གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་འོད་ཀྱི་ཉེ་བའི་དུས་ཀྱི་རྩོམ་ཡིག་གཅེས་བསྒྲིགས།

2014-12-17 13:34:22 རྨ་འོད། ཀློག་གྲངས། མཆན ཡོད།

843387633.jpg
སྙན་ངག་ལ་འཛིན་པའི་ལྟ་བ། 
༼ ༡ ༽གལ་སྲིད།སྙན་ངག་དེ་སྐད་ཆ་བཤད་སྟངས་ཤིག་ཡིན་ཚེ།སྐད་ཆའི་རྨང་གཞི་མེད་པ་ཚོས་སྙན་ངག་ཀྱང་འབྲི་ཁག་པོ་མ་ཡིན་ནམ།
༼ ༢ ༽ཨོ།ངའི་གླུ་དཀྲོལ་གཞས་གསུམ་གྱི་ཚིག་དེ་དང་སྙན་ངག་མིན་ནམ།ལོ་ངོ་འདི་དག་ལ་ངས་དེ་སྙན་ངག་གཅིག་ཏུ་སྒོམ་ནས་འབད་པ་ཡིན་ལ།ད་རུང་ཡང་འབད་ངེས་ཡིན།དེ་ཡང་རང་སེམས་ནས་སྟོང་ཆ་ཞིག་སྐོངས་སྟངས་ཀྱང་ཡིན།
༼ ༣ ༽ངས་སྙན་ངག་དེ་ཆེན་པོ་ཆེན་པོ་ཞིག་སྤུར་ཤེས་ཀི་མེད།གཙོ་བོ་རང་གཞན་ལ་ཐུན་མོང་གི་དགྲ་བོ་ཞིག་ཡོད་ན།དེ་སྙན་ངག་གི་ལམ་ནས་བསྒྲལ་འདོད་པ་ཙམ་ཡིན།

སྙན་ངག་གི་སྐོར།         
     
               བྲག་ཐེམ་གྱི་གླ་མོ་ཁེར་ཉལ།

རྣ་དེ་གླ་ས་ཞིག་ཡིན་པ་འདྲ
གཡུ་ས་ཞིག་ཡིན་པ་འདྲ
གླ་མཆོང་ས་དང་གཡུ་འཚེར་ས་ཞིག་ཡིན་པ་འདྲ

རི་བོ་དེ་བརྒལ་རྗེས ནགས་ཚལ་དེ་བརྟོལ་རྗེས
བྲག་གི་ཐེམ་པ་དེ་ནས སྲིབ་ཀྱི་སྤང་ཤ་དེ་ནས དབུགས་ཀྱང་མེད་པར་འགྱེལ་སོང
དྲན་པས་སློང་ཙམ་དང་སྐྱོ་བས་སྒུར་ཙམ་བྱས་སོང

གད་པ་དམར་པོ་དེ་ནས
གློ་བུར་དུ་རླུང་ཆེན་པོ་རེ་ལྡང་ཡོང
ཐལ་རྡུལ་གྱི་འབྲུག་རིས་ཤིག་ཀྱང་འཁྱུག་ཡོང
གླ་ས་དེ་སྨུག་པས་བཟུང་དུས
སྨུག་པ་དེའི་དཀྱིལ་ན གཡུ་རྡོག་དེ
གནས་ཡུལ་ནས་འཁྲེང་བའི་ཕྱི་མིག་ཞིག་དང་འདྲ བར་དོ་ན་འདར་བའི་མཆི་མ་ཞིག་དང་འདྲ
ངའི་མིག་ལ་ཟུག་ཡོང མཁུར་ཚོས་བརླན་ཡོང སྙིང་ལ་སྲུབ་ག་བཏོད་ཡོང

སྨྲེང་བའི་ནགས་ལ་དམར་ཤར་ཤར་གྱིས་མཆོང་ཡོང་བ་དེ
སེམས་པའི་ལྟེབས་ལ་ལྗང་རིལ་རིལ་གྱིས་འགྲིལ་མྱོང་བ་དེ
ངས་རྒྱང་རིང་རྒྱང་རིང་ཞིག་ནས་འཚོ་སྟངས་སམ
ཡུན་རིང་ཡུན་རིང་ཞིག་ལ་སྒུག་སྟངས་དང་འདྲའམ

              ལག་པ་ནག་པོ།

རྨི་ལམ་དུའང ལག་པ་ནག་པོ་དེ་བྲང་ལ་གཟས་ནས་ཡོང
གློ་སྙིང་གི་སྲོག་རྩ་ལ་བསྙབ་ནས་ཡོང
དུས་རྒྱུན་གནམ་ས་གཤོང་བར་འདོད་པའི་བྲང་གཞུང་འདི
གློ་བུར་དུ་ཁབ་མིག་བཞིན་དོགས་ལ
བཟོད་པའི་འདབ་མ་སྲབ་བུ་སྲབ་བུ་དག་རྡུལ་གྱིས་ཟགས་མགོ་ཚུགས
དེ་ཡང་བཟོད་པའི་འཇིག་ཚུལ་ཞིག་ཡིན་ནམ དྲན་པས་སྲུང་སྟངས་ཤིག་ཡིན

གང་ལྟར་གན་རྐྱལ་དུ་ཉལ་སྟངས་དེ
ཧ་ཅང་དཔུང་འཇུག་བྱ་སླ་བར་འདོད
དེ་བཞིན་མལ་ས་ནས་འགྲེ་ལོག་རྒྱག་པ་དེའང་འཇིག་པ་ལ་གཡོལ་སྟངས་ཤིག་ཡིན་ནམ
ཁྱོད་ཁོ་ན་ཏན་ཏན་གྱིས་སྲུང་རྟགས་ཤིག་ཡིན

ངའི་ཡ་ཁོག་ལ་ཁྲི་ཞིག་བརྒྱབ་ཡོད
ཁྲི་སྟེང་ལ་ཁྱོད་འཛུམ་གྱིས་བཞེངས་ཡོད
ངའི་མ་ཁོག་ལ་རྐ་ཞིག་བཟོས་ཡོད
རྐ་ནང་ལ་ཁྱོད་ལྷོད་ཀྱིས་ཕབ་ཡོད
ངའི་རྐང་མཐིལ་ནས་སྤྱི་གཙུག་བརྟོལ་ནས
ཁྲག་ལམ་ནས་ཤ་ལམ་འཕྲེད་ཀྱིས་བཅད་པའང་ཁྱོད་ཁོ་ན་མ་ཡིན་ནམ
ད་ནི་ངའི་རྣམ་ཤེས་བཅུག་ནས ཤེས་རབ་དང་བློ་གྲོས་གཟེབ་ལ་མ་འཇུག་རོགས
རྨི་ལམ་དུའང ལག་པ་ནག་པོ་དེ་བྲང་ལ་གཟས་ནས་ཡོད
                   ༢༠༡༤•༡༠•༡༨ ༼ཐེན་ཅེན།༽

              ཞོགས་པར་དྲན་ཚུལ།

ཞོགས་པ་དེ་གཤོག་པ་ཞིག་དང་འདྲ
ཁྱོད་ཀྱི་བར་སྣང་ལ་ལྡིང་སྐོར་ཡང་ཡང་རྒྱག་དགོས་བྱུང
ཞོགས་རླུང་དེ་ཡང་ཁྱོད་ཁོ་ནའི་མངར་ཁ་དང་བྲོ་བཅུད་འཁྱིལ་ས་རེད
མི་སེམས་ལྡེམ་ཙམ་དང་གཤོག་པ་ལྷོད་ཙམ་བྱས་ན
ཁྱོད་ཁོ་ན་ལྷུན་ཆགས་ཀྱིས་འཛུམ་ཡོང དྭངས་གཙང་གིས་བཞུར་ཡོང
བར་སྣང་དེ་ཅི་འདྲ་ཡངས་ན ཁྱོད་ཀྱང་དེ་འདྲ་སྙིང་ལ་འཚེར་བ་ལ
                        ༢༠༡༤--༡༡--༢༣ ཞོགས་པ།

 

               སྤུར།

མི་ཚོགས་ཀྱི་ཁ་མིག་རུབ་དུས སྙན་ངག་གིས་མིག་སྐྱག་འཕྱིད་ཙམ་དང སོ་བཀྲུ་ཙམ་བྱས
ཡང་ན་མི་རེ་རེའི་ངོ་དགོང་གི་མུན་པ་དང སེམས་ཀྱི་ནག་ཐིག་དག་སེལ་ཙམ་འདག་ཙམ་བྱས
ཉིན་མོ དུག་ཚེར་གྱི་ཡལ་ག་ནག་པོ་དག་ཆུ་ལ་སྦངས་ཤིང ཇ་ཁང་དེ་ནམ་མཁའ་བཞིན་རླངས་པ་འཐུལ་ལེར་བཞག
མཚན་མོ སླར་ཡང་ས་ཆེན་པོ་རྡོག་པས་གཞལ་ལ ས་སྟེང་གི་རྡུལ་དང་ས་འོག་གི་རྫས་དག་རྔུལ་ཆུས་བསྙལ་བས
ཆང་ཁང་དེ་འུར་ཟིང་ཆིལ་ལེར་བཏང
གང་ལྟར ཉིན་མོ་དེ་ལུང་བ་དེའི་ཉིན་ཡིན ཉིན་གྱི་དུར་ས་དེ་ཡིན
མཚན་མོ་དེའང་ལུང་བ་དེའི་སྲིབ་ཡིན སྲིབ་ཀྱི་ས་ཕུག་དེ་ཡིན
དེ་གཉིས་སྙན་ངག་ཡིན ནམ་ཡང་མི་འཇིག་པའི་སྙན་ངག་ཆེན་པོ་ཡིན

 

              སྙིང་བཟའ།

བྱེ་མ་དེ་ན གཞིས་ཀ་ཞིག་བརྒྱབ་ཡོད གཞིས་ཀ་དམ་པོ་ཞིག་བརྒྱབ་ཡོད
བྱེ་མ་དེ་སུ་ཡང་ཡིན་ཆོག གཞིས་ཀ་དེར་སུས་ཀྱང་རྡོག་པ་རྒྱག་ཆོག་པ་མ་རེད

ལོ་ན་ཚོད་དེ ཕྱི་ལ་རྒྱབ་པའི་ཡོལ་བ་ནག་པོ་ཞིག་དང་འདྲ ཡོལ་བ་དེའི་ནང་རོལ་ན
ནང་གི་རྩིག་པ་དམ་པོ་དེའི་ཀློང་ན དར་ཟབ་དམར་པོ་བསྣབས་པའི་ཁྱོད
དྲོད་ལྷམ་མེ རླངས་འཐུལ་ལེ འདབ་མ་ཤིགས་སེ ཨེ་མ་ཞི་འཇམ་གྱིས་འཁྱིལ་བ་ལ

སེམས་ཀྱི་ཕྱི་རོལ་ན དགུ་དང་པོ་ལ་ས་འགད་ཀྱང དགུ་གཉིས་པ་ལ་ལྕགས་དང་གསུམ་པར་རྡོ་འགད་ཀྱང་སྲིད
ཁྱོད་ཀྱི་བཞུགས་སྟངས་ལྷོད་པོ་དེས ངའི་ཤ་དམར་བོའི་གྲང་བ་མ་ཚོར རུས་དཀར་བོར་བསེར་བུ་མ་ཕོག

ད་དུང་མི་སེམས་སྣུམ་པོ་སྣུམ་པོ་དེས མི་གཤིས་སྣུམ་པོ་སྣུམ་པོ་དེས ང་ནམ་ཡང་ལྟོགས་མ་མྱོང་ལ སྐོམ་ཀྱང་སྲིད་རྒྱུ་མ་རེད
                             ༢༠༡༤-༩-༢༧

 

             ཆུ་རིས་ཁྲ་ཁྲ།

ལོ་མ་ཞིག་འདར་ཡོང རླུང་བུ་བསིལ་མོ་དེའི་བྲང་ན མེ་ལོང་བཞིན་འདར་ཡོང རླུང་བུ་ཞིག་འདར་ཡོང ལོ་མ་སེར་བོ་དེའི་ངོས་ན ཆུ་རིས་བཞིན་འདར་ཡོང
སྟོན་ཁ་འདི གློ་བུར་དུ་འདར་ཡོང
ཁྲག་གིས་བརྫིས་པའི་ཡུ་མོ་དེ་དྲན་ཡོང
ཡུ་མོ་དེའི་གདོང་གི་ཆུ་རིས་ཁྲ་ཁྲ་དེ་དྲན

             སྟོན་ཟླ་དཀར་བོ།

སྟོན་ནམ་འདི་ཐུང་བ་ལ སྟོན་ཟླ་ལྟ་བུའི་བུ་མོ་དེ་དྲན་པས་བརྒལ་སོང
བར་སྣང་དུ་སྐར་ཆེན་དང་སྐར་ཆུང་གི་ཕྲ་ཚོམ་མེད་ཀྱང ཞི་འཇམ་གཅིག་པུའི་ཀློང་ན
ང་ཡང་འོད་ཐིག་གཅིག་ཡིན་པའི་སྣང་བ་འཚེར་ལ ངས་ཀྱང་འོད་འཁྱིལ་བའི་ནམ་མཁའ་དེ་དྲན་པ་ལ སྙེག་པ་ལ
ཞི་འཇམ་གཅིག་པུའི་ཀློང་ན ང་ཡང་རྒོད་པོ་གཅིག་ཡིན་པའི་སྣང་བ་འཚེར་ལ
ངས་ཀྱང་ལྷུན་ཆགས་པའི་རི་རབ་དེ་དྲན་པ་ལ སྙེག་པ་ལ
སྟོན་ནམ་དེ་ཐུང་བ་ལ སྟོན་ཟླ་ལྟ་བུའི་བུ་མོ་དེ་དྲན་པས་བརྒལ་སོང ཕྱི་ཐག་ད྄ེ་མྱངས་ན
གཞུང་དྲང་དེ་སྒོམས་ན བུ་མོ་དེ་སེམས་ཀྱི་སྒྲོམ་ལ་ཕེབས་ཡོང རུས་ཀྱི་རྐང་ལ་འཁྱིལ་ཡོང རྩ་ཆེན་དང་རྩ་ཆུང་གི་སྦུབས་ནས་འཛུམ་ཡོང

སྟོན་ནམ་དེ་ཐུང་བ་ལ སྟོན་ཟླ་ལྟ་བུའི་བུ་མོ་དེ་དྲན་པས་བརྒལ་སོང
                        ༢༠༠༡༤•༩•༡

             སྟོན་ཁྲ་ཁྲ།

སྟོན་ཁ་འདི་ལ ཉི་ཟེར་གྱི་ཀློང་ན་རླུང་བུ་འབབ་ལ རླུང་གི་འདབ་མ་ལྟ་བུའི་གྲང་བ་སྲབ་མོ་རེ་སྤང་ནས་འཁོར་འཁོར་རྗེས
ཁད་ཀྱིས་སེམས་ལ་ལྡིང་སྐོར་རྒྱབ་ཡོང མི་སེམས་དེའི་ཁ་ཞེང་ག་ཙམ་ཡིན སྤང་ལྗོངས་དེའི་ཁ་ཞེང་ག་ཙམ་ཡིན
ཉི་ཟེར་དང་སྟོན་རླུང་གི་འགྲོས་ནས མེ་ཏོག་དེས སྡོང་ལོ་དེས དབྱར་གཞུང་ལྟ་བུའིི་གཞིས་ཀ་ལེབ་མོ་ཞིག་སྙེགས་སྲིད་དམ། 
                                                            ༢༠༡༤•༨•༢༦
              ལྷ་ས་ལྟ་བུའི་སྙན་ངག

ཁྱོད་ངའི་སྙན་ངག་ཡིན ཉི་མ་ལྷ་ས་ལྟ་བུའི་སྙན་ངག་ཡིན
ལོ་ཟླ་ལ་སེར་ཐིག་ལྷུང་ཡང
ཉི་ཟེར་གྱི་འདབ་མ་དག་འབུ་ཡིས་རལ་ཀྱང
ལྷ་ཚོགས་ཀྱི་མགྲིན་པའི་སྦུབས་ན
དབྱངས་རྟ་འཁྱིལ་ནས་ཡོད
འགུགས་རྟ་ལྡེམ་ནས་ཡོད
འཛུམ་ཤིགས་ཤིགས་ཀྱི་སྒམ་བུ་གྲོལ་ནས་ཡོད
འཛམ་གླིང་གི་མཐོ་ས་དེ་ན
ཉི་མ་དང་རྒྱང་ཐག་ཉེ་ས་དེ་ན
ཁྱོད་གསེར་གྱི་མཆོད་ཀོང་སེར་བོ་ཡིན
དངུལ་གྱི་གསོལ་འདེབས་དཀར་པོ་ཡིན

ཁྱོད་ཀྱི་མཁའ་དབྱིངས་ལ་ངས་འཇའ་འོད་ཀྱི་གུར་ཞིག་བཟོས་ཡོད གུར་སྒོ་དེ་ཤར་ལ་གཏད་ཡོད
སྐྱིད་ཉི་མ་འདྲ་ཞིག་ཁྱོད་དང་དམ་དུ་སྦྲེལ་ནས་ཡོད གུར་ཕུག་དེ་ནུབ་ལ་གཏད་ཡོད རྡོ་བ་ནག་པོའི་རྡེའུ་འབུམ་ཞིག་ཀྱང་རྩིགས་ཡོད
དེ་ཡང་ཁྱོད་དང་སྙན་ངག ཡང་ན་ཉི་མ་ལྷ་ས་སྲུང་སྟངས་ཤིག་ཡིན

མཚན་མོ་འདི་ལ་ངས་ཉི་མ་ལྷ་ས་དྲན་ཡོང
ལྷ་ས་ནས་ཁྱོད་དྲན་ཡོང དྲན་ཐེངས་རེར
ངས་སྐར་མའི་སྐས་ཤིག་འཛུགས་འདོད
སྐས་མགོའི་དུང་ཟླ་དེ་ཐོད་ལ་བརྩན་འདོད
མིག་གིས་ལྷ་ས་སྲུང་འདོད
སེམས་ཀྱིས་ཁྱོད་རང་འཚོལ་འདོད
ཁྱོད་ངའི་སྙན་ངག་ཡིན ཉི་མ་ལྷ་ས་ལྟ་བུའི་སྙན་ངག་ཡིན།
                   ༢༠༡༤--༡༢--༡༤

             ཁྲིན་ཏུའུ་མགྱོགས་བྲིས་མ།

༼ ༡ ༽ བོད་པ།

མེ་རི་དམར་བོ་ཞིག་དྲག་ཏུ་ཡོང་འཕྱུར་ཡོང ཡལ་ག་ནག་པོ་འཁྲིགས་པའི་ནགས་ཚལ་དེ རླུང་གིས་སྤུར་སླ་བའི་སོལ་ཐལ་གྱི་འདབ་མ་གཉོམ་པོ་དག་ཡིན་ནམ

༼ ༢ ༽ གླུ་གར་གླིང་བ།
དུས་ཚོད་དེ་སྐ་རགས་དམར་བོ་ཞིག སྣེ་གཅིག་ལག་པས་སྒག་ཀྱང སྣེ་གཅིག་རྡོག་པས་བརྫི

༼ ༣ ༽བོད་ཟས་གླིང་བ།
ཤོག་སྐྱ་ཧྲལ་ཧྲུལ་དེའི་ཐུམ་ན ཨ་མ་ཡོད་ཟེར འོ་མ་ཡོད་ཟེར ---------


༼ ༤ ༽ བོད་མིའི་ཁྲོམ།
ཚོང་ར་དེ་ནག་ཐིག་གོར་གོར་ཞིག ཚོང་དཔོན་དེའང་ནག་ཐིག་གིས་བཟོས་པའི་དར་ལྕོག་ཁ་གང

༼ ༥ ༽ ཧྭ་ཤེའུ་སྨན་ཁང་།
རི་བོ་དེའི་ལྟག་རྒྱབ་ན་འཆི་མེད་བདུད་རྩི་འབབ་ཟེར
གསོན་འདོད་པ་མང་བོ་མང་བོ་ཞིག་རི་ངོས་ནས་གཏན་དུ་འགྱེལ་སོང

༼ ༦ ༽རང་ཉིད།
ཁུག་སྟོང་དེ་སློག་སློག་རྗེས གློ་བུར་དུ་རང་ཡུལ་དྲན་སོང
                      ༢༠༡༣-༡༢-༡༢

             གློད།

སྨུག་སྤྲིན་ཡོལ་བ་དལ་ཅིག་ཕྱེ་རོགས་ཁྲི་འདུ་གྲོང་ཁྱེར།།
མཁའ་དབུགས་གཙང་མའི་རྩ་ལམ་གྲོལ་རོགས་སྤྲིན་དཀར་ཟེགས་མ།།
ཞོགས་པ་འདིའང་རྡུལ་དང་མུན་པས་ཟས་སུ་གྱུར་ན།།
སེམས་པ་འདི་ཡང་ལུ་རྒྱ་གཅིག་གིས་ཚལ་པར་བཏང་འགྲོ།།

དལ་ལ་མགྱོགས་པའི་ལང་ཚོའི་གོམ་སྟབས་འཇག་སྐྱ་འབར་འདྲ།།
ཤོར་ལ་སྨྲེང་བའི་མི་ཚེའི་སྒྱུ་འཕྲུལ་ལུག་ཕྲན་རྩེད་འདྲ།།
སུ་ལ་རེ་བའི་མིག་ཟུང་རྙིད་པོ་སྡོང་ལོ་འདར་འདྲ།།
འགྱོད་པ་འགྱོད་པས་བང་གིས་མ་ཟིན་མིག་ཆུ་ཤམ་ཤམ།།

རུས་པའི་སྒྲོམ་རྟིང་དམ་ལ་མཉེན་པ་ད་ཆ་སྐྱོམ་ཡོང་།།
ལུས་ཀྱི་ཟུངས་བཅུད་དམར་ལ་དྭངས་པ་ད་ཆ་རྙོག་ཡོང་།།
གཏམ་དང་ཟས་ཀྱི་མིད྄་སྒོ་ཡངས་པོ་ད་ཆ་ཁེགས་ཡོང་།།
རྒས་པའི་ལྐོག་འཇབ་ལྷས་ལ་ཤོར་བ་ད་ཆ་ཚོར་ཡོང་།

ཕྱི་མིག་སྣེ་ཡི་རྐང་ལམ་གྱ་གྱུ་གང་ལ་འཁྱོག་འགྲོ།།
རྐང་ལམ་གཞུང་གི་གཞིས་ཀྱི་གཙང་ཆུ་གང་ལ་འབབ་འགྲོ།།
གཙང་ཆུའི་གཞུང་གི་གཞིས་དཔོན་དེ་ཡང་གང་ལ་ཕེབས་འགྲོ།།
ང་ཡི་ལུས་འདི་དྲི་བས་གྲུབ་པ་ག་དུས་ཡིན་ནམ།།

འཆི་བ་དེ་ཡང་གླེང་རིན་མི་འདུག་ནམ་ཞིག་འབྱོན་ངེས།།
རྒས་པ་དེ་ཡང་བརྗོད་དགོས་མི་འདུག་རིམ་གྱིས་ཟུག་ཡོང་།།
བྱེ་མའི་ཐང་ཆེན་ལན་གཅིག་འགྲིམས་པའི་རྟིང་རགས་རིས་ལ།།
རྐང་བ་ཡོད་ཀྱང་རྐང་རྗེས་མེད་པ་ང་ཚོ་སུ་ཡིན།།

འུར་ལ་གཏད་པའི་ཟང་ཟིང་གྲོང་འདི་དལ་མ་ཡལ་རེད།།
འུར་ལ་གོམས་པའི་གྲོང་གི་མི་འདི་འཚུབ་མ་རླུང་རེད།།
འུར་གྱིས་ཟོས་པའི་གྲོང་བའི་ལུགས་འདི་རུལ་མ་ལད་རེད།།
འུར་ལ་ཟད་པའི་རང་རེའི་དཔུང་འདི་ཉལ་མ་ལངས་རེད།།

ལོ་ཟླ་ཆུ་རེད་ཆུ་ཡི་ཐིགས་པས་རྒྱ་མཚོ་བརྒལ་འགྲོ།།
ཉིན་མཚན་མདའ་རེད་མདའ་ཡི་རྩེ་མོས་བྲག་རི་བརྟོལ་འགྲོ།།
མི་སེམས་དར་རེད་དར་ལྕེ་ལིང་ལིང་རླུང་གིས་སྐྱོད་འགྲོ།།
ང་ཚོ་སུ་རེད་སུ་ལ་སྙེགས་བཞིན་གང་ལ་འགྱུར་འགྲོ།།

 

             དམར་དམར་བོ།

ལས་དང་དབང་ཐང་འཐབ་པའི་དམར་འཛིང་གི་གཡུལ་ན།།ལོ་དང་ཟླ་བས་རྨས་པའི་རྨ་ཁ་དེ་རྣག་པས།
མིག་གི་མཐའ་ལ་འཁྱིལ་བའི་མཆི་མ་དེ་ལན་ནམ།།སྙིང་གི་དཀྱིལ་ལ་ལྷུང་བའི་ཐིགས་པ་དེ་ལྕི་ཨང་།།

སུ་ཡང་རྨི་ལམ་ཞིང་ན་ལྡེམ་ལྡེམ་གྱིས་གཡོ་ཞིང་།།གང་ཡང་སྣང་བའི་ཁམས་ན་ལྷུག་ལྷུག་གིས་གྲོལ་ཀྱང་།།
རྡོག་པ་རི་ལ་རྒྱབ་པའི་དན་རྟགས་ཀྱི་རིས་སུ།།རྐང་རྗེས་སྤང་ལ་བཞད་པའི་མེ་ཏོག་དེ་མཛེས་ཨང་།།

འཇའ་ཚོན་གུར་ལ་བཏབ་པའི་ནམ་མཁའ་དེ་དྭངས་ལ།།རྩི་སྨན་གདན་ལ་བཞེངས་པའི་ས་གཞི་དེ་གཙང་ཡང་།།
ཁ་ཆར་གྲང་རླུང་འཐབ་པའི་ནམ་ཟླ་དེ་རྩུབ་པས།།གློ་བུར་བཞུར་རྒྱུན་ཁག་པའི་དབང་རྩ་དེ་གཉོམ་ཨང་།།

འདོད་པ་བམ་ལ་བརྩེགས་པའི་ཉིན་མཚན་གྱི་གཏོས་ན།།ཧམ་པ་དཔུང་ལ་བསྟར་བའི་ཁ་ཆར་གྱི་ཀློང་ན།།
བདག་འཛིན་བློ་ཡིས་གཅུན་པའི་འཕག་ཚགས་ཀྱི་འགྲོས་ན།།རྒས་པ་གཉེར་མའི་ཐུམ་གྱི་སེམས་པ་དེ་གཅེས་ཨང་།

ལྷ་ཆོས་འདབ་མ་ལྷ་ཡི་དགའ་ཚལ་ན་རྙིད་ལ།།མི་ཆོས་སྡོང་ལོ་མི་ཡི་གཞིས་ཁྱིམ་ན་ཟགས་པ།།
ལྷ་མིའི་རྟེན་འབྲེལ་རྩིགས་པ་མཐུ་སྔགས་ཀྱིས་སྒྲོལ་བ།།རྒུད་པའི་དོང་ན་ལྷེམ་པའི་མིག་འབྲས་དེ་སྔོ་ཨང་།།

ཐར་བ་ཆུ་ཆེན་བརྒལ་བའི་དཔྱངས་ཟམ་དེ་ཡོམ་ཡོམ།།འཁོར་བ་མུ་མེད་འགྲིམས་པའི་ལྷམ་ཀོག་དེ་ཧྲལ་ཧྲུལ།།
འདོད་ཡོན་ལོངས་ལ་སྤྱོད་པའི་ལྕག་ཐག་དེ་སིལ་སིལ།།སྡིགས་པའི་ཞིང་ལ་བཏབ་པའི་ཉེས་འབྲས་དེ་ལྗང་ཨང་།།

            ཨོཾ་མ་ཎི་པདྨེ་ཧཱུཾ།

འཁྱེར་ལོང་མ་བྱུང་ལག་པ་སྟོང་བ།།བསམ་ལོང་མ་བྱུང་སེམས་པ་སྟོང་བ།།
ཕྱི་ལ་ཆགས་པའི་འཁྲེང་ཞེན་གོ་ཁྲབ།།སུ་ཡིས་གཟུངས་སྔགས་མདའ་ཡིས་བརྟོལ་རོགས།།

གསུར་དུད་སྔོན་པོའི་འཇུ་སྐས་གཉོམ་ལ།།རྨུ་ཐག་དཀར་བོའི་ལམ་སྣ་ཕྲ་བ།།
གང་ལ་བཞུད་འགྲོ་སྙམ་པའི་འཇིགས་པ།།མཚམས་དང་མཚམས་ལ་ངང་གིས་འཁྱུད་ཡོང་།།

ཕྱི་མའི་གཤེད་ལམ་ཀྱག་ཀྱོག་ཆེ་བ།།བར་དོའི་འཕྲང་ལམ་འགག་རྩ་དོག་པ།།
འཇིག་པའི་ལུས་འདི་གང་ལ་གཡོལ་ཀྱང་།།ཅི་ཡང་མེད་ལ་གང་ཡང་རྗེན་པ།།

གྲིབ་ཀྱིས་ཟིན་པའི་ཕུང་བོ་འདི་ཡང་།།སྙིགས་དང་ལུད་བཞིན་འདོར་དགོས་བྱུང་དུས།།
རྒོད་པོ་ཁྱུ་གཅིག་ཚིམ་པ་བྱུང་ན།།འཁོར་བར་འཁྱམས་པའི་མཐའ་མར་འཁྱོངས་འདྲ།།

ཆགས་སྡང་ཐབ་ལ་བརྔོས་པའི་ལུས་འདི།།ཕྱེད་ཀ་འཚིག་ལ་ཕྱེད་ཀ་རུལ་དུས།།
སང་ཉིན་འཆི་བའི་འབོད་པ་བསམ་བཞིན།།དེ་རིང་ཡིག་དྲུག་དབྱངས་ལ་བཞེངས་ཤིག།

             མོག

ཀ་མད་ཀུ་ཤུའི་བཀའ་དྲིན་རི་ལ།།
ཁ་ནག་ཁྭ་ཏས་ཨག་སྐད་ཟུག་པས།།
ག་ས་གང་དུ་ཐན་བྱ་མང་བ།།
ང་དང་སུ་ཡི་ལམ་སྣ་ཡིན་པ།

ཅ་ནེ་སྲུང་བའི་ཅ་ལག་འདི་ཡིས།།
ཆ་ཡོད་ཆ་མེད་གཟེབ་ལ་བཅུག་པས།།
ཇ་མ་ཇ་ཁུ་གང་ལ་འཛོམས་ན།།
ཉ་དང་ཉ་བ་དེ་རུ་འཁྱུག་པ།།

ཏ་ལེན་ནང་གི་གཏོ་འགུགས་མདོས་འདི།།
ཐ་མའི་ལག་གི་ཐལ་སྐྱའི་རྡུལ་འདི།།
ད་ཆ་དོ་དོ་མེད་པའི་སེམས་འདི།།
ན་བ་མེད་ལ་ནོམ་པས་མོད་པ།།

པ་བ་ཅན་ལ་པ་ཏྲ་འཁྲིགས་པ།།
ཕ་མ་ཕ་གཤིས་རྡོག་ལ་བརྫི་བ།།
བ་མ་ཅ་ནེའི་བམ་ཁ་རྩོད་པ།།
མ་ཡང་སྨད་ནས་ཁྲོམ་ལ་བསྒྲགས་པ།།

ཙ་ར་ཙོར་ལོ་ཐོད་ལ་དཔྱངས་ནས།།
ཚ་བུ་ཚ་མོ་ཚྭ་ལ་བརྗེས་ནས།།
ཛ་ར་འཛེར་གྱིས་སྐད་ལ་བྱང་ནས།།།
ཝ་མ་ཁྱི་ཡི་སྐྱེ་བ་བླངས་པ།།

ཞ་ཉེའི་ཞྭ་མོ་མེ་ཡི་མིག་ཡིན།།
ཟ་དགའ་བཟི་བོ་རླུང་གི་ལྕེ་ཡིན།།།
འ་ཅག་འོ་མ་ཆུ་ཡི་སེམས་ཡིན།།
ཡ་རབས་ཡོལ་བ་ས་ལ་ཟགས་པ།།

ར་མའི་རྭ་ཅོ་ཐེམ་ན་ངོམ་པ།།
ལ་བོའི་ལ་སྐད་ སྨག་ན་མཐོ་བ།།
ཤ་ཁྲག་ཤ་བརྩིག་སུ་ལ་དམ་པ།།
ས་སྟེང་སུ་ཡིས་སོ་བ་གནང་བ།།

ཧ་གོ་མེད་ལ་ཧོལ་རྒྱུགས་མང་བ།།
ཨ་གསར་ཆེ་ལ་ཨག་ཡུན་ཐུང་བ།།
ཧ་ལམ་བཅུ་ཡི་ནང་ན་དགུ་ཡིན།།
ཨ་མའི་བུ་ཚོ་ཨེན་ཙམ་སོམས་དང་།།

དཔྲལ་བའི་མིག་འདི་མཐོང་ལ་དགའ་བ།།
སྨྲ་བའི་མཆུ་འདི་བརྗོད་ལ་མོས་པ།།
སུས་ཀྱང་རང་ཉིད་མི་རྟོགས་རྨོངས་པ།།
འདི་ཡང་རྒུད་པའི་དུས་ཀྱི་བྱུང་བ།།

སེམས་འདི་རླུང་གིས་ཁུར་ན་སྐྱོ་བ།།
གཤིས་འདི་རྡུལ་གྱིས་ཟོས་ན་སྨྲེང་བ།།
རང་ཚུགས་རུས་རྐང་འཐོར་ན་གཟེར་བ།།
ད་ནི་དོགས་པའི་བྱ་ར་མཛོད་པ།།

              ཀ་ལིའི་རྭ་རྡོ།

ཀ་བ་ཀ་རྡོའི་རང་གཤིས་ཞིག་སོང་།།
ཁ་ཁོག་མཚུངས་པའི་སྙིང་གཏམ་སྐམ་སོང་།།
ག་ལེར་ལྐོག་ན་ངན་མཆུ་རྣོ་བའི།།
ང་ཅག་ལས་བྱེད་མི་མ་འདྲེ་ཡིན།།

ཅ་རི་ཅོར་རེ་ཟླ་ཕོག་བསམ་ནས།།
ཆ་མེད་རྒྱུས་མེད་དབུ་ལ་བཀུར་ནས།།
ཇ་ཆང་ཧེབ་ལ་སྤྱོད་པ་མཐོང་ན།།
ཉ་ཉོག་བྱ་བས་བཙིར་བ་ལོས་ཡིན།།

ཏཱ་རེ་སྒྲོལ་མའི་འཛུམ་མདངས་གླེང་བཞིན།།
ཐ་མག་རྐང་གཅིག་མེ་ན་སྒྲོན་དུས།།
ད་ཐེངས་རྫུན་དང་གཡོ་སྒྱུའི་སྦུབས་ན།།
ན་ཚོད་སྨིན་པའི་མ་སྲུ་དུ་ཡོད།།

པ་ར་པོས་རོའི་བསྲེས་སྐད་མ་གཏོགས།།
ཕ་སྐད་གཙང་མས་གོ་བརྡ་མི་འཕྲོད།།
བ་གམ་ཁང་ལ་རྫིག་ཉམས་ཆེ་བ།།
མ་བདའ་ཕ་གཡུག་ལས་བྱེད་ལོས་ཡིན།།

ཙ་གི་ཙུག་གེ་ཁྱིམ་ལ་འཁྱེར་འགྲོ།།
ཚ་ཁོས་ན་གཟེར་ཡིད་ལ་མི་དྲན།།
ཛ་ལི་འཛོལ་ལེ་མི་སྐད་བཤད་མཁན།།
ཝ་མ་ཁྱི་ཡི་ལས་བྱེད་སྙིང་རྗེ།།

ཞ་ར་མིན་ཡང་རང་ལམ་མི་་གསལ།།
ཟ་བཟི་མེད་ཀྱང་གནས་ལུགས་མི་རྟོགས།།
འ་ཅག་རིག་གནས་ཁེ་ལ་བརྗེ་བ།
ཡ་མ་ཡོག་གི་ལས་བྱེད་ཚོ་ཡིན།།

ར་མ་ལུག་ཡིན་ཧྭ་མ་ཁྱི་ཡིན།།
ལ་ཕུག་ཐོད་ཡིན་བོང་སྐྱའི་ལས་ཡིན།།
ཤ་མེད་རུས་ཡིན་རུས་མེད་རྩྭ་ཡིན།།
ས་ཁའི་ཟོག་ཡིན་ཟོག་གི་སྡུག་ཡིན།།

ཧ་ཧ་དགོད་མིན་མི་དགའི་གཏམ་མིན།།
ཨ་ལ་གཤོབ་མིན་ཨ་ན་མ་ཡིན།།
ང་ལ་རྒྱུས་ཡོད་ང་ཡང་དེ་ཡིན།།
ལས་བྱེད་མང་ཕྱོགས་འདི་དང་འདི་ཡིན།།

གྲོང་སྐད་མང་ཆེ་ཐུགས་བསམ་བཞེས་རོགས།།
ཕ་སྐད་གཙོ་ཆེ་ཡིད་ལ་བརྣག་རོགས།།
ཀ་ལི་སུམ་ཅུའི་ཕྲེང་བ་འདི་ཡིན།།
རང་གཞན་ཀུན་ལ་དགོངས་དག་ཞུའོ།།

1883769017.jpg

 

ལྷུག་རྩོམ་གྱི་སྐོར།

              དམར་དམར་བོ།༡

  དུས་རྒྱུན་བྲེལ་འཚུབ་དང་འཇིགས་སྣང་གིས་ཟད་ལ་ཉེ་བའི་ལོ་ངོ་འདི་ཏག་ཏག་མི་སེམས་ལ་ཟུག་པའི་ཚེར་མ་ནག་པོ་ཞིག་དང་འདྲ་བས།གློ་བུར་གློ་བུར་དུ་ན་ཟུག་བསྐྱེད་ལ་གློ་བུར་གློ་བུར་དུ་ཁྲག་བརྣག་ཀྱང་ཁོལ་གྱིས་བརྡོལ་ཡོང་།འདི་ལྟར་རེས་འཇམ་རེས་གཟེར་གྱིས་ཉིན་མཚན་བརྒལ་བརྒལ་ནས།རེས་སྐྱིད་རེས་སྡུག་གི་དུས་ཚོད་བྲེགས་བྲེགས་ནས།ད་ནི་མི་སེམས་སྦྲིད་ལ་རྨ་ཁ་ཡང་བརྣག་པའི་ས་མཐོའི་གྲང་རླུང་གི་དགུན་ཟླ་རིང་མོ་འདི་དལ་གྱིས་སྐྱེལ་དགོས་བྱུང་ན།གྲོང་ཁྱེར་ལ་གདུལ་བྱ་ཟབ་པའི་མཁན་བསོད་ནམས་དར་རྒྱས་དང་མཁན་ཚུལ་ཁྲིམས་བློ་གྲོས་སོགས་རྒྱ་ཡིག་ལའང་བྱང་ཆ་ལྡན་པའི་བླ་མ་དང་རིན་པོ་ཆེ་རྣམ་པས་ཀྱང་རང་ཉིད་ཀྱི་དགོངས་པ་དང་ང་ཚོའི་གནས་བབས་ཀྱི་རི་མོ་འདི་འགྲེམ་སྤེལ་གཏོང་བའི་འགན་ཁྲི་ཐུགས་ཀྱིས་བཞེས་རོགས།

               དམར་དམར་བོ།༢

  བརྡ་རྟགས་ཡོད་ཡོད་འདྲ་ཡང་དོན་དམ་དུ་ཁ་བརྡ་གཅིག་ཀྱང་གློད་མི་ཐུབ་པའི་༼ཁ་པར༽དེས་སུན་པོ་བཟོ་ལ།བསམ་བློ་ཡོད་མདོག་ཁ་ཡང་དོན་དངོས་སུ་ལག་ལེན་ཅི་ཡང་མི་ནུས་པའི༼ཁ་ཤོམ་པ༽ཚོས་ཀྱང་སྡུག་པོ་བཟོས་ནས་ཡོང་།
  སྐབས་འགར་ཇོབ་ཟིའི་ཀུ་ཤུ་དང་ལན་རེར་བོད་པའི་མཁན་སློབ་སུ་ལའང་ཞན་ཆ་ཅུང་རེ་ཡོད་སྲིད་མོད།དེ་ལ་མཚང་འབྱིན་ཅི་ཐུབ་བྱེད་མཁན་ཚོའང་དྲང་བདེན་སྐྱོང་མཁན་དང་གནས་ལུགས་ཡོད་མཁན་ཁོ་ན་ཡིན་པའི་ངེས་པ་རྙེད་དཀའ།
  གཙོ་བོ་ནམ་རྒྱུན་༼ མེ་ལོང ༽རང་ལ་བཙུགས་ན།མཐུན་སྒྲིལ་དང་རིག་གནས་གླེང་ཞོར་ས་ཕྱོགས་དང་གྲུབ་མཐའ་སྲེགས་ན།རང་གི་ཉེས་པ་གནམ་ལ་གཤོང་མིན་གསལ་ཡོང་།

              དམར་དམར་བོ།༣

  རྨ་ཆུ་དེ་བཏུང་བཏུང་ནས་ནར་སོན་རྗེས་གློ་བུར་དུ་སྐྱུར་སྣང་གི་ངེས་འབྱུང་ཞིག་ལྷང་ངེར་ཐོན་ཞིང་།ད་ནི་ཀླུ་ཆུ་མངར་མངར་འདྲ་བའི་རྟོགས་པ་རྡོག་རྡོག་ཞིག་བརྡོལ་བ་ཡིན་ན།དེ་ཆུ་གཉིས་ཀྱི་མངར་སྐྱུར་ཁོ་ན་ཙམ་མིན་པར་ཤེས་རབ་དང་བློ་གྲོས་ལའང་"གྲིབ"ཐེབས་པ་ཡིན་པས།ཀླུ་ཆུ་དེ་བཏུང་རྗེས་རོ་ཁ་བ་དང་།བསང་ཆུ་དེ་བཏུང་རྗེས་རོ་ཚ་བ་ལྟ་བུའི་སྣང་བ་ཡང་མི་འབྱུང་བའི་ངེས་པ་ཤུགས་ཆུང་།ནམ་རྒྱུན་སེམས་པ་འབྲུ་ཤུག་གིས་ཡང་ཡང་བསང་ལ།བྲང་ཁོག་ལ་ཆབ་འཁྲུས་ཡང་ཡང་གསོལ་དང་༼རང་སེམས་ན་ཉེས་པ་མེད་ན།བར་དོ་ན་འཇིགས་སྐྲག་མེད༽ཟེར།

             དམར་དམར་བོ།༤

  གྲིབ་དེས་ཤེས་རབ་ཀྱི་གཞིས་ཀ་ཟགས་སོང་།གྲིབ་དེས་བློ་གྲོས་ཀྱི་བམ་ཁ་རལ་སོང་།གྲིབ་དེ་ཁྲག་ལ་བརྫུས་ནས་རྩ་ལ་སིམ།གྲིབ་དེ་རྩ་ལ་སྡེབས་ནས་སེམས་ལ་ཟུག གྲིབ་དེས་རུས་རྐང་གི་སྒྲོམ་གཞི་ཧྲག་གེར་བཟོས།གྲིབ་དེས་མིག་འབྲས་ཀྱི་མེ་ལོང་ཧྲིག་པར་བཏང་།གྲིབ་དེས་མི་ལུས་བལྡད་བལྡད་རྗེས།གྲིབ་དེས་མི་སེམས་གཞིབས་གཞིབས་རྗེས།གྲིབ་དེས་ལྷུ་ཆེན་ལྷུ་ཆུང་གི་རྩིག་པ་རེ་རེ་བརྒྱུད་ནས།དོན་ལྔ་སྣོད་དྲུག་གི་གསང་ལམ་རེ་རེ་བརྟོལ་ནས།ནང་གི་མཛེས་པ་དག་སྤྱོད་ཀྱིན་སྤྱོད་ཀྱིན།ཕྱི་ཡི་རི་མོ་དག་སུབ་ཀྱིན་སུབ་ཀྱིན།རང་ཁྱིམ་ལ་ལོག་པ་ལྟ་བུའི་ལྷོད་ཡངས་དེས བག་ཕེབས་དེས ་ཉམས་སྣང་དེས།རང་ཁྱིམ་ནས་བཞུགས་པ་ལྟ་བུའི་སོས་དལ་དེས ལྷིང་འཇགས་དེས།རྨི་ལམ་དེས།གྲིབ་དེ་རྩ་ཆེན་དག་ན་རླབས་བཞིན་འཕྱོ་ལ།རྩ་ཆུང་དག་ནའང་ཆིལ་ཆིལ་གྱིས་འབབ་པ་ལ།

               དམར་དམར་བོ།༥

  རང་སེམས་ནང་དུ་བསྡུས་ནས་རང་གིས་བྱས་པ་དག་རེ་རེ་བཞིན་སྔོག་བཤེར་བྱས་ཤིང་།གཞན་གྱིས་སྦྱོར་བ་དག་རེ་རེ་བཞིན་འདོམ་ལ་འཇལ་ན།ད་གཟོད་རང་གཞན་གྱི་འཇོན་ཐང་གི་བར་ཐག་དེ་འོད་འཁྱུག་གེར་གསལ་ཡོང་།སྐབས་དེར་ཕྱོགས་ཆེ་ས་ནས་གཞན་ལ་མོས་གུས་དང་།རང་ལ་རྡོག་བརྫིས་བྱེད་དགོས་པའི་རྟོགས་པ་རེའང་བརྡོལ་སྲིད་ན།དེ་ནི་ལོངས་སྤྱོད་ཡིན་ལ་དྲང་བདེན་ཡང་ཡིན་པས།ནམ་ཡང་རང་གི་བློ་མིག་དོག་པོ་དོག་པོ་དེས་ཡོད་ཚད་ལ་གཞལ་ནས་གཞན་གྱི་རིང་ཐུང་དང་ཕྲ་སྦོམ་ཁོ་ན་འུད་ཀྱིས་བརྗོད་པར་མ་བྲེལ་རོགས།མི་ནི་མ་གཞི་ཕྲག་དོག་གི་ཕུང་བོ་ཞིག་ཡིན་ན་ཐང་།ཞེ་སྡང་གི་ཤ་རྡོག་གཅིག་ཡིན་ན་ཐང་།རང་ཁོ་ན་མི་མཐོང་བའི་ཞ་ར་ཡིག་ཀྱང་ཡིན་ན་ཐང་།༼བདེན་པ་འདོན༽

             དམར་དམར་བོ།༦

  མགོ་ལོག་ན་སྙན་ངག་པ་འཇུ་སྐལ་བཟང་ཡོད།སློབ་གསོ་བ་འཇིགས་མེད་རྒྱལ་མཚན་ཡོད།ཡོན་ཏན་པ་མགོ་ལོག་རྣམ་རྒྱལ་ཡོད།ད་དུང་སྒེར་བཙུགས་སློབ་གྲྭ་མང་བོ་ཡོད།
  མགོ་ལོག་ན་བསླབ་གཞི་ཆ་ཚང་བའི་སྒེར་བཙུགས་སློབ་གྲྭ་མེད།སྒེར་བཙུགས་སློབ་གྲྭ་ན་ཆེད་ལས་དགེ་རྒན་མེད།ཁས་ལེན་དཔང་ཡིག་མེད།ཁུལ་ཡོངས་ལ་བོད་ཡིག་གི་མཐོ་འབྲིང་ཙམ་ཡང་མེད།
  ༼ ༡ ༽མགོ་ལོག་གིས་སྒེར་བཙུགས་སློབ་གྲྭ་དག་གཅིག་ཏུ་བསྡུས་ན། སློབ་མ་མང་།ཆེད་སྦྱོང་མང་།སྟོབས་ཤུགས་ཀྱང་མང་།བོད་རིག་པའི་སློབ་གླིང་ཐོག་མ་ཡིན།
  ༼ ༢ ༽མགོ་ལོག་གིས་བོད་ཡིག་གཙོ་གཉེར་གྱི་མཐོ་འབྲིང་ཞིག་བརྩན་ན།སློབ་ཆུང་གི་རྨང་གཞི་མཐུག སློབ་འབྲིང་གི་སྦྲེལ་ལམ་ཟབ།མཐོ་འབྲིང་གི་འགྲོ་གཙང་། གང་ལྟར།ང་ཡང་མགོ་ལོག་ནས་ཆད་པ་ཡིན།མགོ་ལོག་པས་ང་ལ་དགོངས་འཆར་གནང་རོགས།

              དམར་དམར་བོ།༧
  ང་ཚོ་ཅི་ནས་ཀྱང་རྒས་འགྲོ།རྒས་པའི་གོ་རིམ་དེ མཐོ་ས་ནས་གློག་བཞིན་འཁྱུག་ལ
  དམའ་ས་ནས་ཀྱང་སྦྲུལ་བཞིན་འཁྱུད་ཡོང་།ད་ནི་ཞེན་ཆགས་ཀྱི་རྡོག་ཁྲེས་དེ་ཁུར་ནས་འདུར་ལ་ཉེ།ད་ནི་འགྱོད་གདུང་གི་ཕ་བོང་དེ་དྲུད་ནས་གོག་ལ་ཉེ།འཇིགས་པ་དེས་བྲབ་བྲབ་རྗེས།ཉེས་པ་དེས་སྙེགས་སྙེགས་རྗེས།སུ་ཞིག་གིས་སྒམ་བརླིང་གིས་ལྡང་འགྲོས་རྒྱག་སྲིད།སུ་ཞིག་གིས་གཟི་བརྗིད་ཀྱིས་འགྱིང་གླུ་འགུགས་ནུས།འཁོར་བ་དེས།བར་སྐབས་ཞིག་ལ།ང་ཚོའི་འཆི་བ་མ་དྲན།བསོགས་པ་དེས།གནས་སྐབས་ཞིག་ལ།ང་ཚོའི་བདེ་བ་མ་ཚོར།འགྲུལ་བཞུད་ལྟ་བའི་མི་ཚེ་འདི།འཇའ་ཚོན་ལྟ་བའི་ལོངས་སྤྱོད་འདི།སྡུག་བསྔལ་ཀྱི་རྙི་ལ་ཐེབས་པའི་ཕུང་བོ་འདི།ཕུང་བོ་འདིས་ང་ཚོ་ཕུངས་སོང་།ཆགས་སྡང་འདིས་ང་ཚོ་བསླུས་སོང་།ད་མི་བུ་ལོན་གྱི་གཞིས་ཀ་དེ་སྐྱུར་ལ་ཉེ།ད་ནི་ལན་ཆགས་ཀྱི་གཞི་མ་དེ་འབྲལ་ལ་ཉེ །ཧམ་པ་དེ་བསྲིངས་བསྲིངས་རྗེས།འདོད་པ་དེ་བརྩེགས་བརྩེགས་རྗེས།ང་ཚོས་ཅི་ཡང་མ་ནུས་པར་རྒས་འགྲོ་ཨང་།ང་ཚོས་གང་ཡང་མ་ལྕོག་པར་བཞུད་འགྲོ་ཨང་།

               དམར་དམར་བོ།༨
                        ---------- ལོ་མཇུག་ལ་འཚང་ཁ་རྒྱག་པའི་བརྙན་འཁོར་སྐོར་ཁག་གཅིག་ལ་མཇལ་རྗེས།

༼ ༡ ༽གལ་སྲིད་རྐུ་བྱེད་པ་དེ་གསར་བཏོད་ཞིག་ཡིན་ཚེ།བོད་པའི་གཞས་ར་ནས་ཚིག་རྐུན་དབྱངས་རྐུན་དག་འགྱིང་ཚུལ་དེའང་ཅི་འདྲ་ཉམས་སངས་པ་ལ།
༼ ༢ ༽ བོད་པའི་གཞས་ར་དེ་ཚོང་རར་གྱུར་ཞིང་ཚོང་ར་དེས་ཀྱང་༼ཉོག་ཚོང༽་རྐྱང་རྐྱང་གཉེར་ན།ཚོང་རྫས་༼རྫུན་མ༽་དག་དེ་འདྲ་སྙིང་རྗེ་བོ་ལ།
༼ ༣ ༽གཞས་ར་དེ་ནས།ཁ་འཁྱོག་དེ་དང་ཡིག་ནོར་དེ་བསམ་ན།བོད་པའི་ལ་རྒྱ་འགུགས་མཁན་དང་གླེང་མཁན།གཉེར་མཁན་ཚོའང་ཅི་འདྲ་འཇིགས་རུང་བ་ལ།
༼ ༤ ༽ ལོ་མཇུག་གི་༼དགོས་མཁོ་༽དེ་བསམ་ན་འདི་ལྟར་སྒྲུབ་འོས་ལ།ཡང་བོད་པའི་སྒྱུ་རྩལ་རིག་གནས་ཀྱི་འཕེལ་རྒྱས་དང་ལམ་ཕྱོགས་དྲན་ན།དེ་ལྟར་སྒྲུབ་པའང་དེ་འདྲ་ངོ་གནོངས་པ་ལ།
༼ ༥ ༽མདོར་ན།ང་ཚོ་སུ་ལའང་༼ཚད༽་ཞིག་མེད་ལ་༼ཚོད༽་ཞིག་ཀྱང་མེད་སོང་ན།ནམ་ཞིག་སྤྲོ་ཚོགས་དེ་འུར་ཚོགས་ནས་གློས་ཚོགས་སུ་འགྱུར་ཉེན་ཡོད་ལ།གློས་པ་དང་གློས་ཚིག གློས་དབྱངས་ཀྱང་རིམ་བཞིན་ཆགས་ན་ཅི་འདྲ་ཞེ་མེར་པ་ལ།

               དམར་དམར་བོ།༩

  སྔོན་ཆད་བོད་རིགས་རོང་འབྲོག་མི་མངས་ཀྱི་རིག་གནས་འཚོ་བའི་གློ་སྙིང་བྲང་གསུམ་གཏོད་ཡུལ།མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གི་རྒན་པ་དག་གི་གཟབ་ནན་གྱི་བློ་གྲོས་དེ་གཞོན་པ་ཚོས་ཆུ་ལ་སྐུར་བཞིན་པ་འདྲ། ལྷག་པར་དུ་༼ ལོ་སར་སྤྲོ་ཚོགས༽ཀྱི་རྫོབ། ༼ཁ་བའི་ཞབས་རྗེས༽ཀྱི་ཉོག ༼གཞས་ར་ཁྲ་མོའི་༽ཁེ། སྒྲིག་སྦྱོར་ཚར་ཐབས་མ། བརྙན་ལེན་འགྲོ་ཐབས་པ།མདོ་འཛིན་བཤད་ཐབས་མ། ཡིག་ནོར་རྟ་འདྲ་འདྲ། ཁ་འཁྱོག་གཡག་འདྲ་འདྲ་མང་པོ་མང་པོ་འབྱུང་དང་འབྱུང་མུས་ལགས་པས། འབྲེལ་ཡོད་དབུ་འཛིན་པ་དང་ལྟ་སྐུལ་བས་གཟབ་གཟབ་ཞུ་ལ། ང་ཚོའི་ཐུན་མོང་གི་སྒྱུ་རྩལ་རིག་གནས་ཀྱི་ཞིང་ཁམས་དེ་ཡར་ཡར་འགྲོ་བར་སུ་ལའང་མ་སྐུལ་དང་བླངས་ཀྱིས་དགོངས་འཆར་ཡོད་པར་ཞུ།

              གངས་ཆབ་ཟེགས་མའི་འགྱུར་ཁུགས༽ང་ཚོ་དང་འབྲེལ་ནས་མི་ལོ་ལྔ་ཙམ་འགོར་སོང་།

  མི་ལོ་ལྔ།དུས་ཚོད་དེ་མེ་ཡི་དཀྱིལ་འཁོར་ཅན་ཞིག་རེད།ཡུན་ཙམ་ཡུན་ཙམ་ལ་གཙུག་གི་མེ་ལོང་ན་ཚང་ཚིང་འཁྲིགས་པ་དག ལུས་ཀྱི་ལྷུ་རྐང་ན་ལྡེམ་ལྡེམ་གཡོ་བ་དག དུད་སྤྲིན་བཞིན་རྒྱང་རིང་རྒྱང་རིང་ལ་ལྟེབས་ནས་འགྲོ་ཨང་།
  མི་ལོ་ལྔ།དུས་ཚོད་དེ་ཆུ་ཡི་རླབས་རིས་ཅན་ཞིག་རེད།གློ་བུར་གློ་བུར་དུ་རུས་ཀྱི་སྒང་གཤོང་ན་ལྷུན་གྱིས་བཞད་པ་དག སྙིང་གི་ཁང་བཟང་ན་བམ་གྱིས་རྩིག་པ་དག ཆུ་ཤིང་བཞིན་རྒྱང་རིང་རྒྱང་རིང་ལ་ཁུར་ནས་འགྲོ་ཨང་།
  མི་ལོ་ལྔ།དུས་ཚོད་དེ་རླུང་གི་གཤོག་པ་ཅན་ཞིག་རེད།སྐད་ཅིག་སྐད་ཅིག་ལ་མིག་གིས་འཚོས་ཡོད་པ་དག སེམས་ནས་ཉར་ཡོད་པ་དག ཐལ་རྡུལ་བཞིན་རྒྱང་རིང་རྒྱང་རིང་ལ་དེད་ནས་འགྲོ་ཨང་།
  མི་ལོ་ལྔ།ས་ཡི་འཇིག་པ་ལྔ་ཡིན།གནམ་གྱི་སྲུང་བ་ལྔ་ཡིན།མེ་ཆུ་རླུང་གསུམ་གྱི་སྦྱོར་བ་ལྔ་ཡིན།
  མི་ལོ་ལྔ། མིག་ཆུ་རྡོག་པོ་ལྔ་ཡིན།རྔུལ་ཆུའི་ཐིག་པ་ལྔ་ཡིན།ལྗིད་ཏིག་ཏིག་གི་གོམ་པ་ལྔ་ཡིན།
  མི་ལོ་ལྔ།ཁྱོད་ཀྱི་བྱུང་བ་ལྔ་ཡིན།ང་ཡི་སྨྲེང་བ་ལྔ་ཡིན།སྙན་ལྷང་ལྷང་གི་དབྱངས་རྟ་ལྔ་ཡིན།
  མི་ལོ་ལྔ།ཆ་ཙམ་ལས་རྒྱུས་མེད་པའི་ཐུང་ཐུང་གི་མི་ཚེ་དེ་མི་ལོ་ལྔ་ཙམ་བྱས་པ་ག་ཚོད་ཀྱིས་གྲུབ་ཡོད་སྙམ་ན།ཚོད་ཚོད་ལ་ཕྱི་མིག་སྐྱོར་ནས་ཚོད་ཚོད་ལ་དངན་པ་འཐེན་འདོད།
 
  ༼༡༽ ༼གངས་ཆབ་ཟེགས་མའི་འགྱུར་ཁུགས༽་ནི་ད་ལྟ་མདོ་དབུས་ཁམས་གསུམ་གྱི་ཐུན་མོང་གི་ཕ་སྐད་ཆེན་པོའི་གར་སྟེགས་གཅིག་པུ་ཡིན་ལ།རྒྱལ་ཁབ་ཕྱི་ནང་གི་རིགས་མཐུན་སྤུན་ཟླ་ཡོངས་ནས་གདེང་འཇོག་ཀྱང་ཆེན་པོ་གནང་བཞིན་ཡོད།མིང་དེ་རྒན་རྡོ་རེད་ལགས་ནས་གསོལ་ཅིང་།དེ་ཡང་བོད་པའི་སྒྱུ་རྩལ་གྱི་མཁའ་དབུགས་གཙང་མ་ཞིག་དང་ཆུ་རྒྱུན་དྭངས་མ་ཞིག་གི་འབབ་རྒྱུན་ལ་རེ་བས་སྙེགས་པའི་ཐུགས་སྨོན་རི་མོར་ཕབ་པ་དང་འདྲ་ལ།གངས་ཀྱི་ཟེགས་མ་རེ་རེས་ཆུ་དང་གཙང་བོ་གྲུབ་ལ་རྒྱ་མཚོ་ཆེན་པོའང་ཆགས་པའི་གོ་རིམ་དེས།བོད་པའི་གླུ་དཀྲོལ་གཞས་གསུམ་གྱི་གཙོ་བྱས་པའི་སྒྱུ་རྩལ་གྱི་ཆུ་རྒྱུན་རིང་ལ་འབབ་སྒྲ་སྙན་པའི་འགྱུར་ཁུགས་དེ།འཛམ་གླིང་ཅན་དང་ལོ་རྒྱུས་ཅན་དུ་འབབ་པའི་འཕེལ་རྒྱས་ཀྱི་བཞུར་ལམ་རིང་མོ་དང་།གངས་རི་བརྟན་ལ་གངས་ཆབ་བསིལ་བ་ལྟ་བུའི་རང་ཚུགས་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཀྱང་སྲོག་བཞིན་གཅེས་དགོས་པ་སོགས་བསྟན་ཡོད་པ་འདྲ་སྙམ།
  ༼༢༽༼གངས་ཆབ་ཟེགས་མའི་འགྱུར་ཁུགས༽་དེ་དེང་ཐོག་ད་ལྟ་དར་བཞིན་པའི་ལོ་མཇུག་གི་དགོང་ཚོགས་ཕལ་ཆེར་དང་འདྲ་བར་ཚོང་དང་འུར་གཉིས་མཉམ་དུ་སྡེབས་པ་ཙམ་མོད།རིམ་བཞིན་ཁ་ཕྱོགས་ཅན་དང་རང་ཚུགས་ཅན་དུ་འགྱུར་བའི་གོ་རིམ་དེ་རིག་གནས་ཤིག་གི་རིན་ཐང་གི་ལྟ་བ་ཡིན་སྙམ།ལྟ་བ་དེ་དང་རིག་གནས་དེ་ཆགས་ཙམ་འཛིན་ཙམ་བྱས་ནས་གཉིད་མ་སད་ཀྱི་མི་ལོ་ལྔ་ཙམ་བསྐྱལ་སོང་ལ།མི་རིང་མི་ཐུང་གི་མི་ལོ་ལྔ་ལ་གངས་ཆབ་ཀྱིས་གར་སྟེགས་ནས་རྫུན་ལེན་གཉེར་མྱོང་།བོད་གཞས་རྒྱ་འདྲ་མ་མང་བོ་བཏང་མྱོང་། འོད་སྡེར་དུ་ཁ་འཁྱོག་འགུགས་མྱོང་།ཡིག་ནོར་བྲི་མྱོང་།དེ་ནི་གངས་ཆབ་འུར་ལ་འགྲོགས་ནས་ཚོང་ལ་སོང་བ་ལྟ་བུའི་ལོ་རྒྱུས་ཡིན།ཉེས་པ་ཡིན།མཐར་དེད་ན་ཅི་ཡང་མ་མཐོང་བའི་ངོ་ཚ་ཡིན།དགོངས་དག་ཞུ།
  ༼༣༽༼གངས་ཆབ་ཟེགས་མའི་འགྱུར་ཁུགས༽་ཀྱིས་རང་བྲོ་ཁུག་མར་བརྟེན་ནས་མཚོ་སྔོན་བརྙན་འཕྲིན་ཁང་དང་འབྲེལ་ཏེ།བོད་པའི་སྒྱུ་རྩལ་རིག་གནས་སུ་སྲི་ཞུ་ཅུང་རེ་སྒྲུབ་མྱོང་ལ།ཁ་ཤོམས་ཁེ་གཉེར་བའི་མགོ་ཁྲིད་པ་ཁོག་སྟོང་ཚོ་དང་།རྗེས་རབས་བརླ་ཡངས་རླུང་རྟ་ཁག་ཅིག་མཐོང་དུས།དུས་རྒྱུན་རང་སེམས་སུ་ཆེ་ཆེར་འགྱིང་བའི་མཚོ་སྔོན་བརྙན་འཕྲིན་ཡང་རིམ་བཞིན་ཝ་རྔ་ཅན་དང་།སྤྱང་རྔ་ཅན་གྱི་ཚོགས་པར་འགྱུར་ཨེ་འགྲོ་དོགས་ཡོད།དེ་ཡང་ཆེ་ཕྱོགས་ནས་གཞུང་དང་འབྲེལ་བས་ལན་པ་ཡིན་ལ།གཞུང་གི་ལག་པ་དེ་སྒེར་གྱི་སྙིང་ལ་བསྲིངས་པས་ཀྱང་ཡིན་ཤས་ཆེ།གང་ལྟར།མི་རིགས་དང་རིག་གནས་ཞེས་ཁ་ཚོན་པོ་བརྒྱབ་བརྒྱབ་རྗེས་འགྲོ་གྲོན་ཅི་ཡང་མི་གཏོང་བར་ཁེ་ལེན་སྟངས་དེ་དང་།དགེ་གཉེར་སྟངས་དེ་ལ་ཞེ་སྣང་བ་སུན་ནས་ཡོད་མོད།ཨ་ཕ་ཨ་བརྟན་རྒྱལ་དང་རྒན་ཚེ་མགོན་ལྟ་བུའི་ལྷག་བསམ་ཅན་རེ་དང་འཕྲད་པར་སྤྲོ་བས་བརྟས་ཡོད།རེ་བས་མདུད་ཡོད།
  ༼༤༽༼གངས་ཆབ་ཟེགས་མའི་འགྱུར་ཁུགས༽་ཀྱི་སྲོག་རྩ་དཀྲོལ་ལེན་ལ་བཅོལ་ཡོད།དེ་ནི་དེང་གཞས་ལྟ་བུའི་སྤྱི་ཚོགས་དང་དུས་རབས་ཀྱི་ཁ་ཕྱོགས་སྲབ་པུ་སྲབ་པུ་དེ་བདའ་བ་མ་ཡིན་པར།མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་རིག་གནས་སྐྱབས་སུ་བརྟེན་པ་ཡིན།རྒྱུད་དུ་འཛིན་པ་ཡིན།ཨ་མདོའི་དཀྲོལ་ལེན་རིག་གནས་དེ་རྒན་དཔལ་མགོན་ལགས་ཀྱིས་གསར་དུ་བཏོད་པ་ནས་ལོ་ངོ་ཉི་ཤུ་ཙམ་ལ་དབྱངས་རྟ་དང་དཀྲོལ་སྟངས་སོགས་སུ་དར་རྒྱས་བླ་མེད་བྱུང་ཡང་།ཉེ་བའི་ལོ་ངོ་བཅུ་ཕྲག་ཙམ་ནས་དཀྲོལ་ལེན་གྱི་དབྱངས་རྟ་ཉམས་ལ་ཁ་ཕྱོགས་ཉོག་པས།ད་བར་སྐད་ཚིག་གདངས་གསུམ་འཛོམས་པོ་ཆགས་ལ་ཚོར་བས་ཕྱི་ནང་བརྟོལ་བ།ཤ་འཐིམས་རུས་ཟུག་གི་དཀྲོལ་ལེན་གཅིག་གཉིས་ཙམ་ལས་མ་འཁྱོངས་པར་ཡིད་གཏིང་ནས་ཕམ་ཡོད།དེ་ནི་ཕྱི་རབས་དཀྲོལ་ལེན་པས་རིག་གནས་ཤིག་ངོས་འཛིན་སྟངས་ཀྱི་བསམ་བློ་དང་འདུ་ཤེས་ལ་རག་ལས་ཤིང་།ཧུར་བརྩོན་དང་གཟབ་ནན་ལ་གནད་ཐུག་པ་སྙམ་ལ།མཐར་དེད་ན་ཤེས་ཡོན་གྱི་གནད་དོན་རེད་འདོད།དཀྲོལ་ལེན་དེ་རིག་གནས་ཤིག་ཡིན།རིག་གནས་དེ་རང་ཚུགས་ཤིག་ཡིན།ང་ཚོས་རིག་གནས་སྦྱོང་དགོས།རང་ཚུགས་བརྟན་དགོས།འདི་ནི་རྒན་རྡོ་རེད་ལགས་ནས་དཀྲོལ་ལེན་རིག་གནས་སེམས་པས་སྲུང་སྟངས་ཡིན་ལ།ཕྱི་རབས་དཀྲོལ་ལེན་པ་མིག་གིས་འཚོ་སྟངས་ཡིན།འདི་ནི་གངས་ཆབ་ཟེགས་མའི་འགྱུར་ཁུགས་ནས་ཨ་མདོའི་དཀྲོལ་ལེན་རིག་གནས་སྒུག་སྟངས་ཀྱང་ཡིན།
  ༼༥༽༼གངས་ཆབ་ཟེགས་མའི་འགྱུར་ཁུགས༽་དེ་འབྲེལ་ས་མང་ཆེ་བ་རྒྱ་གྲོང་གི་གཞས་པ་ཡིན།ཁོ་ཚོ་ཕལ་ཆེར་དབྱངས་གསལ་གྱི་སྦྱོར་ཀློག་ཙམ་འཁྱོངས་པ་ནས་བོད་སྐད་ད་མ་དིག་གིས་བོད་གཞས་རྒྱ་འདྲ་མ་སྐྱོར་མཁན་ཁག་རེད།དོན་དམ་དུ་རྒྱ་དབྱངས་ཤིག་ལ་བོད་སྐད་འགའ་རྔ་བཅད་རྔོག་ཡས་ཀྱིས་ངག་ལ་བཀུག་པ་ཙམ་རེད།དེ་ནི་ད་ལྟའི་བོད་གཞས་རེད།གཞས་པ་རེད།གཞས་ཀྱི་ཁ་ཕྱོགས་རེད། ད་ཆ་བོད་ཁམས་ན་བོད་སྐད་དང་བོད་ཡིག བོད་གདངས་ཀྱིས་རང་ཚུགས་ཐུབ་ལ་བོད་པའི་གནའ་གཞས་དེང་སྡེབས་ཀྱི་ཁ་ཕྱོགས་བརྟན་པའི་གཞས་པ་ག་ཙམ་ཡོད། མཚམས་འདི་ནས་ངས་ཕ་གཞས་པ་གངས་ཅན་པ་སྒྲོལ་མ་སྐྱབས་དྲན་སོང་།ཕ་གཞས་མ་ཨ་ཅག་རིག་འཛིན་སྒྲོལ་མ་དྲན་སོང་།ཁོང་གཉིས་ང་ཚོ་ལ་བཀའ་དྲིན་ཆེ་སོང་།ཁོང་གཉིས་སྐྱོང་མཁན་དག་ཀྱང་ང་ཚོ་ལ་བཀའ་དྲིན་ཆེ་སོང་།
  ལོ་རྗེས་མར་༼གངས་ཆབ་ཟེགས་མའི་འགྱུར་ཁུགས༽་སྔར་བཞིན་དེང་གཞས་རྒྱ་འདྲ་མ་དང་འགྲོགས་ནས་འགྲོའམ།ཡང་ན་བོད་གཞས་དྭངས་མ་ཞིག་གི་སྙིང་བོ་འཚོལ་ནས་འགྲོ།བོད་སྐད་རྣལ་མ་ཞིག་གི་དབྱངས་འགྲོས་འགུགས་ནས་འགྲོ།
  ༼༦༽༼གངས་ཆབ་ཟེགས་མའི་འགྱུར་ཁུགས༽་ནས་རིག་རྩལ་མདོ་འཛིན་པ་དེ་ཆེས་གཙོ་བོར་འཛིན་ལ།དེ་ནི་སྤྲོ་ཚོགས་ཤིག་གདེང་འཇོག་ཐོབ་མིན་དང་ལེགས་འགྲུབ་འབྱུང་མིན་གྱི་གཞི་རྩའི་གྲུབ་ཆ་ལྟ་བུར་སྣང་ཡོད།སྐབས་རེ་རེའི་མདོ་འཛིན་པ་བོད་པ་ཡོངས་ནས་དགའ་མགུ་ཐོབ་པ་ཤ་སྟག་ཡིན་ལ།ལྷག་པར་ན་ནིང་ནས་བོད་སྐད་ཆེན་པོ་གསུམ་ནས་མདོ་བཟུང་སྟེ།ཕ་སྐད་ཆེན་པོའི་དར་རྒྱས་དང་གཅིག་གྱུར་ལ་གཞོགས་འདེགས་བྱས།ད་བར་བོད་ཁམས་ནས་མདོ་འཛིན་པ་གྲགས་ཅན་ཨ་ཅག་ཉི་སྒྲོན།ཚེ་མགོན།ཐུབ་བསྟན་འབྱུང་གནས་།ལྷ་མོ།བཀྲ་ཤིས་དོན་འགྲུབ།གུ་རུ་མཚོ་མོ་སོགས་མང་པོ་ཕེབས་མྱོང་ལ།ཁོ་ཚོས་ལྷག་བསམ་གཙང་མས་མདོ་འཛིན་བྱས་ཤིང་།ཚིག་གི་འགྱུར་རིས་ལ་ངག་གི་སྣུམ་ཚོན་བཏབ་ནས་བོད་པའི་ཕ་སྐད་ཆེན་པོའི་ལྷུན་ཆགས་པའི་གདངས་རིས་གསོན་པོ་བོད་པ་ཕྱི་ནང་ཡོངས་ཀྱི་རུས་དང་རྐང་ལ་བརྐོས།བར་སྐབས་འདིར་ངས་ཁོ་ཚོ་དྲན་ལ་ཁོ་ཚོའི་བཀའ་དྲིན་དྲན་དུས།
  ད་ལོ་ཨམ་སྐད་མདོ་འཛིན་པའི་"ཨ་བུ"མགོ་ལོག་པ་དེས་དུས་དང་བསྟུན་པའི་དཔུང་འཇུག་དྲན་ལ།གླ་ཆ་ཆིག་ཁྲིས་བཙིར་རྡེའུ་དེ་ཡང་དྲན་ནས་ཡོང་།འདི་ཡང་གླ་ཆ་ཁོ་ནས་བསླངས་པའི་དྲན་པ་ཞིག་ཡིན་ནམ།
  ༼༧༽༼གངས་ཆབ་ཟེགས་མའི་འགྱུར་ཁུགས༽་ཕ་ཡུལ་དང་ཉེ་ས་ནས།ཕ་སྐད་དང་རིང་ས་ནས།ཐོབ་པ་ཉུང་ལ་ཤོར་བ་མང་པ་དེ་བསམ་ན།ལ་ཆེན་ཞིག་བརྒྱབ་པའི་སྣང་བ་བྱུང་ལ།ལུང་ཆེན་ཞིག་བརྟོལ་བའི་ཨ་ཐང་ཆད་ཡོང་།མི་དེ་མ་གཞི་ལན་ཆགས་ཤིག་རེད།ལན་ཆགས་ཀྱིས་བསྐྱེད་པའི་ལན་ཆགས་ཤིག་རེད། མི་དེ་མ་གཞི་བུ་ལོན་ཞིག་རེད།བུ་ལོན་གྱིས་འཇལ་བའི་བུ་ལོན་ཞིག་རེད།དེ་བཞིན་གངས་ཆབ་ཟེགས་མའི་འགྱུར་ཁུགས་དེའང་ལན་ཆགས་དེས་བསྐྱེད་པ་འདྲ་བྱུང་།བུ་ལོན་དེ་འཇལ་བ་འདྲ་བྱུང་།གློ་བུར་དུ་ཕྱི་མིག་ཙམ་འཁྱུག་ན།ད་དུང་བསྐྱེད་དགོས་པ་མང་ལ་འཇལ་དགོས་པ་མོད་པ་ལ།མི་ལོ་ལྔ་བདེ་མོར་བཞུགས།ངའི་འབྱོར་ཕྱུག་བཞིན་མཚོ་ནས་གཏེར་ལ་བརྒྱབ་ཡོད།མི་ལོ་ལྔ་བདེ་མོར་བཞུགས།ངའི་དབང་ཐང་བཞིན་རི་ནས་དཔུང་ལ་བརྒྱན་ཡོད།མི་ལོ་ལྔ།ང་ཚོ་མཉམ་དུ་འགྲོ།༢༠༡༤--༡༢--༡

              བདུད་བྷེ་དང་མཐའ་འཁོར་གྱི་བྱ་རོག་དེ་དག

  ད་ལྟ་བདུད་བྷེའི་མཐའ་འཁོར་ན་ཁ་གདངས་མིག་ཅེར་གྱི་བྱ་རོག་མང་ལ།ཁོ་ཚོའི་མིག་ལམ་དུ་བདུད་བྷེ་ནི་ཤ་དམར་བོའི་གཟན་ཆས་ཤིག་ཏུ་འདོད།
  ༼༡༽བདུད་བྷེ་དང་ངེད་གཉིས་ཚོ་བ་གཅིག་གི་ཡིན་ལ་སྡེ་བའང་གཅིག་ཡིན།མ་ཟད་དྲིན་ཅན་འདས་པོ་དག་བཟང་ས་྄རྒྱན་ས་ཡིན།ཁོང་གི་ཕ་འདས་པོ་དེ་སྨྲ་ལྕེ་བདེ་ལ་རིག་པ་གསལ།རྟ་དཔྱད་སོགས་ལ་ཅུང་བྱང་བས།རྟ་གཤིབ་སོགས་སུ་ཁོང་ལ་རྟ་གཟུགས་བཤད་དུ་བཅུག་པ་ད་ལྟའང་ངའི་སེམས་ན་གསལ།ཁོང་གི་མ་དྲིན་ཅན་དེའང་སྐབས་དེའི་སྐད་ངག་ཅན་གྱི་གྲས་ཡིན།
གང་ལྟར།གྱ་གཉིས་ལོ་ངས་སྨད་མ་སློབ་ཆུང་འགྲིམས།སྐབས་དེར།བདུད་བྷེའང་སློབ་གྲྭ་དེའི་སློབ་མ་རྒན་པ་དང་སྐད་ངག་འཛོམས་པའི་རྣམ་ཐར་འཁྲབ་སྟོན་པ་ཡིན།དེ་དུས་ང་ཚོ་ངོ་ཤེས་ལ་ང་ཚོས་ཉལ་ཁང་གིས་ཁོང་ལ་རུབ་རྡུངས་དགོད་བྲོ་བ་ཞིག་བྱ་མྱོང་ལ།ཨ་ལགས་ལྡོང་ཚང་ནས་ང་ཚོར་ཆ་སྙོམས་ཀྱིས་འགྲམ་ལྕག་ཚ་ཡེར་བ་རེ་གཞུས་ཀྱང་མྱོང་། དེ་ནས་ཁོང་གིས་རྨ་ཆུའི་བོད་སློབ་འབྲིང་འགྲིམས་ཙམ་ལས་རྫོང་གླུ་གར་ཚོགས་པར་ཞུགས་པ་དེས་ཁོང་གིས་རིག་གནས་ཤིག་གདམ་པ་འདྲ་ལ་རྣམ་གཡེང་ཞིག་གདམ་པའང་འདྲ།དེ་ནི་ངས་བདུད་བྷེ་དྲན་སྟངས་ཤིག་ཡིན་ལ།ད་ལྟའི་བདུད་བྷེའི་མཐའ་འཁོར་གྱི་བྱ་རོག་དག་མཐོང་རྗེས་ངའི་སེམས་པ་གཟེར་སྟངས་ཤིག་ཀྱང་ཡིན།
  ༼༢༽རྨ་ཆུའི་ཟམ་སྟོན་དེ་དོན་དགུ་ལོ་ནས་བཟུང་བདུད་བྷེའི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་དེ་ཕ་ཡུལ་ཁྲོ་ཁོ་ནས་རྨ་ཡུལ་ཁམས་དང་རིམ་བཞིན་བོད་ཁམས་ཡོངས་ལ་ཁྱབ་པའི་དབུ་ཚུགས་ལ།ཨ་མདོའི་དཀྲོལ་ལེན་སྲོལ་འབྱེད་པ་རྒན་དཔལ་མགོན་དང་མཇལ་བ་ནས་༼མན་ཐོ་ལེན༽དང་བདུད་བྷེ་གཉིས་བོད་མིའི་རེ་རེའི་སེམས་ལ་བབས་ཤིང་སྙིང་ལ་འཁྱིལ་སོང་།དེ་བཞིན་གངས་ལྗོངས་ཁུ་བྱུག་གི་མཚན་གསོལ་ཞིང་།ཁྲོམ་པ་ནས་དཀྲོལ་ལེན་རིག་གནས་ཀྱི་མཚོན་བྱེད་ཙམ་དུ་གྱུར་ལ།ཁོང་གི་སྐད་ངག་ལ་དགའ་བའི་མན་ཐོས་དཀྲོལ་ལེན་པ་མང་བོ་ཞིག་ཀྱང་རྫི་ས་དང་ཞིང་ས་ནས་འབུས་མགོ་བརྩམས།དེ་ནི་ཕྱོགས་གཅིག་ནས་བདུད་བྷེས་ཨ་མདོའི་དཀྲོལ་ལེན་རིག་གནས་ལ་བཟང་ཕྱོགས་ནས་ཐོན་པའི་ཤུགས་རྐྱེན་ཡིན།
  ༼༣༽བདུད་བྷེ་༼མན་ཐོ་ལེན༽་ལ་འབྲེལ་ནས་དཀྲོལ་ལེན་ཡིན་མིན་གྱི་དབྱངས་རྟ་མང་པོ་ཞིག་བོད་པའི་རི་མཐོ་ས་དང་ཆུ་གཙང་ས།སྤང་ཡངས་ས་ཀུན་ལ་ཆར་དུ་ཉིལ་ལ་འོད་དུ་འཚེར་བ་ནས།བདུད་བྷེའི་སྐད་ངག་དང་དཀྲོལ་ལེན་ལ་དགའ་བ་བཞིན་བདུད་བྷེ་ལའང་དགའ་མཁན་ཇེ་མང་དུ་སོང་སྟེ།ཟས་མགྲོན་པ་ནས་གདན་འདྲེན་པ།ཆིབས་བསུ་བ་སོགས་བྱུང་བ་དོན་དངོས་ཡིན་ལ།དེ་ནི་བདུད་བྷེས་རིག་གནས་ཤིག་སྐད་ངག་ལ་སྡེབ་ནས་མི་སེམས་འདུལ་ཚུལ་ཡིན་ལ།ཨ་མདོའི་དཀྲོལ་ལེན་རིག་གནས་ཀྱི་རང་རྐྱ་འཕེར་བའི་ལོ་རྒྱུས་ཀྱི་ཐོག་མའི་གོ་རིམ་ཡིན།
  ༼༤༽བདུད་བྷེས་འགུགས་ཞོར་བཞེས་ཞོར་དེས་དཀྲོལ་ལེན་རིག་གནས་ཀྱི་དར་ཁྱབ་ལ་ཕན་ཐོགས་ཆེན་པོ་བྱུང་ཡང་དར་རྒྱས་ལ་འགལ་རྐྱེན་བླ་མེད་བཟོས་ཡོད།དེ་ནི་མདུན་ལྗོངས་ཡངས་པའི་རིག་གནས་གསར་བ་ཞིག་རྩེད་ཆས་སུ་འཛིན་པའི་བསམ་བློ་དང་འདུ་ཤེས་ལས་བྱུང་ལ།ད་ལྟའི་ཨ་མདོའི་དཀྲོལ་ལེན་རིག་གནས་ཉོག་པའི་དོན་རྐྱེན་ཡང་ཡིན། ང་ཚོ་མང་བོ་ཞིག་གི་སེམས་ཁམས་སུ་བདུད་བྷེ་དཀྲོལ་ལེན་ཡིན་ལ།དཀྲོལ་ལེན་བདུད་བྷེ་ཡང་ཡིན་པ་འདྲ་བའི་ཚོར་བ་དེ་ཁོང་གི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོས་ཡིན།གལ་སྲིད་ཁོང་གིས་ཀྱང་དཀྲོལ་ལེན་དེ་རྩེད་ཆས་ཙམ་དུ་མ་དམིགས་པར་རིག་གནས་ཤིག་ཏུ་བཀུར་ནས་བསླབ་པའི་རིམ་པར་ཞུགས་ན་གཞུང་དང་ལུགས་ཀྱི་རང་ཚུགས་ཆེན་པོ་ཆགས་ཐུབ་ལ།རྗེས་རབས་རྨོངས་དཀྲོལ་བ་དག་ལ་ཁ་ཕྱོགས་ཡག་པོ་སྟོན་ནུས།ད་ནི་དཀྲོལ་ལེན་པ་མང་ཆེ་བ་དབྱངས་འགྲོས་ཙམ་ལ་ངེས་ཆ་མེད་པ་དང་སྦྱོར་ཀློག་ཙམ་ཡང་མི་འཁྱོངས་པ་ཤ་སྟག་རེད།དེ་ནི་ངས་བདུད་བྷེ་གླེང་སྟངས་གསར་བ་ཞིག་ཡིན་ལ་དྲང་མོ་ཞིག་ཀྱང་ཡིན་འདོད།
  ༼༥༽ད་ནི་བདུད་བྷེ་ཆང་གིས་བསླུས་རྗེས།བདུད་བྷེའི་དཀྲོལ་ལེན་ཆང་གིས་བསླུས་རྗེས།བདུད་བྷེའི་དཔའ་མཛངས་དང་དབང་ཐང་ཆང་གིས་བསླུས་རྗེས།བདུད་བྷེའི་མཐའ་འཁོར་ན་བདུད་བྷེ་ཚོང་རྫས་ལྟ་བུ་དང་སྤྲེའུ་རྩེད་ལྟ་བུར་ཆགས་ཡོད། དཔེར་ན།བདུད་བྷེ་བཀག་སྡོམ་གྱིས་དགུངུ་ཚོགས་བསྡུ་བ།བདུད་བྷེ་གཡོ་ཚོང་གིས་བརྙན་རིས་སྤེལ་བ་སོགས་བདུད་བྷེའི་མི་གཤིས་ལ་བརྙས་བཅོས་དང་མཐོང་ཆུང་བྱ་མཁན་རང་གཞན་གཉིས་ན་ཧ་ཅང་མང་ལ།ལྷག་པར་དུ་སྤྲེལ་རུས་རྐང་ཟེར་བ་ཞིག་གིས་ཚིག་ཆག་པོ་དགུ་མཐུད།དོན་རྡོ་ཐོག་ཆུ་བླུག་དེས་བདུད་བྷེ་ལ་བཙན་གཡེམ་དང་དམའ་འབེབས་ཧ་ལས་པ་བྱས་སོང་།དེ་ནི་བདུད་བྷེ་མཐའ་འཁོར་གྱི་རྩྭ་གཟུགས་དག་གིས་བདུད་བྷེར་བསྟན་པའི་ཝ་རྔ་ཡིན་ལ།བདུད་བྷ྄ེར་དུངས་པ་དག་གི་སྙིང་ལ་གདབ་པའི་ལྕག་ཕུར་ཡིན།
  ༼༦༽བདུད་བྷེར་མཚོན་ན།ཁོའི་ཚེ་མཇུག་འདི་ལྟར་ཆང་གིས་མཇུག་སྒྲིལ་འགྲོ།འདི་ཡང་སྒྱུ་རྩལ་གྱི་དབྱིངས་ནས་བདུད་བྷེ་གསོན་སྟངས་ཤིག་ཡིན་ཡང་ཆོག ང་ཚོར་མཚོན་ན།བདུད་བྷེ་ནམ་ཡང་སྙན་ལྷང་ལྷང་གིས་གྲག་འོང་།འདི་ཡང་ང་ཚོའི་སེམས་ནས་བདུད་བྷེ་བཞུགས་སྟངས་ཤིག་ཡིན་ཡང་སྲིད།
  ༼༧༽༼དགེ་རྒན་བདུད་བྷེ༽ཧ་ཅང་སྙིང་ཉེ་ཞིང་ཡིད་ཆེས་ལ་བཀུར་སྲུང་གི་འབོད་སྟངས་འདི་ཕྱི་རབས་དཀྲོལ་ལེན་པ་ཁག་གཅིག་གིས་བདུད་བྷེ་སྲུང་སྟངས་ཤིག་ཡིན་ལ། ཨ་མདོའི་དཀྲོལ་ལེན་རིག་གནས་དར་རྒྱས་ཁྲོད་ཀྱི་བདུད་བྷེའི་ཐོབ་ཐང་ཡང་ཡིན་ཆོག 
  དོན་དངོས་སུ་ཕྱི་རབས་དཀྲོལ་ལེན་པ་སུ་ཞིག་གིས་ཁོང་ཇི་ལྟར་ཚུལ་བཞིན་དགེ་རྒན་ལ་བསྟེན་ཚུལ་དེ་ཧ་ཅང་མག་མོག་ཞིག་ཡིན་ན་ཐང་། གང་ལྟར། ཁོའི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་དང་ཁྱོ་གཤིས་སམ་འབྲོག་གཤིས་རྣལ་མ་དེས་ཁོར་ཡུག་ལ་གཏན་ཚུགས་དང་སྒམ་བརླིང་།ལ་རྒྱ་དང་དཔའ་མཛངས་སོགས་ཀྱི་བྱུང་བ་རེ་བརྙན་དུ་བཞེངས་ལ་རིས་སུ་བརྐོས་མྱོང་བ་འདི་ཡང་།"དགེ་རྒན་བདུད་བྷེ་"ཅེས་པའི་འབོད་ཚུལ་དང་འབྲེལ་བ་ཧ་ཅང་ཆེ་བར་འདོད་ལ། ཕྱོགས་གཞན་ཞིག་བཤད་ན།ད་ལྟའི་གཞས་པ་དང་དཀྲོལ་ལེན་པ་མང་ཤས་དགེ་རྒན་དུ་བསྟེན་པར་ཐུགས་དེ་འདྲ་མི་དགྱེས་མོད།ཕན་ཚུན་ལ་"དགེ་རྒན"ཞེས་འབོད་པར་ཧ་ཅང་མཉེས་མཉེས་གནང་གིན་འདུག
  ༼༨༽ ༼གངས་ལྗོངས་ཁུ་བྱུག༽ བོད་པ་ཚོས་དཔའ་རྟུལ་བ་མང་ཤོས་གཅན་གཟན་ལ་སྦྱར་ཞིང་།སྐད་ངག་ཅན་ཕལ་ཆེར་བྱ་བྱེའུ་ལ་བཏགས་ནས་ཧ་ཅང་བསྟོད་པའི་ཉམས་འདོན་པ་དེ་ཡང་མཐར་དེད་ན།རི་མཐོ་ཆུ་གཙང་།ཁོད་ཡངས་པའི་རང་བྱུང་ཁམས་ཆེན་པོ་ལ་གནས་བཅས་པའི་བོད་པའི་འཚོ་བ་ལ་འབྲེལ་ཞིང་།བོད་པ་ཚོ་མཚར་སྡུག་གི་སྣོད་བཅུད་དེ་ལ་དགའ་མོས་དང་འདྲེས་ཆ་ཆེ་བའང་བསྟན་ཡོད་སྙམ།
  གངས་ལྗོངས་ཁུ་བྱུག་ཀྱང་དེ་ལྟར་ཁོའི་སྐད་ངག་སྙན་མོ་དེ་དཀྲོལ་ལེན་གྱི་དབྱངས་རྟ་གཙོ་བྱས་པའི་བོད་པའི་ངག་གི་སྒྱུ་རྩལ་མང་པོར་སྡེབས་ནས།བརྗོད་བྱ་དོན་ཟབ་ལ་བརྗོད་བྱེད་སྨྲར་དག་པ་མང་པོ་མང་པོ་ཞིག ཁ་བ་གངས་རིའི་ལྗོངས་ཀྱི་གཞིས་བྱེས་བོད་པ་ཡོངས་ཀྱི་རྣ་བའི་བཅུད་དང་སེམས་ཀྱི་གསོས་སུ་བཏབ་པས།དཔྱིད་མགོ་མའི་ཁུ་བྱུག་གི་གསུང་སྐད་བཞིན་སྙན་ཞིང་འཇེབས་པ་དེ་ལ།མ་གྲོས་གཅིག་མཐུན་གྱིས་བསྩལ་བའི་ངག་གི་ཆོ་ལོ་ཡིན་པ་ལས།ད་ལྟའི་དཀྲོལ་གཞས་པ་སྣང་དྭངས་ཚོས་ཨག་སྐད་བཏབ་པ་ཙམ་གྱིས་རང་གིས་རང་ལ།གླུ་བ་དང་གླུ་མ།ཁུ་བྱུག་དང་ཅོ་ག འཇོལ་མོ་དང་གླིང་བུ་སོགས་ལྟ་བུའི་འུད་འབོད་དང་གནམ་སའི་ཁྱད་པར་ཡོད་ལ།དེ་ཡང་བོད་མི་རིགས་ཀྱི་སེམས་ན་ལྷུན་གྱིས་འཁྱིལ་བའི་གངས་ལྗོངས་ཁུ་བྱུག་གི་ངག་གི་འགྱུར་ཁུགས་དང་དབྱངས་ཀྱི་ཁྲི་ཁ་ཡིན།
  ༼༩༽གདུ་བྷེ་དང་བདུད་བྷེ།བདུད་འདུལ་རྡོ་རྗེ།   དོན་དུ་གདུ་བྷེ་ཡིན་ནམ་བདུད་བྷེ་ཡིན།ངས་ཁོའི་ཕུ་བོ་ལ་དྲིས།"ཨ་ཡུམ་ཤེས་ན་ཟེར།" "ཁ་མྱིང་འདྲ་ཡིན་རྒྱུ་ར་ཟེར" སྤྱིར་ང་ཚོའི་ཚོ་བ་དེ་བསྡུས་མིང་དང་གཅེས་མིང་ལྟ་བུ་འབོད་པར་དགའ་ཞིང་གོམས་ལ།
མིང་སྣེ་"བྷེ"ཅན་ཧ་ཅང་མང་།དཔེར་ན།གདུགས་བྷེ།ཚེ་བྷེ།རྣམ་བྷེ།དོན་བྷེ་ལྟ་བུ། ད་ནི་བདུད་བྷེའམ་གདུ་བྷེ་དེ་གཅེས་མིང་ཡིན་ཡང་ཆོག ཁ་མིང་ཡིན་ཡང་རུང་།
ཁོ་རང་ཆུང་དུས་ནས་བཟུང་ཁྱིམ་བཟའ་བ་ནས་ཐང་སྡེ་བའི་བར་མིང་དེ་རྒྱུན་འབྱམས་སུ་སོང་ཞིང་།སློབ་གྲྭ་དང་གླུ་གར་ཚོགས་པ།རླུང་འཕྲིན་ཁང་སོགས་ནས་ཀྱང་མིང་དེ་སྤྱད།རྗེས་སུ་རྗེ་གུང་ཐང་དྲུག་པས་བདུད་འདུལ་རྡོ་རྗེ་རུ་གསོལ་ནས།ཁོའི་སྐད་ངག་དང་དབང་ཐང་ཡང་གནོད་ཅིང་འཚེ་བར་བྱེད་པའི་ནག་པོ་བདུད་ནས་རྣམ་པར་རྒྱལ་ཏེ།མདོ་དབུས་མཐོ་སྒང་ནས་རྒྱལ་ཁབ་ཕྱི་ནང་ཡོགས་ལ་གྲགས་པའི་རྟེན་འབྲེལ་ངང་གིས་འགྲིག་ལ་བསྐལ་བ་མངོན་དུ་ཤར་བ་དེ།བླ་མའི་ཐུགས་སྨོན་དང་སློབ་མའི་བསོད་ནམས་སུ་གྱུར་སོང་སྙམ།
  ༼༡༠༽ཆང་ཁང་དང་ཕྱག་རྒྱུན།  ཁྲིན་ཏུའུ་ན་བདུད་བྷེ་ལ་ཆང་ཁང་ཞིག་ཡོད་ཟེར།  དེ་ན་ཐག་ཉེ་རིང་ནས་བདུད་བྷེ་བཀུར་མཁན་གྱི་ཞབས་ཞུ་བ།དཀྲོལ་ལེན་པ།མགྲོན་པོ་བཅས་ཀྱི་འདུ་ལོང་འཚུབ་ཡོད་ཟེར།དགོང་མོ་རེ་རེ་བདུད་བྷེས་སྐུ་མགྲོན་ཚོར་ཆང་འཇོག་ལ་སྐུ་མགྲོན་ཚོས་ཀྱང་བདུད་བྷེ་ལ་ཆང་འཇོག་སྲིད་ཟེར།དེ་ནི་བདུད་བྷེས་རིག་གནས་ཤིག་མཚོན་པ་དང་ཁོ་ཚོ་ཡང་རིག་གནས་ལ་དགའ་བས་ཡིན།ཆང་བཀྱགས་བཀྱགས་རྗེས་གྲུབ་རྟགས་སྟོན་མཁན་དང་དྲག་རྩལ་ངོམ་མཁན་མང་ཡང་ཟེར།
  དེ་ནི་ད་ལྟ་བོད་པའི་ཆང་ཁང་གི་ཕྱག་རྒྱུན་ལྟ་བུ་ཡིན།ཡང་གཅིག་བཤད་ན།བོད་པའི་གླུ་དཀྲོལ་གཞས་གསུམ་པ་ཕལ་ཆེར་ཆང་རྐྱལ་ཡིན་ལ་ཆང་ཁང་གཉེར་མཁན་ཡང་ཡིན།དེ་ནི་ཁོ་ཚོའི་ཚོང་ལས་གཉེར་སྟངས་ཀྱི་ཕྱག་རྒྱུན་ལྟ་བུར་ཆགས་ཡོད།གང་ལྟར།"ཇོ་བོ་རིན་པོ""དཀོན་མཆོག་གསུམ" དེ་ནི་ད་ལྟའི་བོད་པ་ཆང་བཟི་བ་ཚོས་ཉམས་སྣང་གི་རྒྱུན་མནའ་ལྟ་བུ་དང་།
བོད་པའི་གླུ་དཀྲོལ་གཞས་གསུམ་པ་དག་གིས་ལ་རྒྱའི་དབྱངས་རྟ་ལྟ་བུ་ཡིན།བོད་ཆང་ལ་དགའ།སྔོན་ཆད་སྐུ་དྲག་ཚོས་ཆང་དང་བོད་བརྗེས།རྗེས་ནས་ལྷ་ས་བས་ཆང་དང་སྲིད་བརྗེས།ད་ལྟའི་བོད་པའི་གླུ་གཞས་དཀྲོལ་གསུམ་པ་ཚོས་ཀྱང་ཆང་དང་རོ་བརྗེས།དེ་ཡང་ཕྱག་རྒྱུན་ལྟ་བུ་རེད། "ཨོ།བདུད་བྷེ་ཁོ་ཚོ་དང་མི་འདྲ།དཀོན་མཆོག་གསུམ།ཇོ་བོ་རིན་པོ།"
  ༼༡༡༽ཡང་དུ་བསྐྱར་ན།བདུད་བྷེ་ཚོང་རྫས་སུ་གྱུར་བ་དེ་བདུད་བྷེའི་མཐའ་འཁོར་བའི་ཚོང་རའི་བསམ་བློ་ཡིན་ལ།བདུད་བྷེ་སྤྲེའུ་རྩེད་དུ་ཆགས་པ་དེ་བདུད་པའི་མཐའ་འཁོར་བའི་དཔལ་འབྱོར་གྱི་ཀླད་པ་ཡིན།
  བདུད་བྷེ་ཇི་ལྟར་བརླགས་ཚུལ་དེ་ཆང་ཙམ་ལ་ཁག་འགེལ་དོན་མེད་ལ་འགེལ་ཀྱང་མི་སྲིད།དེ་ནི་ཁོར་ཡུག་དེ་དང་བྱ་རོག་དེ་དག་གིས་གཤོག་པ་རླུང་གིས་ཉེས་སྟངས་ཤིག་གམ།གཤོག་སྣེ་བྲག་གིས་བརྣག་སྟངས་ཤིག་ཏུ་འདོད་ལ།བདུད་བྷེ་དང་ཁ་ཉེ་བའི་ནང་མི་དག་ཁྲེལ་ནས་ཁྲེལ་དུ་འགྲོ་བའི་གོ་རིམ་ཞིག་ཏུ་འཛིན་ཆོག
ངས་འདི་ལྟར་བདུད་བྷེ་གླེང་འདོད།བདུད་བྷེའི་མཐའ་འཁོར་གྱི་བྱ་རོག་དག་ཀྱང་གླེང་འདོད།

            བསམ་བློ་ཐན་ཐུན།༡

༼༡༽ ཆབ་སྲིད་ཀྱི་གཞུང་ན་རྫུན་གྱིས་མི་ཚེ་སྐྱེལ་སྟངས་ཤིག་ཡོད་དམ། ངའི་མཐའ་འཁོར་ན་མགོ་དཀྲོག་དཀྲོག་པ་མང་བ་ལ།
༼༢༽ སུ་ལའང་སྐྱོན་འཛུགས་པར་སྤྲོ་དུས། རང་ཉིད་ཀྱི་སྐྱོན་དེ་སུ་ལས་ཀྱང་ཆེ་བ་ཡིན།
༼༣༽ ཡོད་ཚད་རྟོགས་པར་རློམ་དུས། དོན་དངོས་སུ་ཅི་ཡང་རྟོགས་མེད་པ་འདྲ།
༼༤༽སུ་ལའང་ཁ་རྡུང་གཏོང་ཐུབ་པ་དེ་རྟོགས་པ་ཡིན་ན། རིག་པ་ཡིན་ན། ད་ལྟ་ང་ཚོར་རྟོགས་པ་སད་འདུག རིག་པ་རྒྱས་འདུག

              བསམ་བློ་ཐན་ཐུན།༢

༼༡༽ རྫུན་གོམས་པས་གསར་ལམ་ཁག་ལ་ངོ་རྒོལ་དྲག་པོ་ཡོད།ལྷག་པར་དུ་བོད་གཉོམ་ཕྲ་བ་དག་ལ་རྫུན་དང་ཕྲ་མ་གཏོང་བའི་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་གསར་ལམ་ལ་ངོ་རྒོལ་ཡོད།
༼༢༽དགྲ་ཕྱོགས་ནས་བྱེད་ཐབས་ཅི་ཡང་སྤྱད་དེ་བརླགས་པར་སྲིད་ཀྱང་དགྲ་དེ་ནམ་ཡང་དགྲ་ཡིན།རང་ཕྱོགས་ནས་གདོང་འབག་མཐུག་པོ་ཅན་ཚོས་ལྐོག་ཇུས་ཀྱིས་བརླག་པར་བྱ་ན་ལྷག་ཏུ་བཟོད་དཀའ།
༼༣༽ད་ལྟ་ང་ཚོ་ལ་སེམས་གསོ་དང་འུད་བསྟོད་མི་དགོས།འཇོན་མདོག་དང་འཁྱོངས་མདོག་ཀྱང་མི་མཁོ།སུ་ཞིག་གིས་ཕྱི་ཤུན་ནང་ཤུན་མེད་པའི་སྐད་ཆ་རྡོག་རྡོག་གཅིག་གསུང་བར་ཅི་འདྲ་རེ་བ་ལ།

            བསམ་བློ་ཐན་ཐུན།༣

བྱིས་པ་ཚོའི་མོས་པ་དང་བསྟུན་ནས་ལག་རྩལ་སློབ་སྦྱོང་གི་མཐུན་རྐྱེན་རེ་སྦྱར་ན།"ཆུད་ཟོས"ཆུང་ལ་"རང་དབང་"ཆེ།
བྱིས་པ་ཚོར་ཆེས་མཁོ་བ་ཁྱིམ་ཚང་གི་མི་གཤིས་སློབ་གསོ་དེ་ཡིན་པས།ཕ་མས་དུས་རྒྱུན་ལས་བྱ་དང་རྒྱུགས་འབྲས་ཁོ་ན་མི་གླེང་བར་མི་གཤིས་གླེང་ན་འགྲིག
གཞུང་གི་སློབ་གསོའི་ཁ་ཕྱོགས་དེ་འདྲའི་ཉམ་ཐག་དང་ཐ་ཤལ་ཡིན་པ་རྟོགས་ན།རང་གི་ཤ་ལས་ཆད་པའི་བུ་ཕྲུག་ད་དུང་གནས་དེ་རུ་ཨུ་ཚུགས་ཀྱིས་རྫོངས་མཁན་ཚོ་ཡང་རླབས་ཆེ་བའི་ཕ་མ་་མ་ཡིན་ནམ།
ནམ་ཞིག་ང་ཚོས་སློབ་གྲྭ་གླེང་དུས་མི་གཤིས་ཀྱི་དར་རྒུད་གླེང་ན།སློབ་གྲྭ་དེ་མི་གཤིས་ཀྱི་སློབ་གསོའི་རྩ་བ་ཡིན་པ་རྟོགས་ཡོད་པ་མཚོན།
སློབ་གསོ་སྨད་ཚོང་མའི་འཛུམ་མདངས་སུ་གྱུར་ན།སློབ་མ་ཚོའང་གདོང་ཤུན་གཡོག་པའི་སྐག་རྫས་སུ་འགྱུར་ཉེན་ཆེ།
ཤེས་བཞིན་དུ་འགྱོད་བཤགས་དང་ཁས་ལེན་མེད་པར་ཡང་འགྱོད་བསྐྱར་འགྱོད་བཟོ་མཁན་ཚོ་ཤེས་རབ་ཟད་ལ་སྤོབས་པ་ཉམས་པའི་ཐ་ཤལ་སྡར་མ་རེད།
གལ་ཏེ་སུ་ཞིག་གིས་དྲང་བདེན་སུབ་པའམ་གནས་ལུགས་བསྣོག་པ་བྱས་ན།ནམ་ཞིག་ཁོས་ཅིས་ཀྱང་འགྱོད་བཤགས་བྱ་དགོས།

                བསམ་བློ་ཐན་ཐུན།༤

  ༼དལ་མོ་བྱོས།༽དམིགས་པ་མདུན་ཕྱོགས་སུ་གཏད་དྲགས་ན་གཡས་གཡོན་ན་ཁད་ཀྱིས་འགྱེལ་བའི་མིང་སྲིང་ཚོ་དང་རྒྱབ་ཕྱོགས་ན་སྐྱེལ་མ་ཞུ་བའི་ཕ་མ་གཉིས་ཀྱང་མཐོང་དཀའ།
  སྤོབས་པ་དང་སྙིང་སྟོབས་དེ་ནམ་ཡང་ཉམས་པ་མེད།གཙོ་བོ་རང་ཉིད་ནས་བདག་ཡག་པོ་རྒྱག་མ་ཐུབ་པས་ལན།
  བདེ་སྐྱིད་དེ་སུ་ལའང་ཡོད་སྲིད།སྡུག་བསྔལ་ཡང་དེ་བཞིན།གཙོ་བོ་ང་ཚོས་སྡུག་བསྔལ་མ་གཏོགས་བདེ་སྐྱིད་དེ་འདྲ་ངོས་འཛིན་ཐུབ་ཀྱི་མི་འདུག
  དུས་རྒྱུན་ལག་པ་རུམ་ལ་བཅུག་ན་དྲོ་སྣང་ཙམ་སྐྱེ་ཐུབ་མོད།དེ་དང་མཉམ་དུ་ལག་པས་འཛིན་ཐུབ་པ་དང་བསྐྲུན་ཐུབ་པ་མང་བོ་ཞིག་ཤོར་ནས་འགྲོ་ཨང

              བསམ་བློ་ཐན་ཐུན།༥

  རང་ཉིད་ཁོ་ན་ཐམས་ཅད་མཁྱེན་པ་རུ་འདོད་ནས་ཡོད་ཚད་གཅིག་ཏུ་གཞལ་ཏེ་འུར་ཆེན་པོ་མ་རྒྱག་རོགས།ཁོར་ཡུག་ཇི་ཙམ་ཆུང་ན་དེ་ཙམ་གྱིས་རང་ཉིད་ཀྱང་ཆུང་ཆུང་ཆུང་ཆུང་ཡིན།
  པོད་ཕྲན་ནས་ནམ་རྒྱུན་"སྒམ་མཁས་འཇོན་"གསུམ་གྱི་མདོག་ཁ་བོ་སྟོན་མཁན་ཚོ་ལས།ལག་ལེན་ཁྲོད་བརྐྱངས་ཕྱག་མཐུད་པའི་དབུས་མཇལ་བ་དེ་ཚོ་ཧ་ཅང་རླབས་ཆེན་རེད
  "རང་གཤིས་"དང་"རང་གཟུགས་"སྦེད་ནས་གཞན་སྐྱོན་ཁོ་ན་ཐལ་གྱིས་གླེང་ལ་སྤྲོ་བ༼མིའི་མཚན་ཉིད།༽
  གནས་ལུགས་དེ་རང་བཞིན་གྱིས་གྲུབ་ལ་རང་བཞིན་གྱིས་གྲུབ་དང་གྲུབ་མུས་ཡིན་ན།
  གནས་ལུགས་འཆད་ལ་སྤྲོ་བ་དག་ནི་དོན་དངོས་སུ་གནས་ལུགས་ལ་རྨོངས་པ་འབའ་ཞིག་ཡིན་ནམ།

               བསམ་བློ་ཐན་ཐུན།༦

  བུ་མོ་ཚོ་མེ་ཏོག་དང་འདྲ་ལ་མེ་ཏོག་གི་དུས་དེ་དབྱར་ཟླ་རྐྱང་རྐྱང་ཡིན་ན།ད་ཆ་དགུན་གཞུང་དུའང་བཞད་ཁ་གྲོལ་འདོད་མཁན་མང་བ་ཅི་ཡིན།
  སྔོན་ཆད་བོད་པ་སྐུ་དྲག་ཚོས་རུལ་སུངས་དེས་ང་ཚོའི་ཆོས་སྲིད་བརླགས་ལ།ད་ལྡ་བོད་པ་མགོ་ཁྲིད་ཚོས་རུལ་སུངས་ཀྱིས་ང་ཚོའི་རིག་གནས་བརླགས་ཡོང་།
  ལུས་རྩལ་གླིང་ནས་"རྐང་རྩེད་སྤོ་ལོ་འགྲན་ན་ང་ཚོས་རྐང་བ་ཡ་གཅིག་ནམ་ཡང་ཆག་ནས་ཡོད་མོད།སྲིད་འཛིན་ཞིང་ནས་"འགན་རྩེད་སྤོ་ལོ"འགྲན་ན་ང་ཚོ་ལ་རྐང་ཡ་གཅིག་ཇེ་མང་དུ་སོང་ཡོད་པ་འདྲ།

 

905111625.jpg


གཞས་ཚིག་གི་སྐོར།

            ཁྲ།

འཇིག་རྟེན་སྟོད་ཁྲ་སྨད་ཁྲ།།
འཚོ་བ་ཕྱི་ཁྲ་ནང་ཁྲ།།
མི་ཚོགས་ཨ་ཁྲ་བ་ཁྲ།།
ང་ལ་ཁྲ་མིག་མ་གནང་།། གཞོན་པ་ཡ།༼ཨ་ཁྲ་ལ་ཁྲ༽

ལྷ་འདི་ཁྲ་ཁྲ་མ་གསུང་།།
ཆོས་འདི་ཁྲ་ཁྲ་མ་གསུང་།།
ཁྱོད་ལ་དུངས་པའི་ལུས་འདི།།
ལྷ་དང་ཆོས་ཀྱིས་སྲུངས་ཡོད།།སྨན་ཤར་ཡ།༼ཨ་ཁྲ་ལ་ཁྲ།༽

གྲོང་ཁྱེར་བརྒྱ་ཁྲ་སྟོང་ཁྲ།།
གློག་འོད་ཁྲི་ཁྲ་འབུམ་ཁྲ།།
ལོ་ཆུང་སེམས་པ་ཁྲ་ཁྲ།།
ང་ལ་ཁྲ་ལག་མ་གཏོང་།།གཞོན་པ་ཡ།།༼ཨ་ཁྲ་ལ་ཁྲ།༽

མནའ་འདི་ཁྲ་ཁྲ་མ་གསུང་།།
ཚིག་འདི་ཁྲ་ཁྲ་མ་གསུང་།།
ཁྱོད་ལ་འཁྲེང་བའི་སེམས་འདི།།
མནའ་དང་ཚིག་གིས་བརྩན་ཡོད།།སྨན་ཤར་ཡ།༼ཨ་ཁྲ་ལ་ཁྲ།༽

ལུས་པོ་ཁྲ་ཁྲ་མ་གནང་།།
སེམས་པ་ཁྲ་ཁྲ་མ་གནང་།།
རང་སེམས་ཤོར་བའི་མི་ལ།།
དམ་བཅའ་ཁྲ་ཁྲ་མ་གནང་།།༼མཉམ།
 ༽༼ཨ་ཁྲ་ལ་ཁྲ།༽

བརྩེ་བ་ཁྲ་ཁྲ་མ་གནང་།།
དུངས་པ་ཁྲ་ཁྲ་མ་གནང་།།
རང་སེམས་ཤོར་བའི་མི་ལ།།
དམ་ཚིག་ཁྲ་ཁྲ་མ་གནང་།།༼མཉམ༽༼ཨ་ཁྲ་ལ་ཁྲ།༽
 

            སྐུ་བཞུགས་གནོངས།

སྐུ་ཕེབས་གཞིས་ལ་གནོངས་དང་།།
ཉི་མ་གཞིས་ལ་རྒྱབ་ཡོད།།
གཞིས་སྒར་ལྷུན་ཆགས་ཆེ་བ།།
ཨ་མའི་སྐུ་བསོད་འདྲ་བ།།
གཟིམ་ཆུང་གཙང་ཆ་དོད་པ།།
ཨ་མའི་ཞལ་རས་འདྲ་བ།།
གཞིས་ལ་གཞིས་མདངས་མཚར་བ།།
ཨ་མའི་སྤྱན་ཟུང་འདྲ་བ།།
སྐུ་ཕེབས་གཞིས་ལ་གནོངས་དང་།།
ཨ་མ་གཞིས་ལ་ཕེབས་དང་།།

སྐུ་བཞུགས་གདན་ལ་གནོངས་དང་།།
ཉི་མ་གདན་ལ་རྒྱབ་ཡོད།།
གདན་ཆ་དྲོད་ཁོལ་འཛོམས་པ།།
ཨ་མའི་ཤེས་རབ་འདྲ་བ།།
གདན་སྐུད་མཉེན་ཆ་ལྡན་པ།།
ཨ་མའི་བློ་གྲོས་འདྲ་བ།།
གདན་ལ་གདན་ཚགས་དམ་པ།།
ཨ་མའི་གཟི་བྱིན་འདྲ་བ།།
སྐུ་བཞུགས་གདན་ལ་གནོངས་དང་།།
ཨ་མ་གདན་ལ་བཞུགས་དང་།།

             དབྱངས་ཀྱི་མདུད་ལྕེ་དམར་བོ།

གངས་དེ་དཀར་ཞིང་གཙང་བ།།
ཆུ་དེ་དྭངས་ཤིང་བསིལ་བ།།
ང་ཡི་ལུས་ངག་ཡིད་གསུམ།།
གངས་རི་ལས་ཀྱང་དཀར་བ།།
ང་ཡི་སྐད་ངག་འགུགས་གསུམ།།
ཆུ་བོ་ལས་ཀྱང་དྭངས་པ།།
ང་ཡང་གངས་ཆུའི་གཞུང་གི།
དབྱངས་ཀྱི་མདུད་ལྕེ་དམར་བོ།།

གངས་སྟོད་སྤྲིན་གྱི་རི་ལ།།
འཇའ་ཚོན་དར་ཁ་མཛེས་པ།།
གངས་འདབ་ཆུ་ཡི་གཏེར་ལ།།
འོད་གསལ་ཟེགས་མ་འཕྱོ་བ།
ང་ཡི་འགྱུར་ཉམས་ལྡེམ་གསུམ།།
འཇའ་དང་འོད་ཀྱིས་ཁེངས་པ།།
ང་ཡང་འཇའ་འོད་གུར་གྱི།།
དབྱངས་ཀྱི་མདུད་ལྕེ་དམར་བོ།།

གངས་རི་ལྷུན་ཆགས་ཆེ་བ།།
གངས་ཆུའི་འབབ་སྒྲ་སྙན་པ།།
ང་ཡི་གློ་སྙིང་བྲང་གསུམ།།
ཉི་ཟླའི་དབྱིངས་ལ་བརྩན་པ།།
ང་ཡི་འགུགས་རྟ་དབྱངས་གསུམ།།
འཛམ་བུ་གླིང་ལ་མཆོད་པ།།
ང་ཡང་འཛམ་བུ་གླིང་གི།
དབྱངས་ཀྱི་མདུད་ལྕེ་དམར་བོ།།

             སེམས་པའི་ལྕགས་རི།

ང་ནི་རི་བོ་མཐོན་པོའི་རྩེ་ན་ཡོད།།
རི་དེ་འཛམ་བུ་གླིང་གི་གཙུག་ན་ཡོད།།
རི་ལ་འཁོར་བའི་ཉི་མ་ཟླ་བ་གཉིས།།
ང་དང་འཛམ་གླིང་གསལ་བའི་མེ་ལོང་ཡིན།།
ཉི་མ་ཡ།
ཟླ་བ་ཡ།
ང་ཚོའི་སེམས་པའི་མེ་ལོང་ཡ།

ང་ནི་གངས་ཀྱི་འདབ་མའི་ཀློང་ན་ཡོད།།
གངས་དེ་འཛམ་བུ་གླིང་གི་སེམས་ན་ཡོད།།
གངས་ལ་འབབ་པའི་བྱམས་དང་སྙིང་རྗེ་གཉིས།།
ང་དང་འཛམ་གླིང་གསོ་བའི་བདུད་རྩི་ཡིན།
བྱམས་བརྩེ་ཡ།
སྙིང་རྗེ་ཡ།
ང་ཚོའི་སེམས་པའི་བདུད་རྩི་ཡ།

ང་ནི་སྤང་རི་ཡངས་པོའི་ཞིང་ན་ཡོད།།
སྤང་དེ་འཛམ་བུ་གླིང་གི་ངག་ན་ཡོད།།
སྤང་ལ་བཞད་པའི་དབྱངས་དང་གསལ་བྱེད་གཉིས།།
ང་དང་འཛམ་གླིང་སྲུང་བའི་ལྕགས་རི་ཡིན།།
དབྱངས་ཡིག་ཡ།
གསལ་བྱེད་ཡ།
ང་ཚོའི་སེམས་པའི་ལྕགས་རི་ཡ།

              ས་ཧོར་གཙང་།

གནའ་སྔ་མོ ཤེས་རབ་ཀྱི་ཁྲབ་རྨོག་གསོལ་བའི་མེས་པོ་ཚོ་ཇག་ལ་ཆས།
འུར་ཆས་རྡོ་སྐོར་རྒྱག་པའི་ཀི་སྒྲ་ཞིག་འཛམ་བུ་གླིང་ལ་གྲགས།
བློ་གྲོས་ཡར་འགྲོ། ཀླུང་རྟ་ཡར་འགྲོ། རལ་བ་ནག་པོ་དེ་རྒྱལ་མཚན་ནག་པོ་ཞིག་དང་འདྲ། 
གནམ་ས་ཤེད་ལ་གདབ།  རི་ཆུ་ཤེད་ལ་གདབ།

གཙང་བོ་རླུང་གྲི་སྔོན་པོ།  ངའི་སྔ་རབས་པའི་དཔའ་མཛངས་ཀྱི་འཁྱུག་རིས།
རི་བོ་གཏེར་མདུང་ནག་པོ།  ངའི་ཕྱི་རབས་པའི་གཏན་ཚུགས་ཀྱི་སྲུང་བ།
ས་ཧོར་གཙང མཐའ་མཚམས་ཀྱི་ལྕགས་མཁར་གྲུ་བཞི མི་དེ་རྒོད་པོ་རྒོད་པོ་ཡིན།  
གཉན་དེ་བཙན་པོ་བཙན་པོ་ཡིན།

ནགས་ཀྱི་རྫོང་ན་སྤྲིན་པའི་ཤམ་པུ་ཅན།  སྟག་ཧོར་གཙང་ཐིག་ལེ་ཤིགས་སེ།
བྲག་གི་ཐེམ་ན་དུང་གི་གཤོག་པ་ཅན།  རྒོད་ཧོར་གཙང་སྒྲོ་གཤོག་མཉེན་ནེ།
གློག་དམར་བོ་ཞིག་ཐོལ་གྱིས་འཁྱུག་ཡོང་།
ཐོག་སེར་བོ་ཞིག་ཁད་ཀྱིས་འབེབས་ཡོང་།
གནམ་ས་ཤེད་ལ་གདབ རི་ཆུ་ཤེད་ལ་གདབ །
ས་ཧོར་གཙང མཐའ་མཚམས་ཀྱི་ལྕག་རྡེལ་ནག་པོ།
མི་དེ་རྒོད་པོ་རྒོད་པོ་ཡིན གཉན་དེ་བཙན་པོ་བཙན་པོ་ཡིན།

             མི།

ཤེས་རབ་ཀྱི་ཉི་མ། བློ་གྲོས་ཀྱི་ཟླ་བ།
གནམ་གྱི་སྲུང་བ། ས་ཡི་བདག་པོ། མི།

གནམ་ས་དཔུང་ལ་བཀུར་ནས།།
དཔའ་མཛངས་རྡོ་ལ་བྲིས་སོང་།།
རི་ཆུ་གཞིས་ལ་རྒྱབ་ནས།།
ཐབས་ཤེས་འོད་ལ་འཁྱུག་སོང་།།
ས་སྟེང་གི་བཙན་པོ། མི། གནམ་འོག་གི་གཉན་པོ། མི། གནམ་སའི་བཀར་ཤིང་ཆེན་པོ། མི།

བར་བཅུག
༼དགའ་ན་མིག་ཆུ་རྡོག་གཅིག།སྐྱོ་ན་མིག་ཆུ་རྡོག་གཅིག།དགའ་སྐྱོ་འཚུབ་མའི་འགྲོས་ན།།
མིག་ཆུའི་ཐིགས་པ་རྡོག་གཅིག།མི་ཡ་མི།༽

དམ་ཚིག་གི་མདུད་པ། ལས་འབྲས་ཀྱི་ཨ་ལོང་།
གནམ་གྱི་ཀ་བ། ས་ཡི་ལྕགས་རི། མི།

རུས་ཀྱི་རྩིག་པའི་ལྡེབས་ལ།།གཏན་གྱི་འདུན་མ་ཕབ་སོང་།།སེམས་ཀྱི་གོ་གྲུ་ཆུང་ཆུང་།གཙང་ཆུའི་གཞུང་ལ་བཏང་སོང་།།
ས་སྟེང་གི་བཙན་པོ། མི། གནམ་འོག་གི་གཉན་པོ། མི། གནམ་སའི་བཀར་ཤིང་ཆེན་པོ། མི།

བར་བཅུག༼དགའ་ན་མིག་ཆུ་རྡོག་གཅིག།སྐྱོ་ན་མིག་ཆུ་རྡོག་གཅིག།
དགའ་སྐྱོ་འཚུབ་མའི་འགྲོས་ན།།མིག་ཆུའི་ཐིགས་པ་རྡོག་གཅིག།མི་ཡ་མི།༽

              སོམས།

མི་ཚེ་འདི་རུས་ཕྲེང་ཞིག་ཡིན།
སྐྱིད་ཀྱི་ཕྲེང་རྡོག་གཅིག་རེ།
སྡུག་གི་ཕྲེང་རྡོག་གཅིག་རེ།
སྐྱིད་སྡུག་ཕྲེང་བར་བརྒྱུས་ན།
ང་ལ་ཕྲེང་རྡོག་དུ་ཡོད།
ཁྱོད་ལ་ཕྲེང་རྡོག་དུ་ཡོད།

འཁོར་བ་འདི་ཆོས་འཁོར་ཞིག་ཡིན།
དགའ་ན་གཡས་འཁོར་གཅིག་རེ།
སྐྱོ་ན་གཡོན་འཁོར་གཅིག་རེ།
དགའ་སྐྱོ་འཁོར་ལོར་དཀྱིས་ན།
ང་ལ་འཁོར་དཀྱིས་དུ་ཡོད།
ཁྱོད་ལ་འཁོར་དཀྱིས་དུ་ཡོད།

འཚོ་བ་འདི་ཞིང་ས་ཞིག་ཡིན།
དགེ་ན་ས་བོན་གཅིག་རེ།
སྡིག་ན་ས་བོན་གཅིག་རེ།
དགེ་སྡིག་ཞིང་ལ་བཏབ་ན།
ང་ལ་ནས་འབྲུ་དུ་ཡོད།
 ཁྱོད་ལ་ནས་འབྲུ་དུ་ཡོད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།