།།
ང་ཡི་མིང་ཞིག་མ་རྙེད།།

རྩྭ་ལྡུམ་སྤང་ན་འདར་བ།།
སྤང་གི་ཁ་དོག་ནག་པ།།
མཚན་གྱི་སྟོང་བའི་ཁམས་ནས།།
ཞེ་སྡུག་དྭངས་མཐའ་བྲལ་བ།།
སྟོང་བར་སྤར་འབྲད་བྱས་པས།།
སྤར་རྗེས་སྙིང་ཁར་དཔར་སོང་།།

གུར་གྱི་སྐར་ཁུང་མཐོང་བས།།
བར་སྣང་བརྩེགས་མར་འདོད་བྱུང་།།
སྐར་མའི་ངོ་གདོང་མཐོང་འཕྲལ།།
གུར་ཆུང་ཕྱི་ལ་བུད་སོང་།།
ཕྱི་ཡི་གྲང་ངར་བཙན་པས།།
ཕྱི་ལམ་དེད་ནས་བུད་ཡོང་།།

ནང་གི་མུན་པའི་གསེང་ལ།།
ཟླ་བ་གོར་གོར་བྲིས་ཡོད།།
སྐར་མ་ཁྲི་འབུམ་དཔར་ཡོད།།
སྤྲིན་པ་སྲབ་བུ་བཀབ་ཡོད།།
མནལ་ལམ་བདེ་བར་བྱས་ཡོད།།
མཁའ་ལ་ཧད་དེ་གཟིམས་འགྲོ།།
    ༢༠༡༤.༧.༥བྲིས་ཤིང་༧.༨ཉིན་བཅོས་ཙམ་བྱས།

          དབྱིངས་ཀྱི་བྲིས་མ།

མཚན་གྱི་མཁའ་ན་སྐར་མའི་མིག་ཟུང་བཀྲག།
ང་ཡིས་གཟུགས་མེད་ཐག་པ་མཁའ་ལ་འཐེན།།
མཁའ་ཡི་བཀྲག་མདངས་ནང་གི་རི་མོ་དེ།།
མཁའ་ནི་ང་ཡིན་ང་ནི་དབྱིངས་སུ་གྲུབ།།

རླུང་བུས་དཀྲོགས་པའི་རྨི་ལམ་འཕྲོ་མ་དེ།།
ཆུ་ཡི་བཞིན་དུ་ཡང་ཡང་འབྲི་འགོ་ཚུགས།།
བཞིན་དེ་མཐོང་འཕྲལ་ང་ཡང་ཆུ་ཡི་གཟུགས།།
བྲིས་བའི་རྨི་ལམ་རང་གི་དབྱིངས་སུ་ཤར།།

རྗེན་མར་མུན་པའི་ཐང་ཆེན་དཀྱིལ་དུ་སོང་།།
ལུས་ཀྱིས་རྩལ་ཁ་རྫོགས་པའི་གར་ཙམ་འཁྱུག།
ཐང་ཆེན་ངོས་སུ་ཕབ་པའི་རྐང་རྗེས་དག།
ཡང་དུ་ཁ་ཁུ་སིམ་པའི་མཁའ་རུ་འཁྲུངས།།

སྣང་བའི་མཁའ་ནས་རང་གི་མིག་ཟུང་འཚེར།།
མིག་ཟུང་ནང་གི་གཟུགས་དེ་ལོ་ཟླ་འམ།།
ང་ཡི་ཉིན་ཞག་བརྩེགས་པའི་ཁ་ངོ་ཡིན།།
མཁའ་འདི་མེ་ལོང་ང་ཡི་སྣུམ་ཚོན་ཅི།།

བལྟས་ཀྱིན་འཕྲོ་བའི་མིག་ལམ་སྐར་མས་སྒྲིབ།།
སྐར་མའི་ནང་ན་ང་ཡི་གཟུགས་རིས་འགུལ།།
ལག་པ་ཕར་ལ་བསྲིངས་ན་ཚུར་ལ་སྲིང་།།
ང་ནི་ང་ཡི་དབྱིངས་ཀྱི་བྲིས་མ་ཞིག།

ཤོག་བུའི་ཞྭ་དཀར་བསྐོན་ཡང་བྲིས་མ་ཞིག།
འཆར་ཡན་འཇའ་གུར་ཕུབ་ཀྱང་བྲིས་མ་ཞིག།
རང་གི་མཁའ་ལ་སྔ་ནས་བྲིས་ཚར་བ།།
བསྐྱར་དུ་ལད་པ་རྨི་ལམ་ཅི་ཞིག་འཁོར།།
       སྤྱི་ལོ་ཉིས་སྟོང་བཅུ་བཞི་ལོའི་ཟླ་བདུན་པའི་ཚེས་གསུམ་ཉིན་བྲིས།

          སྐྱ་རེངས་དང་འཁྲུལ་བློ།

 

ཁུ་སིམ་གནས་མལ་གྲང་བའི་སྟོན་རླུང་གིས།།
ང་ཡི་ཀ་ཁའི་རོལ་མོར་ཡང་ཡང་རེག།
ང་ནི་སྐྱེ་འཆིའི་དབྱངས་རྟ་གསོན་པོ་སྟེ།།
དྲན་པའི་ལག་པ་བསྲིངས་ནས་དཀྲོལ་བར་བྱ།།
ཡང་སྙིང་མི་དེས་རྨི་ལམ་ལྗོངས་སུ་སྤུར།།

རྨི་ལམ་མེད་པའི་མཚན་མོའི་དཀར་ཁུང་ན།།
མཐོང་འདོད་དྲགས་པའི་མི་དེ་ཟླ་བར་འཛུལ།།
ཟླ་བའི་འོད་ལས་ལན་གཅིག་ཡལ་འགྲོ་བ།།
རབ་རིབ་རི་བོང་ཟེར་བ་ཁྱེད་ཡིན་ནམ།།
ང་ཡི་དྲན་པའི་མིག་མཐའ་རློན་པ་ཡིན།།

རྒྱང་ནས་རྩྭ་ལོ་གཡོ་བའི་སྒྲ་ཙམ་ཐོས།།
རྣ་བ་ཀྲོག་ཀྲོག་ཉན་སྒུག་ཡུད་ཙམ་བྱས།།
སེམས་པ་འཁྲེང་འཁྲེང་མིག་གིས་རིག་རིག་བལྟས།།
འབྲོག་སྟོང་ཡུལ་གྱི་རི་དྭགས་ཤིག་ཡིན་ཁར།།
ང་ཡི་དྲན་པའི་ཡིད་འཛིན་འཁྲུལ་བ་རེད།།

ང་ཡི་སྒོ་དར་གཡོ་བའི་རླུང་བུ་དེས།།
མཚན་གྱི་ཟླ་བ་དེད་ནས་འགྲོ་བ་འདྲ།།
གྲིབ་མའི་སྐྲག་སྣང་སློང་བའི་མཚན་མོ་འདི།།
ང་ཡིས་ཁྱེད་ལ་བསྒུག་པའི་ཉིན་ཞག་ཡིན།།
མུན་པའི་མཁའ་ལམ་ཐེད་ཀྱང་དྲན་པར་འཛུམ།།

ཀྱག་ཀྱོག་ལམ་བུ་ཚེ་ཡི་ཞགས་པ་དེ།།
སྲོག་ནི་ཨ་ལོང་ཟེར་ཡང་ཡིན་འདྲར་འདུག།
སྒོར་སྒོར་ཨ་ལོང་ནང་གི་གཟུགས་ཙམ་པ།།
འཆར་ཡན་གཤོག་པ་དཀར་བོ་ཡིན་ཡང་སྲིད།།
དྲན་པའི་གས་ཁ་དོད་ན་ཇེ་དཀར་རེད།།

ཨ་རག་མ་འཐུང་སེམས་བྱུང་མུན་པར་འཁྲིལ།།
སྣང་བའི་ཁམས་ལ་སྨུག་པ་ལང་ལོང་འཕྱུར།།
གདུང་བའི་སེམས་ལ་བདུགས་པའི་དྲན་པ་དེ།།
མཚན་མོའི་ཚིག་འབྲུའི་ནང་དུ་ཡང་ཡང་སིམ།།
ང་ཡི་རྣམ་ཤེས་གཞན་གྱི་ཕྱོགས་སུ་འདོང་།།
            ༢༠༡༤•༨•༡༥

         མི་དེར་བལྟས་པ།

མི་དེའི་གཟུགས་ནི་མཐོ་དམའ་རན་ཙམ་མམ།།
མི་དེའི་གཟུགས་ནི་དཀར་དམར་རན་ཙམ་ཅི།།
མི་དེའི་གཟུགས་ནི་སྣང་བས་ཟིན་མེད་འདྲ།།
མི་དེའི་གཟུགས་ནི་ཚོར་བས་རྟོག་མེད་འདྲ།།
མི་དེ་ཡུལ་དེའི་མཛེས་སྡུག་གང་དུ་གཏོགས།།
ཉི་ནུབ་འོད་ཀྱིས་བསྲོས་ན་ཇི་ལྟར་གྲུབ།།
སྐྱེ་འཆིའི་བར་དོ་དེ་ན་ཇི་ལྟར་འགུལ།།

མཚན་མོའི་སྐར་མས་གདོང་གི་ཞལ་ཡོལ་ཕྱེས།།
མི་དེའི་ཁ་མིག་རྣ་དང་ལྕེ་སྣ་ལུས།།
གཟིགས་སུ་རུང་བ་སྐར་མའི་འོད་དུ་འཚེར།།
སྐར་མའི་མིག་གིས་ང་ལ་མེ་ལོང་བཟོས།།
མེ་ལོང་ནང་གི་མི་དེ་གྲིབ་གཟུགས་འདྲ།།
གྲིབ་གཟུགས་དེ་ཡང་རང་གཟུགས་ཡིན་སྣང་འདྲ།།
དབང་བོ་མིག་གི་འཆར་སྣང་འཁྲུལ་ཞིང་འཁྱལ།།

རིག་པའི་བློ་ཡིས་བརྟག་པའི་གྲུབ་འབྲས་སུ།།
མི་དེ་སྒྲ་དང་གཟུགས་བཅས་ནང་དུ་སིམ།།
མི་དེ་མེ་དང་ས་ཡི་ནང་དུ་འཐིམས།།
མི་དེ་རླུང་དང་ཆུ་ཡིས་འཁྱེར་ཞིང་འགྲོ།
མི་དེ་རྡུལ་གྱི་ཕུང་བོ་ཆ་མེད་ཅིག།
རང་ལ་རང་གིས་བལྟས་ཙ་དོགས་སྣང་ཞིག།
འཁྱར་འཁྱོར་འགྲོ་ལ་ཙོག་ཙོག་སྡོད་འདི་ཅི།།

མཚན་མོའི་མིག་གིས་དམར་བོའི་གཤེར་ཁུ་མཐོང་།།
གཤེར་ཁུ་དེ་འང་ཆུ་དང་ཅི་ཞིག་འདྲེས།།
ས་ཆུ་འདྲེས་བའི་འདམ་ཆུ་ཞེ་ནས་བཞུར།།
ཁྱེད་ཀྱི་སྲོག་གི་སྙིང་བོ་བརླན་དྲོད་འདུག།
ས་གཞིའི་སྐྱི་པགས་བར་ནས་ཅི་ཞིག་འཐོབ།།
སྟོབས་ཀྱི་མི་དེ་སྟོབས་ཀྱི་སྲིད་ན་གདའ།།
ང་ཡིས་ཡང་ཡང་ཁྱེད་དང་ང་རང་བཙལ།།
          ༢༠༡༤•༩•༡༥

        ཐོལ་བྲིས།

 

ཉི་འོད་འཇམ་པོ་ཡིས་བསེར་བུ་བཅིབས་ནས་ཐོན།།
ང་ཡི་སྐྲ་གསེང་ལ་ག་ལེར་འཚང་ནས་འོང་།།
སེམས་ཀྱི་གཙང་ཆུ་ཡང་ལྷོད་ལྷོད་བཞུར་མགོ་ཚུགས།།
སྐད་ཀྱི་གདངས་དབྱངས་ལ་ངག་གི་ལྷ་མོ་བཞུགས།།

ཕར་གྱི་རི་བོ་ཡིས་ན་བུན་དཀྲིས་ནས་སྒམ།།
ཞོལ་གྱི་ཆུ་མོ་གན་ཐུར་ནས་ཐུར་དུ་བཞུར།།
ལྕུག་ཕྲན་ལྗང་ལོ་དག་ལྡེམ་ལྡེམ་གར་ལ་རྩེན།།
ལམ་བར་མཛེས་པ་ཡིས་མི་སེམས་ཁྱེར་ནས་སོང་།།

ངང་ཆུང་ཆ་འགྲིག་ཅིག་ན་ཆུའི་འགྲམ་ན་སྐྱིད།།
ན་འགྲམ་སེར་ཆེན་གྱིས་གྲོལ་བའི་ཆར་ཟིམ་བསྒུག།
བསིལ་ལ་དྲོད་པ་འདི་ཕ་ཡུལ་གཞོང་བ་རེད།།
ཡིད་ཀྱི་དགའ་མགུ་ཡིས་སྨྲ་བསམ་བརྗོད་འདས་གྱུར།།

རྩམ་དྲི་འཐུལ་ལེ་བ་ཕ་ས་སྨུག་པོ་རེད།།
འོ་དྲི་མངར་བ་འདི་འབྲོག་གི་ཕ་གཞིས་རེད།།
ཆུ་གླུ་སྙན་མོ་འདི་འབྲོག་མོའི་དབྱངས་རྟ་རེད།།
རྫི་གཞས་གཤའ་མ་འདི་འབྲོག་གི་གླིང་བུ་རེད།།

ཡུལ་འདིའི་ནམ་མཁའ་ཡང་སྤྲིན་བྲལ་ནམ་མཁའ་རེད།།
ཡུལ་འདིའི་ས་གཞི་ཡང་ལྗང་ལ་ནེམ་པ་རེད།།
ཡུལ་འདིའི་རི་ཆུ་ལ་སེམས་ཀྱི་རྒོད་པོ་ཤོར།།
ཡུལ་འདི་དུས་རྟག་ཏུ་བརྟན་པའི་བཀྲ་ཤིས་ཤོག།
          ༢༠༡༤.༥.༢ལམ་བར་དུ།

         རྣམ་རྟོག་གི་གནོད།

 

མིག་ཤ་གཡོན་པ་འགུལ་བྱུང་།།
གཡས་བར་ཆུ་ཞིག་འཁྱིལ་ཡོང་།།
རྣམ་རྟོག་བློ་ཡིད་འདར་འདར།།
ཉིན་གང་ཅི་ཡང་མ་འགྲུབ།།
དེ་ནི་གྱོང་གུན་ཡིན་པས།།
གཡོན་པ་འགུལ་རྐྱེན་དེ་རེད།།
སེམས་ཀྱིས་བཟོས་པ་དེ་རེད།།
རྣམ་རྟོག་འབྲས་བུ་དེ་རེད།།

རྨི་ལམ་འཇིགས་པོའི་ཁམས་ན།།
ཁྱི་དང་བྱིས་རློན་འཐབ་པ།།
འགོང་བོ་གདོན་གྱི་རྟགས་སུ།།
རྣམ་རྟོག་མགོ་བོ་འཐོམས་པ།།
ཉིན་གྱི་འགོང་བོར་སྒུག་ནས།།
ས་སྲོད་ལ་མོ་བརྒྱབ་སོང་།།
རྨི་ལམ་འགོང་བོ་དེ་རེད།།
སེམས་ཀྱི་རྣམ་རྟོག་དེ་རེད།།

སྐྱ་མོའི་ལམ་ལ་ཆས་དུས།།
ཟོ་སྟོང་ལམ་ནས་མཐོང་བྱུང་།།
ལམ་གྱི་འགོག་རྐྱེན་སེམས་ནས།།
གས་དོགས་དལ་བུར་བགྲོད་པ།།
འབབ་ཚུགས་ཟིན་པ་བྱུང་དུས།།
དུས་འགྱངས་ཉི་མ་ནུབ་འདུག།
སེམས་ཀྱི་འགོག་རྐྱེན་དེ་རེད།།
ལམ་གྱི་དོགས་སྣང་དེ་རེད།།
          ༢༠༡༤.༨.༡༧

 

          ལྷ་མོའི་ཞལ་དང་མིག་ཆུ།

 

མཁའ་ཡི་ལྷ་མོའི་ཞལ་ལ
ཁོ་བོས་དཀར་མདངས་རན་པའི་ཚོས་ཤིག་འདྲུད་དུས
ནམ་མཁའ་ངུས་བྱུང
ནམ་མཁའ་ངུས་བྱུང་མཆི་མ་འཛར
མཆི་མའི་གསེང་གི་བཞིན་ནི་ལྷ་མོ་གང་དེ
འདོད་པའི་མིག་གིས་སུ་ཞིག་འཚོལ

འཇའ་ཡི་ལག་པ་སྲིང་ནས
ཁྱེད་ཀྱི་སྙིང་ཁའི་མེ་ཏོག་ལ་རེག
སྙིང་ཁའི་མེ་ཏོག་གི་ཡུ་བར་ག་ལེར་རེག
དངངས་སྐྲག་གིས་སད་བྱུང
རྨི་ལམ་གྱི་ཆོ་འཕྲུལ་ལ་བསམ་ནས
གློ་བུར་བར་ནམ་མཁའི་ལྷ་མོ་དེར་ཕྱག་དར་འབུལ
གཏིང་ནས་ཕྱུང་བའི་མིག་ཆུ་འཛར་ཞོར་དུ་ཕྱག་དར་འབུལ
              ༢༠༡༤•༧•༡༡

          ནག་འཐོམ་མེར་གྱུར་དུས།

ནག་འཐོམ་མེར་གྱུར་དུས
སྙན་ངག་གཅིག་བྲི་ན་འདོད
ཁྱེད་རང་མཐོང་བའི་སྟོང་བསམ་གྱི་རྒྱང་ཤེལ
ཕྱོགས་དང་ཕྱོགས་སུ་གཏད

ནག་འཐོམ་མེར་གྱུར་དུས།
སྙན་ངག་ཅིག་འབྲི་བཞིན་ཡོད
ས་འབུ་ཐག་ནར་གྱི་རིང་ཐུང་ཙམ་ཞིག་བྲིས
རྐང་ལག་མེད་པས
ཁྱོད་སར་ནུར་བཞིན་འདུག

ནག་འཐོམ་མེར་གྱུར་དུས
སྙན་ངག་ཅིག་བྲིས་ཚར་འདུག
ཁྱེད་ལ་ཕུལ་མི་ཆོག་པའི་སྙན་ངག་ཅིག
ཁྱེད་ལ་བླུད་མི་ཆོག་པའི་དུག་ཆུ་ལྟར
ང་ཡི་སེམས་སུ་བརྡོལ་བྱུང

ནག་འཐོམ་མེར་གྱུར་དུས
སྙན་ངག་ཅིག་ཤོག་བུར་བཏུམ་ནས
གཉིད་ན་འདོད་བྱུང
ཁྱེད་རང་མ་གཉིད་པའི་སྔོན་དུ་བྲིས་ཚར་བས
ང་རང་ཁ་རོག་གེར་གཉིད་ན་འདོད་བྱུང

ནག་འཐོམ་མེར་གྱུར་དུས
ང་རང་གཞི་ནས
ང་རང་གཞི་ནས
སྟོང་འདང་དེས་ནག་འཐོམ་མེར་བཏང
         ༢༠༡༤•༡༠•༥ཉིན།

          ཁྱེད་ནི་སུ་ཡིན།

ལོ་ཟླའི་མེ་ལོང་གས་པའི
ལང་ཚོའི་ཁ་དོག་བོར་བའི
གཉིད་ལམ་གང་ཞིག་དཀྲོགས་པའི
ཁྱེད་ནི་སུ་ཡིན

ཁ་རོག་གེར་སྒོ་མོ་ཙུར་སེར་ཕྱེས་པའི
རྐང་རྗེས་ནང་ལ་དཔར་པའི
འཚོ་བའི་ཁུར་བོ་བཏེགས་པའི
ཁྱེད་ནི་སུ་ཡིན

དཔེ་དེབ་ཅིག་ལ་མཛུབ་མོ་བསྲིངས་པའི
མིག་ཆུས་རློན་པའི་ངོ་གདོང་བསྟན་པའི
སད་སེར་ཀྱི་ཕྱིང་ལྭ་གྱོན་པའི
ཁྱེད་ནི་སུ་ཡིན

འབྲི་ཤོག་ངོས་ལ་བྱིལ་བའི
སྨྱུ་གུའི་སྣེ་མོ་ལྡད་པའི
བསམ་གཞིག་གི་གཏིང་ལ་སློག་པའི
ཁྱེད་ནི་སུ་ཡིན
  སྤྱི་ལོ་ཉིས་སྟོང་བཅུ་བཞི་ལོའི་ཟླ་བདུན་པའི་ཚེས་གཉིས་ཉིན་གྱི་མཚན་མོའི་ཚུ་ཚོད་གཉིས་པར་བྲིས།

             (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།