གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རོང་བོ་གངས་དཀར་གྱི་ཉེ་དུས་ཀྱི་སྙན་ངག་བདམས་བཀོད།

2014-12-14 00:27:07 རོང་བོ་གངས་དཀར། ཀློག་གྲངས། མཆན ཡོད།

DSC_0687-1.jpg 
            ལྷ་དང་བླ་མ།

ལྷ་དང་བླ་མ་གྲིབ་སོའི་མཚམས་ལ་ཡིབ་ཏེ།།
དཀར་ཆའི་ནང་གི་བདག་ལ་ལྕགས་ཀྱུ་བསྐོན་ཞིང་།།
གྱོང་བོ་གྱུར་བའི་ཁོ་བོ་བདེ་ལྕག་འཁྱུག་པོས།།
གསེར་ཉ་བཞིན་དུ་བྲག་གི་གསེང་ལ་འཛུལ་སོང་།།

ལྷ་དང་བླ་མ་དུད་སྤྲིན་དབྱིངས་ལ་བཞུགས་ནས།།
གྲོང་གསེབ་ཉུལ་བའི་བདག་རང་འཚོལ་བར་བྲེལ་ཞིང་།།
འཁྱམས་པར་ལོབས་པའི་ང་རང་གོམ་སྟབས་ཆེན་པོས།།
མི་ཚོགས་མཐུག་པོའི་གསེང་ལ་ཆུ་བཞིན་བཞུར་སོང་།།

ལྷ་དང་བླ་མ་ནགས་ལམ་རྫ་ལམ་བརྒྱུད་ནས།།
སྐད་ཤུགས་ཆེན་པོས་ང་རང་ཡང་ཡང་འབོད་ཀྱང་།།
ང་ཡིས་ཕྱིར་བལྟས་མེད་པར་འཚུབ་མ་བཞིན་དུ།།
ཉག་ག་བརྒྱུད་ནས་གཞུང་གི་ཆུ་ཆེན་གཤགས་ཡོད།།

ལྷ་དང་བླ་མས་བདག་ལ་འཕྲིན་ཡིག་སྐུར་ནས།།
ལོག་ཤོག་གཅེས་ཕྲུག་མྱུར་མོར་ལོག་ཅིག་གསུང་ཀྱང་།།
མདུན་གྱི་གློག་འོད་ཆེམ་པའི་གར་ལ་ཞུགས་ནས།།
དབྱར་དགུན་སྟོན་དཔྱིད་ལོ་ཟླ་རིང་མོ་ཟད་སོང་།།

ལྷ་དང་བླ་མ་ནམ་མཁའི་མཐོངས་ནས་བཞུགས་ཏེ།།
ག་ལེར་ག་ལེར་སྤྲིན་གྱི་ཕག་ལ་འཚེལ་དུས།།
ང་ཡི་མིག་ཆུ་རྡོག་གཅིག་ས་ལ་འགྲིལ་ཀྱང་།།
ད་ནི་སྐྱོབ་ཐབས་ས་དང་གནམ་ལ་མི་འདུག།

༢༠༡༣ལོའི་ཟླ༡༠བའི་ཚེས༢༦ཉིན་སོག་པོ་ནས།

              རང་ཉིད་ངོ་སྤྲོད།

ང་ནི་གོར་གོར་ནང་གི་འཇོང་འཇོང་བོ་དང་།
འཇོང་འཇོང་ནང་གི་ཟུར་གསུམ་དེ་ཡིན།

ངའི་ཟུར་ཁ་ཞིག་རྡོ་ལ་ཐོགས་ཡོད།

རྡོ། རྡོ། ངའི་སྙིང་ལ་རྡོ་བ་བཅུག་ཡོད།
རྡོ་བ་ནི་འཁྱག་ཅིང་བརླན་ལ།
རྡོ་བ་ནི་རྨི་ལམ་ནང་གས་པའི་ཚེར་མའི་མེ་ཏོག་དེ་ཡིན།

མི་རྣམས་ཀྱི་རྐང་ལག་ཞ་འཁུམས་གྱུར་ནས།
ཨར་འདམ་གསེབ་ནས་འཁྱར་འཁྱོར་གྱིས་བགྲོད་དུས།
བདག་གིས་ཁོ་ལ་ཁམས་བདེ་དྲིས་ལ།
ངས་བསམ་གཟས་ནས་ཁྱེད་ཀྱི་སྨྱོ་ཧམ་ད་ལྟ་བདེ་བར་ཡོད་མེད་དྲིས།

གཞིལ་ཟིན་ཏེ། ཚ་ཚ་འཕྲོར་པའི་མེ་ལྕེ་གཞིལ་ཟིན།
རྐང་ལག་སྒྲོག་གིས་བཅིངས་པའི་རྟ་ཕོ་ཡང་རྒས་ཟིན།
ཡང་ན་སྒྲོག་ནི་ད་ལྟ་ཡན་ལག་གང་རུང་གི་ཚབ་ཏུ་གྱུར་ཟིན།
རྒོད་མ་མ་བུ་གཉིས་པོའི་མིག་ཆུ་ནི་གཞི་ནས་ཤ་འོད་ཀྱིས་དེད་སོང་།

ལྷོད་ཀྱིས་རྒྱུ་བའི་བསེར་བུ་འདི་ནི་ངའི་འཕར་རྩ་ན་རྒྱུ་ལ།
འཕར་རྩ་ནི་སྙིང་ཁམས་ལ་ཁྲག་རླུང་རྒྱས་བྱེད་ཀྱི་བྱེད་པོར་གྱུར།

ང་རང་འཆི་མི་འདོད་ལ་གསོན་ཀྱང་མི་འདོད།
ངས་རང་གི་འགོ་བར་ང་ལ་ཟླ་ཕོགས་ག་ཙམ་ཡོད་མེད་འདྲི་འདོད།

༢༠༡༣ལོའི་ཟླ༡༠ ཚེས༢༣ཉིན་ཞན་ཡང་གནམ་ཐང་གི་ཁོ་ཧྥེ་འཐུང་ས་ཞིག་ནས་བྲིས།

359272796.jpg

              སྐྱེ་བ་སྔ་མ།

གཅོང་རོང་གི་མཐིལ་ན་སུ་ཞིག་གི་ངུ་ངག་འདོན་བཞིན་འདུག
ང་ལ་ནེམ་ཐིག་སྦྱིན་པའི་ཆར་ཆུ་ཁྱོད་གང་ན་ཡོད།

རྫུབས་མཐུག་པའི་ཚེར་མའི་གསེང་ནས།
ང་དབང་མེད་དུ་རྡོག་འགྲེས་ཤོར་ཞིང་།
བྲག་སྐྱིབས་ཀྱི་དྲོད་ཁོལ་ནི།
མཁའ་དབུགས་དང་གནས་མལ་གྱི་བཏང་བའི།
ལྷོག་ལྷོག་གི་དུད་སྤྲིན་ཡིན་སོང་།

ངའི་རྐང་པར་ཚེར་མ་ཟུག་བྱུང་།
ངའི་ལག་པ་རལ་གྲིས་གཏུབ་སོང་།
ངའི་མགོ་བོ་འཕྲུལ་ཆས་ཀྱི་སྲུབས་ལ་འཚང་སོང་།

ངའི་དབང་བོ་སྒོ་ལྔ་ཆུ་ལ་ཐིམ་ཞིང་།
ཡང་བསྐྱར་འདམ་མྱག་གི་བྲོ་བ་ཞིག
ཁ་སྣ་ཡོངས་ལ་འཐིབས་ཡོང་།

༢༠༡༣ལོའི་ཟླ༡༠བའི་ཚེས༢༥ཉིན་རྨི་ལམ་ཞིག་ལ་རྐྱེན་བྱས་ནས་སོག་པོའི་མཁར་སྔོན་པོ་ནས་བྲིས།

             སྣང་བ།

ལོ་ངོ་མང་པོའི་རྗེས་ནས།
ངས་ཁྱིམ་ལ་བཅའ་ལག་གསར་བ་འགའ་བསྒྲིགས་ནས།
དྲ་ཐེམ་གྱི་རྡུལ་དག་གཙང་མར་ཕྱིས་ནས།
ཟྭ་བརྒྱབ་ནས་ཡུན་རིང་འགོར་བའི་སྒམ་ཆུང་དེའི་ཁ་དལ་བུར་ཕྱེས།

ལོ་ངོ་མང་པོའི་རྗེས་ནས།
ངས་ནགས་གསེབ་གྱི་སྟོད་སྨད་བར་གསུམ་དུ།
འཐོར་ནས་ཡུན་རིང་འགོར་བའི་མེ་ཏོག་གི་ས་བོན་འཚོལ་གྱིན་ཡོད་ལ།
ང་ལ་ཡིད་ཆེས་དང་སྤོབས་པས་ཁེངས་ནས།
ཡིད་ཐང་ཆད་པའི་རྣམ་པ་ཡེ་ནས་མ་བྱུང་།

ལོ་ངོ་མང་པོའི་རྗེས་ནས།
ངས་འཕྲིན་ཡིག་ཞིག་གི་ཁ་བཀོག་ནས།
སྤྱི་ཟླ་དང་སྤྱི་ཚེས་རྩིས་ཕྲེང་ལ་ཕབ་ནས།
བསྒྱུར་བགོ་སྣོན་འཕྲི་ཡང་ཡང་བྱས་ཚེ།
ད་གཟོད། ལོ་ཟླ་ནི་ང་ལ་བསྐྱུར་བའི་ཁོག་འདར་རུམ་གང་ཡིན་པ་རྟོགས།

༢༠༡༣ ༡༡ ༨ཉིན།

1162224084.jpg

              རྒྱུས་ཡོད་དང་རྒྱུས་མེད་ཀྱི་མཚམས་ནས།

སླར་ཡང་ཡིད་ལ་དྲན་ཅིང་།
སླར་ཡང་ཡིད་ནས་ནུབ་པར་གྱུར།
རྒྱུས་ཡོད་དང་རྒྱུས་མེད་ཀྱི་མཚམས་ནས།
ངས་ཁྱོད་ལ་སྙན་ངག་གྱེར་ཅིང་།
ཁྱོད་ཀྱིས་ངའི་སྐད་ངག་སྦོམ་པོ་དེ་ལ་འདྲེན་ཤུགས་ཆེ་བར་སྨྲས།

ཁྱོད་ཀྱི་མིག་ལ་མཆི་མ་འཁོར་བྱུང་།
རྒྱུས་ཡོད་དང་རྒྱུས་མེད་ཀྱི་མཚམས་ནས།
ངས་ཁྱོད་ལ་དེ་ལྟར་བལྟས་ཤིང་།
ཁྱོད་ཀྱི་གཅེས་པའི་བྱི་ལའི་མིག་ནང་ན།
རྒྱང་རིང་དང་བར་གྱིས་བཅད་པའི་བོད་ཡུལ་ཤར་འདུག

མེ་ཏོག་མཛེས་ལ་དཔྱིད་ཀ་མཛེས།
བདག་གི་ཡིད་ནི་སྟོང་པར་གྱུར་ནས།
ཁྱོད་ལ་ཐད་ཀར་གྱི་དྲི་བ་ཞིག་ཀྱང་གདོན་མ་ནུས་ལ།
རླུང་བུ་ཞིག་མདུན་གྱི་ཅོག་ཙེ་བརྒྱུད་ནས་བུད་སོང་།

རྒྱུས་ཡོད་དང་རྒྱུས་མེད་ཀྱི་མཚམས་ནས།
ངས་མིའི་རིགས་ལ་སེམས་ཁུར་མི་བྱེད་པར་ཁྱོད་ཁོ་ན་དྲན།

༢༠༡༤ ༣ ༢༡ ཉིན།

 

                མིག་གི་རྒྱལ་མོའི་ནང་ན། དང་པོ།

__ང་ལ་ཤིན་ཏུ་ཉེ་བའི་མི་ཞིག་དྲན་པ།

དྲན་དགོས་པ་ཞིག་འདི་ལྟར་དྲན་ཀྱང་།
བརྗེད་སོང་བ་ཞིག་འདི་ལྟར་བརྗེད་པ་ནི་ཕངས་པ་ལ།

ངས་ཁྱོད་ཀྱི་དཔའ་བོའི་གཏམ་རྒྱུད་ཐོས་མྱོང་ལ།
ངས་ཁྱེད་ཀྱི་མཛངས་པའི་ལོ་རྒྱུས་བཀླག་མྱོང་།
སྣང་ངོ་ལ་བབས་པའི་ཁྱོད་ནི།
གླེམས་བམ་མཐུག་པོ་ཞིག་གི་ངོས་གཞན་ཞིག་སྟེ།
དེའི་ངོས་ཀྱི་ཐིག་ཕྲེང་འཆོལ་བོ་དག
བདག་གིས་ཇི་ལྟར་བསྙམས་ཀྱང་ལེགས་པར་སྙོམས་མ་ནུས།

བརྩེ་བ་དང་དྲོད་ཁོལ་ཤ་ལེར།
བདག་ལ་རྒས་པར་གྱུར་བའི་མིག་ཟུང་གིས་ཅེར་བ།
ངས་བརྗེད་ཀྱི་མེད་ལ། ཤིན་ཏུ་ཉེ་བའི་འགྲམ་པ་གླན་པ་ཡང་།
བརྗེད་ཐབས་ག་ལ་ཡོད།

ངའི་མིག་གི་རྒྱལ་མོའི་ནང་ལ།
ཁྱོད་ཀྱི་སྣང་བརྙན་བབས་ཡོད་དེ།
རི་བོ་མཐོན་པོ་ཞིག་གི་རྔམ་བརྗིད་འཁོར་ཡོད།

༢༠༡༣ ༡༠ ༢༧ཉིན་མཁར་སྔོན་པོ་ནས།

584746830.jpg

             མིག་གི་རྒྱལ་མོའི་ནང་ལ། གཉིས་པ།

སྐབས་འདིར། ཁང་ཆུང་འདིར་ཁེར་རྐྱང་གི་སྒྲ་ཞིག་ངང་གིས་འཁོར་ཡོད་ལ།
རློམ་ཐབས་བྲལ་བའི་དངོས་ཡོད་ཀྱི་རྡུང་རྡེག་བཟེད་དགོས་པའང་།
འཕྲལ་རྐྱེན་དང་གཞན་པའི་རྐྱེན་གང་གིས་ཀྱང་མིན།

གོམ་པ་གཉིས་པ་དེ་ཇི་ལྟར་སྤོ་བར་གདེང་ཚོད་ཡེ་ནས་བྲལ་ལ།
ང་ཡི་སྔ་གཞུག་ལ་འཁོར་བའི་རླུང་བུའི་ཤུ་སྒྲ་ལ་བརྟག་ན།
དུས་ཚོད་ཀྱི་ཐག་སྒྲ་རེ་རེ་ནི་གཡང་སར་སྤོ་བའི་གོམ་པ་རེ་རེ་ཡིན་ལ།
མིག་རྒྱང་གི་ཆོད་པའི་བར་ཐག་རིང་ཐུང་ཀུན་ཏུ།
ང་རང་དགའ་བའི་གངས་རི་དང་བོད་ཡུལ་གྱི་རི་ཆུ་གང་ཡང་མི་འདུག

སྐྱེས་པ་ཚོ་དགའ་བའི་རོལ་རྩེད་དེ་དག་གི་ཕྱིར་ཏུ།
ང་རང་ཕྱིར་འཁོར་སའི་བྲག་ཐེམ་སྟོང་བ་ཞིག་ལ་ཅི་ལྟར་ཆགས་ཨང་།
ཐལ་རྡུལ་འདྲེས་མའི་གནམ་སའི་བར་བཅིར་བའི་གཤོག་པ་རལ་བོ་འདི་ལ།
བྱིན་ཆགས་པའི་འདྲ་གཟུགས་དང་ཐ་སྙད་ཀྱི་བརྗིད་ཤོམ་གང་ཡང་མེད་སྟབས།
འདར་སིག་སིག་དང་ཉ་འདར་འདར་གྱིས་ཕྱི་ནང་གི་བྲག་འཕྲང་འགྲིམས་པ་ནི།
བདག་གི་རྒྱབ་ལ་བཀལ་བའི་ཕ་བོང་དང་བསྐལ་བའི་རྡོག་ཁྲེས་ཤིག

མདའ་མོ་རྣོན་པོ་དག་གིས་འཛེར་འོངས་ནས་སྙིང་དང་རུས་པ་ཕུག་དུས།
ངའི་མིག་གི་རྒྱལ་མོའི་ནང་དུ་ཐལ་དང་རྡུལ་གྱིས་བཏུམས་པའི།
སྐྱོ་བ་དང་སྡུག་བསྔལ་གྱི་ཆུ་མིག་ཅིག་འཁོར་ནས་བྱུང་ངོ་།།

༢༠༡༣ ༡༠ ༢༧ཉིན་མཁར་སྔོན་པོ་ནས།

              ཉ་མོ།

ཆུ་ལ་ཟམ་པ་མེད་ཀྱང་།
ང་ཡིས་རབ་ཁ་བཅད་ཡོད་ལ།
རྡོ་བ་ལ་རྣམ་ཤེས་མེད་ཀྱང་།
ངས་ནམ་རྒྱུན་རྨི་ལམ་ནང་རུམ་ལ་བཅུག་ཡོད།

ཚུར་ལ་བསྐྱལ་ཤོག་དང་།
འདི་ན་འདམ་རྩྭ་དང་ཆུ་མོ་ཤིག་ཤིག་གཡོ་ལ།
འདི་ནས་དར་ཅིག་ང་ལ་གསོན་དང་།
འབྲུག་སྒྲ་དང་འུར་ཟིང་གི་ཁྲོད་ནས།
འདས་མ་འོངས་ཀྱི་གོ་རིམ་དེ་དག་ངས་ཁྱོད་ལ་འགྲེལ་བརྗོད་བྱས་ཆོག

ཉ་མོ། བདག་གི་སྐེ་ན་ཚར་ཚར་གཡོ་བའི་སྲུང་འཁོར།
ང་ནི་ཕ་ཡུལ་གྱི་དྲི་ཞིམ་ཁྲོད་ཐིམ་འདུག

༢༠༡༤ ༨ ༡༨ཉིན།

1852678602.jpg

             སེམས་ཀྱི་རི་བོ།

ནམ་རྒྱུན་སེམས་ན་རི་བོ་ཞིག་ཡོད་ལ།
རི་བོ་དེ་ནི་མགོ་ཐོག་གི་སྦྲ་ནག་ཇི་བཞིན།
ངས་ནམ་ཡང་བརྟོལ་མ་ཐུབ་ལ།
ངས་ནམ་ཡང་སྙེག་མ་ཐུབ།

གླུ་སྐད་ལྗིད་པོ་ཞིག་གིས་བཏེགས་ནས།
ངས་ནམ་ཡང་རི་བོ་དེའི་ཁོང་གསེང་ལ།
ལག་སྙོབ་ཡང་ཡང་བྱས་ཡོད།

ང་ནི་རི་བོ་དེའི་རྩེ་རུ་འགོ་མ་ནུས་ལ།
སེམས་པ་སྨག་གིས་བཏུམས་དུས།
རི་བོ་དེ་ཡང་ཡང་དྲན་ཡོང་།

 ༢༠༡༣ ༡༢ ༡༧ཉིན།

             ཡི་གེ་འདི་དག་འཕུར་ཏུ་ཆུགས།

སྐྱེ་འཆི། ཁྱེད་ཀྱི་གཉའ་ནས་ནོན་པའི་ཁྲམ་ཤིང་།
སྡུག་བསྔལ་གྱིས་ཚོས་པའི་མགོ་བོ་དང་ཉིང་ལག
ཕ་ཡུལ་ནི་མི་སེམས་སྡུག་ལ་སྦྱོར་བྱེད་དངོས་རྒྱུ་དང་།
སྟ་རེ་དང་སྐད་ཆའི་ཚོགས་ནི་མི་སེམས་ཆམ་ལ་ཕབ་བྱེད་ཀྱི་སྔགས་དང་དུག་རྫས།

རྔུབས་ཤིག འཁོར་བའི་སྐྱུར་ཆང་གི་ར་རོར་གྱུར་བའི་བཟི་བོ།
མ་མཐའ་ནི་ན་ཟུག་དང་། ཡ་མཐའ་ཡང་ཟུག་གཟེར་ཉག་གཅིག་ཡིན་པས།
རྟ་གླང་གི་སྒྱུ་མའི་གཟུགས་ཕུང་ནི་ཁྱེད་ཀྱི་སྐེ་ལ་ལྕེབས་ཐག་བཞིན་བསྐོན་ནས།
སྲིད་པའི་འཕྲང་རིང་དེ་ནས། གཤིན་རྗེ་ནི་ཁྱེད་རང་འཁྲིད་པའི་མ་མ་དང་།
བུས་ཕྲུག་ནི་མཐའ་འཁོར་གྱི་ལྕགས་ཀྱི་ཐུ་ལུམ་མེ་འབར་བ་དག་ཡིན།

སད་པར་མཛོད། སད་པར་མཛོད།
དབྱངས་དང་སྙན་ཚིག་གི་འགྱུར་ཁུགས་ཕྲ་ཞིང་ཕྲ་བ་དག
དགོན་པ་ནས་མཆེད་པའི་ཆོས་སྤྱོད་ཀྱི་གདངས་དབྱངས་རིང་ཞིང་རིང་བ་དག
ང་རང་གིས་བྲང་ཁ་ལ་སྤར་བགྲད་ཐེངས་མང་བྱས་ནས།
སྡུག་བསྔལ་གྱི་ཚོགས་ཕྱི་རུ་དབྱུང་འདོད་ཀྱང་།
བསླུ་བྲིད་ནི་ལྷ་ཚོགས་ཀྱི་ཕྱག་ན་འཆང་བའི་མཚོན་ཆ་བཞིན།
ང་ལ་རྡེག་ཅིང་ང་ལ་མཚོག

ང་ཡི་མིད་པ་ན་ཚིག་གཅིག་ལུས་འདུག

རྒྱང་རིང་དང་ཕུགས་བསམ་གྱི་ལང་ཚོ་ཆེས་ཆེར་འབར་ནས།
ང་རང་བསྲེགས་བྱུང་། གཞོབ་དྲི་འཐིལ་གྱིན་འདུག

མཚན་མོ་ནི་ཆུ་གྲིས་གཤགས་པའི་ཤུལ་མེད་ཀྱི་རྨ་ཁ་རེད་ལ།
རྨ་ཁའི་ནང་དུ་སུ་ཞིག་གི་མིང་ཡིག་སྐུང་ཡོད།
འཁོར་བའི་རབ་ཁ་ནས་ང་ལ་འཇིགས་སྣང་དང་ཚ་གཟེར་རྒྱུ་ལ།
དམྱལ་བ་དང་རྒ་ཤིའི་གྲིབ་རིས་འཁྱུག་ཙམ་གསལ་ཡོང་།

ང་ཡི་མིད་པ་ན་ཚིག་གཅིག་ལུས་འདུག
ང་ཡི་སྒྲོལ་མ་ལྷ་མོ།

༢༠༡༤ ༡༡ ༢ཉིན།

IMG_4804 2.JPG

              ན་ཚ།

སྐབས་རེར་དཔངས་ཚད་མཐོ་ལ།།
ལན་རེར་ཞེང་ཚད་ཆེ་བས།།
ང་ཡི་རྨི་ལམ་མག་མོག།
མི་འདོད་ན་ཚས་བཟུང་བྱུང་།།
ཕྱེ་ལེབ་ཁྲ་ཁྲ་གཡས་འཕུར།།
གཡུ་སྦྲང་བུང་བ་གཡོན་འཕུར།།
བརྟེན་སའི་མཁར་རྫོང་མཐོན་པོ།།
ང་ལ་དབང་བ་མི་འདུག།
དཔྱིད་ཀྱི་ལས་དབང་བྲིས་ཡོད།།
སྟོན་གྱི་སྡུག་སྨྲེ་བརྩེགས་ཡོད།།
ལོ་ཡི་འཁོར་མོའི་རྒྱུན་ལ།།
བློ་རྩེ་གཏད་ས་མི་འདུག།
མི་ཚེ་གཉོམ་ལ་ཕབ་ནས།།
གུས་ལུགས་མི་ལ་བྱས་ཀྱང་།།
སྲེག་པའི་ཙན་དན་ནག་པོ།།
རྒྱན་དུ་ཡོང་ས་མ་རེད།།
རྟིང་མའི་ལོ་ལ་སྒུག་ནས།།
ལོ་གསུམ་གློག་བཞིན་འཁྱུག་སོང་།།
ཁྲེལ་དང་ཕྱི་ཐག་འཚོས་ནས།།
སེམས་པ་བཙོན་ཏུ་བཅུག་ཡོད།།
སྒུག་ཙམ་སྒུག་ཙམ་མ་ཟེར།།
ཉི་མ་རླུང་ལས་མགྱོགས་པ།།
ཨེན་ཙམ་ཨེན་ཙམ་མ་ཟེར།།
སྐྲ་དཀར་ཉག་མས་གཙེས་སོང་།།
དགུན་འཁྱག་རིང་མོའི་ངོགས་ན།།
འཐོར་བའི་གྲིབ་གཟུགས་འདི་ལ།།
གཡུ་ཐོག་ཡོན་ཏན་བྱོན་ཀྱང་།།
འཚེམ་པའི་ཐབས་ཤིག་ཡོད་དམ།།
སྦལ་བ་བྲག་ལ་འཛེགས་པའི།།
བློ་ཁོག་ང་ལ་མེད་པས།།
མི་འདོད་སད་དང་སེར་བ།།
གཟེད་དགོས་བྱུང་བ་ལས་རེད།།
སྐྱོ་ནི་དེ་ལྟར་སྐྱོ་སོང་།།
སྐྱོ་གླུ་དབྱངས་ལ་དྲངས་ཡོད།།
མཚན་གྱི་གློག་འོད་འོག་ནས།།
ནག་ཆུང་ཡི་གེ་བྲིས་ཡོད།།
ན་ནི་དེ་ལྟར་ན་སོང་།།
ན་ནས་སེམས་པ་གཟིར་སོང་།།
འཁོར་བའི་མྱ་ངམ་ཐང་ནས།།
བག་ཙམ་དྲོས་པ་མི་འདུག།།

 ༢༠༡༤ ༡༢ ༩ཉིན། 

              དབྱིངས།

དཔེ་དེབ་ཀྱི་སྦུག་ན་བཅུག་ཡོད་པའི་ནག་ཉེས་དེ་དག་ལ།
གཅལ་དུ་བཀྲམ་པའི་ལོ་རྒྱུས་ཀྱི་ཟོར་ཁ་ཡང་མོ་གཡུག་ཞོར།
ལྐོག་གྱུར་གྱི་ཀླད་རྩ་དང་ལྕེ་རྩེའི་ཞགས་པས་འབྲབ་པའི་ཟློས་གར་གྱི་ཟུར་ན།
མི་མགོ་སྐམ་པོ་དང་གཤིན་རྗེའི་གཟུངས་ཐག་གིས་ཀུན་ནས་འཁྲིལ་འདུག

ཉེ་བའི་ས་དེ་ན་བྲག་ཅ་དང་ཤེལ་དམ་གྱི་གྲིབ་མ་ལ་བྱ་རྒོད་འཁོར་འདུག་ལ།
རྒྱང་བའི་ས་དེ་ལ་སྡིག་སྒྲིབ་དང་སྦྲང་ནག་གི་སྐྱུགས་རོའི་དྲི་ངན་འཐིབས་འདུག
གཙང་ཆུ་སྔོ་རེངས་ཤིག་གི་ཚབ་ཏུ། ལས་ཀྱི་བྲ་མཁན་སྐུང་ནས།
ཕོ་མོའི་བརྩེ་དུངས་ཀྱི་བར་ལ་དུག་སྦྲུལ་ནག་པོ་མགོ་གདེངས་པ་ཞིག་འཁྱིལ་ལ།
མིག་ཟུང་གིས་མཐོངས་ཀ་ན་རྩེན་པའི་རྡུལ་དང་བྱེ་མ་ནི།
དགྲ་ཚོགས་ཀྱི་དཔུང་ལ་འཐབ་པའི་རྟ་རྒོད་སྨྱོན་པ་ཞིག་དང་།
འབྱུང་བའི་བྱ་ཚོགས་ལ་འཁོར་བའི་རྦབ་རྡོ་བཞིན་དུ་མར་ལ་འགྲིལ།

འགགས་སོང་ལ། དབུགས་ཆད་སོང་།
ལག་པའི་མཐིལ་ལ་བབ་པའི་རི་མོ་འདི་དག་གིས།
མཐོ་རིས་དང་བདེ་འགྲོའི་ལམ་ཁ་གསལ་བོར་འབྱེད་པའི་ས་ཁྲ་མི་བྱེད་ལ།
བསླུ་བྱེད་ཀྱི་ཚིག་གི་འཇམ་ཤ་ལ་ཆགས་པའི་རི་དྭགས་དང་།
སྐོམ་གདུང་གི་ཤེལ་ངོས་སུ་ཆགས་པའི་ཆུ་ཐིགས་འཛར་བའི་སྒྲ་རུ་འབབ།

༢༠༡༤ ༡༢ ༡༣ཉིན།
 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།