གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒེའུ་ཁུང་གི་ཚིགས་བཅད་སྙན་ངག་བདམས་བཀོད།

2014-08-11 11:10:00 སྒེའུ་ཁུང་། ཀློག་གྲངས། མཆན ཡོད།

 

         སྡོམ་པ་བཀྲོལ་བ།

སྡོམ་ཟེར་བ་མཇེ་རྩེའི་ཆུ་ཐིགས་ཤིག།
ཆུ་འཛག་པ་རང་བྱུང་ཆོས་ཉིད་རེད།།

སྡོམ་བརྗོད་པ་གོས་ཀྱི་ཁ་དོག་ཅིག།

གོས་རྗེ་བ་རྒྱུན་ལྡན་འཚོ་བ་རེད།།

 

སྡོམ་ཟེར་ན་སེམས་ཁུར་ལྷག་མོ་ཡིན།།
སྡོམ་ཤོར་སྙམ་རེ་དོགས་སྟོང་བ་ཡིན།།
སྡོམ་འགྲོ་བ་རང་གི་འདུ་ཤེས་ཙམ།།

དེ་གཞིག་ན་སྡོམ་ལས་གྲོལ་བའོ།། 

གཞུང་སྐམ་པོའི་ཁུངས་ལུང་བཙལ་དགོས་མེད།།

ཚུལ་བཙུན་པའི་ཚུགས་ཀ་འཛིན་པ་ནོར།།

སྡོམ་ཞེས་བྱ་ཕྱི་ནས་མི་རྙེད་ན།།

སྡོམ་སྐད་པ་ནང་ནས་ཅི་ལ་བརྙེད།།

སྡོམ་དགོས་པ་སེམས་ཀྱི་འཕྲུལ་སྣང་རེད།།

སྡོམ་འདོད་པ་སྨྱོན་པ་སྨྱོ་ནག་རེད།།

སྐྱིད་མི་ཚེ་སྐྱིད་ཀྱིས་རོལ་འདོད་ན།།

སྡོམ་བག་ཆགས་ཤུལ་མེད་རྗེས་མེད་བྱོས།། 



རྗེ་བློ་གྲགས་སྡོམ་པའི་རྙི་ལ་ཚུད།།

དཔལ་ས་པཎ་སྡོམ་པའི་སྒྲོག་ལ་བཟུང༌།།

སྐྱིད་མ་རིག་བོད་ཀྱི་མཁས་ཆེན་ཚོ།།

མདོག་མེད་པའི་འཚོ་བ་སྡོམ་པར་ཐུག། 

སྡོམ་ཐག་པ་རྩད་ནས་གཅོད་ན་འགྲིག།

སྡོམ་གཟེབ་ཆུང་གཞི་ནས་གཏོར་ན་ལེགས།།
མི་སྙིང་ཆེན་སྡོམ་ལས་ཐར་བ་ནི།།
སྨན་བུ་མོའི་ལས་ཀྱི་བསོད་ནམས་ཡིན།། 



དོན་དེའི་ཕྱིར་རྒྱལ་བ་ཚངས་དབྱངས་པས།།

གོས་ངུར་སྨྲིག་གོན་བཞིན་དགའ་རོགས་སྒྲིག།

འབྲུག་སྨྱོན་པ་ཀུན་དགའ་ལགས་པས་ཀྱང༌།།

མོ་སྟི་ཐོག་ཚང་མར་སྦྱོར་ནི་རེད།། 

ཆོས་གླེགས་བམ་ཁྲོད་ཀྱི་དགེ་ཤེས་ཚོས།།

ཚེ་གཅིག་གི་བརྩེ་བ་སྡོམ་ནས་ཡོད།།

རྒྱབ་ཆོས་གོས་ཅན་གྱི་བན་ཆུང་ཚོས།།

གཞོན་མི་ཚེའི་སྤྲོ་སྐྱིད་སྡོམ་སྟེ་ཡོད།། 



སྡོམ་འདི་ཡིས་མི་སེམས་སྡུག་ལ་སྦྱར།།

སྡོམ་འདི་ཡིས་འཚོ་བ་སྐྱ་བོར་བྱས།།

སྡོམ་འདི་ཡིས་ལང་ཚོ་རུལ་བ་ཚོར།།
སྡོམ་འདི་ནི་བཙན་པོ་ཡ་མེད་ཅིག། 



མི་བཟང་ངན་སྡོམ་པས་འབྱེད་ཐུབ་མེད།།
དོན་ཡག་བཙོག་སྡོམ་པས་ཇི་ལྟར་དབྱེ།།
ལས་གལ་ཆེན་སྡོམ་པས་ཐེག་ཚོད་མིན།།
སྡོམ་ཆད་མེད་མི་ཡི་ལྕགས་སྒྲོག་ཡིན།། 

སྡོམ་མི་ཡིས་བཟོས་པའི་ཁྲིམས་ལུགས་ཡིན།།

སྡོམ་མི་ལ་བསྐོན་པའི་ཞགས་པ་ཡིན།།
སྡོམ་མི་སེམས་མནན་པའི་འཛེར་མ་ཡིན།།

སྡོམ་དེ་ལས་ཤོར་ན་རྩལ་ཆེན་ཡིན།། 



རོགས་བཙལ་བ་ན་ཆུང་སྣང་བ་ཡིན།།

འགྲོགས་འདོད་པ་ཞེ་སེམས་མཐུན་པ་ཡིན།།

གཉེན་སྒྲིག་པ་འཇིག་རྟེན་འགྲོ་ལུགས་ཡིན།།

སྡོམ་ཟེར་བ་འབྲེལ་མེད་ཁུར་པོ་ཞིག། 



མི་མི་ལ་དགའ་བ་མི་ཡི་གཤིས།།

མི་མི་ལ་དུང་བ་སྲིད་པའི་སྲོལ།།

མི་མི་ཡིས་སྙེགས་པ་ཚུལ་དང་མཐུན།།

སྡོམ་གྲགས་པ་མཁོ་མེད་དབྱུག་རྡུམ་ཞིག། 



ཕོ་གེ་སར་སྡོམ་པའི་མ་ཟིན་ལ།།

དཔའ་རྒྱ་ཚ་སྡོམ་པས་མ་ཁུག་པ།།

རྒན་ཁྲོ་ཐུང་སྡོམ་ལ་མ་ཆགས་པས།།

གླིང་འབྲུག་མོ་ཐོབ་པའི་གཏམ་དུ་གྲགས།། 

དྲིན་ཨ་ཕ་སྡོམ་ལས་མ་བརྒལ་ན།།

བུ་སྒེའུ་ཁུང་ཟེར་བ་ཡོད་ཚོད་མིན།།
དྲིན་ཨ་མས་སྡོམ་ཐག་མ་བཅད་ན།།
བུ་གཅེས་ལོ་ཟེར་བ་གང་ན་ཡོད།། 

སྡོམ་ལྕགས་རི་བརྒལ་བའི་དཔའ་རྒོད་ལ།།
གྲོགས་ན་ཟླའི་ཁྲོད་དུ་ཡོད་ན་སྔགས།།
གཉེན་ཉེ་བའི་ནང་དུ་རྙེད་ན་བཀུར།།

དགྲ་ནག་པོའི་ཚོགས་སུ་ལགས་ན་མཆོད།། 



སྡོམ་ལྷ་སྒྲུང་རྨི་ལམ་ཡིན་པར་སྒོམས།།

སྡོམ་ན་བུན་སྨིག་སྒྱུ་བཞིན་དུ་སོམས།།

སྡོམ་རེག་མེད་འཇའ་ཚོན་ཉིད་ལ་བལྟ།།

སྡོམ་མ་མཐོང་གཡང་ཁའི་བྲག་ཅ་ཡིན།། 



སྡོམ་དྲགས་པས་མཇེ་ཡིས་འོས་ལངས་བྱེད།།

སྡོམ་རིང་བས་ཁུ་བ་གང་སར་བཞུར།།

སྡོམ་ཐལ་བས་སྙིང་རླུང་དྲག་ཏུ་ལྡིང༌།།

སྡོམ་སྒོང་ཤུན་ནང་ནས་འཕུར་ལ་ཤོག།

ད་སྡོམ་པ་གླེང་ནས་ཁོམ་ཚོད་མིན།།
སྨན་བུ་མོ་ཞིག་གིས་སྒུག་ནས་ཡོད།།

ད་སྡོམ་པ་ཟེར་ནས་སྡོད་སྐབས་མིན།།

ལུས་གཅེར་བུར་བུད་ནས་མདུན་ན་ཡོད།།

རྐང་དོར་མའི་ཁ་ཐིག་བཤིག་བཞག་ཡོད།།

བྲང་ནུ་ཤུབ་ལག་པས་བཀྲོལ་བཞག་ཡོད།།

མཇེ་དེ་ཡང་རང་གར་སྡོད་རྐྱང་མིན།།

སྒོ་རྡུང་བཞིན་ནང་དུ་འཛུལ་གྲབ་ཡོད།།

ལོ་ཉི་ཤུར་བསོགས་པའི་ཁུ་བ་འདི།།

དུས་དོ་དགོང་བུ་མོ་ཁོང་ལ་འབུལ།།

གཟུཊ་བཀྲག་མདངས་རྒྱས་པའི་ལེགས་སྐྱེས་ཡིན།།

བཞིན་ཤ་རྩ་དཀར་བའི་དྲན་རྟེན་ཡིན།།
             
            2011.10.11

            ཁོག་དམར་པོ་བསྟན་པ།

དམར་རྗེན་རྗེན་གྱི་བརྩེ་བ་གླེང་རུང༌།།

ཞེ་སྨྲེང་སྨྲེང་གི་སེམས་པ་འཕྱོ་རུང༌།།

དོན་སྙིང་མཐུན་གྱི་བུ་མོ་ཁྱོད་ནི།།

སྒུལ་མི་ཐུབ་པའི་རྡོ་བ་ཞིག་རེད།།



དགའ་དུང་དུང་གི་མིག་ཆུ་འཐོར་ཡང༌།།

ཁོག་རློན་རློན་གྱི་སྙིང་ཆུང་བསྟན་ཡང༌།།

ལག་ཆུང་ཆུང་གི་བདེ་མོ་མེད་ལ།།

འཛུམ་མུལ་མུལ་གྱི་ཕྱི་མིག་མི་སྲིད།།



ལུས་ལྷུ་དྲུག་གི་ཡོད་ཚད་བཏང་ཡང༌།།
སེམས་དྭངས་གཙང་གི་ཁ་དོག་བྱིན་ཡང༌།།

མི་སྒེའུ་ཁུང་གི་ངོ་གདོང་ཟད་པོས།།

ཁུག་མ་ཐུབ་པར་ཁོ་མོ་བུད་ཐལ།།

ཐག་རིང་རིང་ནས་འཕྲིན་པ་སྐུར་ཡང༌།།
ཐག་ཉེ་ཉེ་ནས་ལག་བརྡ་བྱས་ཀྱང༌།།

ཞེ་ཐོགས་མེད་ཀྱི་བུ་མོ་ཁྱོད་ནི།།

རྐང་ཐྲིག་ཐྲིག་གིས་རྒྱང་ལ་བཀྱེད་སོང༌།།



ལམ་སྐྱ་མོ་ནས་ཁྱོད་རང་མཐོང་སོང༌།།

མིག་ཁྱ་ཆུང་གིས་ཡུན་རིང་ཅེར་སོང༌།།
ཁ་མི་གྲག་པའི་བུ་མོ་ཁྱོད་ནི།།

རེག་མི་ཐུབ་པའི་ཆུ་ཐིགས་ཤིག་རེད།།
             
           2011.1.24

            ཕྱིར་དྲན་ཐེངས་གཅིག

མེ་ཏོག་གཅིག་བགད་ནས་འཐོར་སོང༌།།
ལོ་མ་གཅིག་ངུས་ནས་ཁུར་སོང༌།།
ཁེར་རྐྱང་གི་སེམས་པ་རྐང་གཅིག།
ཕྱིར་དྲན་གྱི་སྨྲེང་བས་བཟི་བ།།

གངས་རི་ཞིག་རྒས་ནས་བུད་སོང༌།།
རྩྭ་ཐང་ཞིག་སྐྱོ་ནས་གཉིད་སོང༌།།
མི་རྐྱང་གི་སེམས་གཤིས་གཉོམ་པོ།།
ཕྱིར་དྲན་གྱི་དབྱིངས་ན་འཕྱོ་བ།།

སྒྲོན་མེ་གཅིག་ཁད་ཀྱིས་གཟིམས་སོང༌།།
དྲོད་ཐིག་ཅིག་ཡུན་གྱིས་འཇགས་སོང༌།།
ཁོ་མོ་དང་བྲལ་བའི་རྗེས་ན།།
ཕྱིར་དྲན་གྱི་རྨི་ལམ་མང་བ།།

འོ་དྲི་གཅིག་སྣ་ཡིས་ཚོར་སོང༌།
སེམས་སྒྲ་གཅིག་སེམས་ཀྱིས་ཤེས་སོང༌།།
རབ་རིབ་ཀྱི་ལག་པ་སྟོང་བ།།
ཕྱིར་དྲན་གྱི་སྨུག་ལ་འདྲེས་པ།།

རྒྱབ་གཟུགས་གཅིག་ཇེ་ཆུང་ཇེ་ཆུང༌།།
གོམ་སྒྲ་གཅིག་ག་ལེར་ག་ལེར།།
སེམས་ཡན་གྱི་དྲན་པ་དམར་པོ།།
ཕྱིར་དྲན་གྱི་རླན་དང་སྡེབ་པ།།

སོ་དཀར་གཅིག་བསྟན་པ་བདེན་སོང༌།།
སྙིང་ཆུང་གཅིག་གཡོ་བ་ཡིན་སོང༌།།
ཚེས་རིས་དང་བུ་འདྲ་བའི་བུ་མོ།།
ཕྱིར་དྲན་གྱི་རི་ལ་བྲིས་པ།།
             
           2011.5.11
           
           རོགས་འབྲུག་མོ་དྲན་ཚུལ།




སྨན་འབྲུག་མོ་ཐག་རིང་ས་རེད།།

ས་ཐག་རིང་ལན་དྲུག་མཁར་རེད།།

བུ་སྒེའུ་ཁུང་ས་མཐའི་ཡུལ་རེད།།

ཡུལ་ས་མཐའ་ཁྲིན་ཏུའུ་གྲོང་རེད།།


ཡིད་དུང་བ་མེ་ཏོག་འདྲ་བོ།།
སྨན་འབྲུག་མོའི་ཕྱོགས་སུ་བཞད་ཡོད།།

ཞེ་སྣང་བ་དར་སྐུད་འདྲ་བོ།།

ས་ལན་དྲུག་མཁར་ལ་འཐེན་ཡོད།།


རོགས་དྲན་པ་ལོ་དང་ཟླ་རེད།།

ལོ་ཟླ་བའི་ཕྲེང་ཐག་འཐོར་མེད།།

ཞེ་སྨྲེང་བ་སྨུག་དང་སྤྲིན་རེད།།
སྨུག་སྤྲིན་དཀར་ཡོལ་བ་ཕྱེས་མེད།།


སེམས་གངས་དཀར་ཤེལ་དཀར་མེ་ལོང་།།

རོགས་མ་འཆར་ཉི་མ་གཅིག་མེད།།
ཞེ་ཡ་ཆུང་མཚོ་ཆུང་གཡས་འཁྱིལ།།

རོགས་མ་རྨིས་ཞག་མ་གཅིག་མེད།།


རོགས་འབྲུག་མོ་ལྷོ་མཐའི་སྤྲིན་རེད།།

སྤྲིན་དཀར་པོ་མཐོང་རག་བར་ཏུ།།
དབྱར་དྲུག་པའི་ཁུ་ལོ་གྲག་ཅིང་།
།
སྐད་སྙན་ཀི་སྣང་བ་མེད་ཀི།
རོགས་འབྲུག་མོའི་སྐྱེས་གཟུགས་ཕྲ་མོ།།
བཏབ་མི་དགོས་སྨྱུག་ལོ་རང་སྐྱེས།།
རོགས་འབྲོག་མོའི་གླུ་སྐད་དྭངས་མོ།།

བསྟོད་མི་དགོས་རྗེ་བཙུན་མགུར་མ།།


རོགས་ཆུང་ལོ་སྙིང་ལ་རྗེ་མོ།།

གཞུང་གཤིས་ཀ་བློ་ལ་བབས་མོ།།

ས་མ་མཐོང་ལན་དྲུག་མཁར་ན།།

གཉོམ་དུང་ངེར་ལོས་ཡོད་འདོད་ཀི།
མཚོ་ཆུང་ཆུང་འོ་མ་འདྲ་བོ།།

རླུང་གསེར་བུས་སྒུལ་ཀི་ཡོད་ལ།།

བྱ་ངང་ཆུང་རོགས་ལོ་འདྲ་བོ།།

འཕུར་འདོད་ཀི་སེམས་པ་ཡོད་ལ།།
རོགས་མ་འཕྲད་མི་ཚེ་གཅིག་ལ།།

ངོ་མ་ཐུག་སྐྱེ་བ་འདི་ནས།།

ཚོད་ཚོད་ལ་དྲན་པ་ལྡང་གི།
མཚམས་མཚམས་ལ་དངན་པ་འཆོར་ཀི།
ཟླ་བརྒྱད་པའི་ཤིང་ལོ་རླུང་འཁུར།།

རོགས་དྲན་གི་རྨ་ཁ་བསླང་གི།
ནང་ན་ཟླའི་བརྩེ་བ་རང་སྒྲིག།
ཞེ་སྨྲེང་གི་སྣོན་མར་ལོས་ཡིན།།
             
            2014.4.14

           དབྱིངས་ལ་སྤུར་བའི་མགུར།

དཀར་དམར་གྱི་ཁ་དོག་མེད་པ།
།
རིང་ཐུང་གི་དབྱིབས་གཟུགས་བྲལ་བ།།
ལྕི་ཡང་གི་ཚད་འཇལ་དབེན་པ།།

སྟོང་ཆེན་གྱི་སྙན་ངག་འདི་ག།
 


སྐྱོ་གདུང་གི་རླབས་རིས་བརྩེགས་པ།།

སྤྲོ་སྐྱིད་ཀྱི་ཉི་འོད་འཛུམ་པ།།

མི་ཚེ་ཡི་རོལ་རྩེད་རྒོད་པ།།

ཟིན་མེད་ཀྱི་སྙན་ངག་འདི་ག།
 


ཆགས་སྡང་གི་མཚན་མ་འཁྲིགས་པ།།
རྫུ་བག་གི་འཛིན་པ་མཐུག་པ།།

ཁྲག་དྲོན་གྱི་ལོ་རྒྱུས་འཚུབ་པ།།

གཉུག་གཤིས་ཀྱི་སྙན་ངག་འདི་ག།

གནའ་སྲོལ་གྱི་ཕྱི་ཤུན་ཕུད་པ།།

དེང་ལུགས་ཀྱི་ངོ་རྩི་བཤུས་པ།།

དགག་སྒྲུབ་ཀྱི་སྨྲ་བརྗོད་སྟོང་བ།།

གཤིས་ལུགས་ཀྱི་སྙན་ངག་འདི་ག།



ཕྱི་རོལ་ཀྱི་རི་དང་སྤྲིན་པ།།

ནང་སེམས་ཀྱི་དབུགས་ཀྱི་འགྱུ་བ།།
མིག་ཤེས་ཀྱི་ཆོས་སོ་ཅོག་པ།།

སྤྲོས་བྲལ་གྱི་སྙན་ངག་འདི་ག།



གཞུང་ལུགས་ཀྱི་ལྕགས་རི་བརྒལ་བ།།

གཏན་ཚིགས་ཀྱི་སྒྲོག་ཤིང་གཏོར་བ།།
ཚུལ་འཆོས་ཀྱི་ངོ་གདོང་བོར་བ།།

བཅོས་མེད་ཀྱི་སྙན་ངག་འདི་ག།



མཐོ་དམན་གྱི་གྲལ་རིམ་གཤིག་པ།།
ཡངས་དོགས་ཀྱི་ངལ་བ་མེད་པ།།

ཡིན་མིན་གྱི་སྤུ་རིས་དབེན་པ།།

བློ་འདས་ཀྱི་སྙན་ངག་འདི་ག།

རུས་རྐང་ན་སིམ་སིམ་ཆགས་པ།།

སྙིང་ཁོང་ན་ལྷོག་ལྷོག་ཁོལ་བ།།

རྩ་ལམ་ན་ཚ་དྲོད་འབར་བ།།

བདེ་སྟོང་གི་སྙན་ངག་འདི་ག།
             
            2011.1.13

          འཇིག་རྟེན་སྣང་བ།

མི་ཡུལ་ཁྲ་ཁྲ་ཤིག་ཤིག།
མི་ཚེ་སྐྱིད་སྐྱིད་སྡུག་སྡུག།།
དགའ་སྐྱོ་སེམས་ཀྱི་འགྱུ་བ།།

ཆང་ཁང་ནང་གི་གློག་འོད།།



མི་ཡི་འཚོ་བར་གྲུབ་པའི།།

གཉུག་མའི་གཤིས་ཀྱི་བརྩེ་བ།།

བརྩེ་བ་ཁྲག་གི་ཐིགས་པ།།

མི་ཡི་སེམས་སུ་འཕྱོ་བ།།



ན་ཆུང་དུས་ཀྱི་ལང་ཚོ།།

རང་རང་མལ་ཏུ་གཟིམས་ཀྱང་།།

སྒེའུ་ཁུང་ངོགས་ཀྱི་ཟླ་བ།།

གཞོན་པའི་རུམ་ཏུ་ལྷུང་ཡོད།།

ས་སྲོད་སྤྲིན་པ་དམར་པོ།།
བུ་མོའི་མགོ་དཀྲིས་ཡིན་པ།།
ཞོགས་པའི་སྨུག་པ་ལང་ལོང་།།

བུ་ལོའི་དྲན་ཤིང་ཡིན་པ།།



སྒོ་ཁྱི་ཟུག་པའི་མཚན་མོ།།

སྦྲ་སྒོར་གློག་འོད་ཕོག་ཐ།།

འབྲོག་མོ་མེ་ཏོག་མཚོ་མོ།།
བརྩེ་འདང་སྨག་ལ་བརྒྱུས་ཡོད།།

སྐྱ་རེངས་མ་བཀྱག་སྔོན་ལ།།
ཐུལ་དཀར་འབྲི་མོ་ངུར་ཀི།

ཤུག་དམར་བཞོ་ཟེའུ་ཐོགས་ནས།།

དགོ་དགོ་དབྱངས་ལ་གྱེར་ཀི།



རི་བོའི་ཕར་ནང་སོང་ན།།

ཡ་ཆུང་སེམས་པ་ཐོགས་སའི།།
ཆུང་འདྲིས་བྱམས་པ་དེ་དང་།།

སྣང་བ་གཅིག་ཏུ་འདྲིས་ཆོག།



སྦྲ་ནང་ཕ་མའི་འགྲམ་དུ།།
བུ་མོའི་ངོ་མདངས་འགྱུར་ཡང་།།

འབྲི་མོའི་གདང་མགོར་ཤོག་དང་།།

བྱམས་པས་དེ་ན་སྒུག་ཡོད།།



མི་རུང་སེམས་ལ་མེད་ན།།

ལྷ་ཁང་རྙིང་བ་དེ་ནས།།

འཕྲད་པའི་དུས་ཆད་བྱོས་དང་།།

གསང་ཚིག་ཕྱི་ལ་མི་འཆོར།།

མཚན་མོ་ག་ལེར་ག་ལེར།།
བྱམས་པའི་རུམ་དུ་འཛུལ་ཡང་།།

ཞོགས་པ་ཁ་བའི་ཁྲོད་དུ།།

རྐང་རྗེས་རི་མོ་བྲིས་བཞག།

མྱི་ཁ་རླུང་བུ་ལྡང་ན།།

རི་སྡེ་ཕྲ་མོའི་ནང་ནས།།

སྙིང་མཐུན་ཆུང་འདྲིས་བུ་མོར།།

ཕོག་འགྲོ་བསམ་ན་སྨྲེང་གི།



བརྩེ་བ་དར་སྐུད་ཕྲ་མོ།།

མི་ཆད་ཡུན་ཏུ་བསྲིངས་ཆོག།

ཞེ་འདང་མི་ཤིག་མདུད་པ།།

མི་འཁྲོལ་དམ་བཅའ་བཞག་ཆོག།
             
       2014.4.6

           རྨི་ལམ་ནང་གི་མི་དེ།

མི་ལོ་ཁ་ཤས་ཀྱི་བརྩེ་བ་སྙིང་ལ་ཉལ་ཡོད།།
ཟླ་ངོ་གྲངས་མེད་ཀྱི་དུང་བ་ཡིད་ལ་སྒོམ་ཡོད།།
མི་འགྱུར་བརྩེ་དུང་གི་བྲག་ཆ་དབྱིངས་ལ་འཁོར་བའི།།
རྨི་ལམ་རབ་རིབ་ཀྱི་ནང་གི་མི་དེ་ཁྱོད་ཡིན།།

ཁོག་པའི་ནང་སྙིང་གི་གློ་མཆིན་ཁྱོད་ལ་བསྟན་ཆོག།
ཀླད་པའི་རྩ་ཕྲན་གྱི་རི་མོ་ཁྱོད་ལ་བརྒྱུས་ཆོག།
དུང་བ་གནམ་ལྕགས་ཀྱི་ཐོག་གྲི་ངར་གྱིས་བཞེངས་བ།།
རྨི་ལམ་མག་མོག་གི་ནང་མི་དེ་ཁྱོད་ཡིན།།

འདང་ཅན་ཕ་ལོ་ལ་མ་བཤད་སྙིང་གི་སྐད་ཆ།།
དྲིན་ཆེན་ཨ་མ་ལ་མ་གླེང་སེམས་ཀྱི་རུས་པ།།
ལས་དབང་ཟུར་མེད་ཀྱིས་འཕྲད་པ་དྲོད་ཀྱི་དུམ་བུ།།
རྨི་ལམ་ཐན་ཐུན་གྱི་ནང་གི་མི་དེ་ཁྱོད་ཡིན།།

ལང་ཚོའི་ཁ་དོག་གིས་བསླུ་བྲིད་བཏང་བ་མིན་འདུག།
ནོར་གྱི་སྒྱུ་འཕྲུལ་གྱི་རོ་ལ་ཆགས་པ་མིན་འདུག།
ཞིམ་མངར་འོ་དྲི་ཅིག་བྲང་ལ་བཞག་པ་དེ་གའི།།
རྨི་ལམ་བན་བུན་གྱི་ནང་གི་མི་དེ་ཁྱོད་ཡིན།།

སྐྲ་ལོ་སྤར་གང་གི་ལོ་མ་མཚོན་ལ་མི་སྦྱིན།།
རྣམ་ཤེས་རྟ་རྒོད་ཀྱི་བང་ཁ་རི་ལ་མི་བཏང༌།།
རང་དབང་རྒྱ་ཡན་གྱི་དུང་ཀའི་གཤོག་སྣེར་ཐོགས་པ།།
རྨི་ལམ་ཟ་ཟི་ཡི་ནང་གི་མི་དེ་ཁྱོད་ཡིན།།

ལྷ་ཡི་མདུན་སྟེགས་ནས་ལྷུང་བའི་མེ་ཏོག་དམར་པོ།།
བུ་མོའི་ལག་ཆུང་ནས་བཟུང་བར་མི་ཕོད་མ་གསུངས།།
ལས་དབང་དར་དཀར་གྱི་ཁུག་པས་གཏན་དུ་མདུད་པ།།
རྨི་ལམ་ལང་ལོང་གི་ནང་གི་མི་དེ་ཁྱོད་ཡིན།།
             2011.12.18
 
 

          (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།