གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མ་སངས་མཁའ་འགྲོའི་སྙན་ངག་བདམས་བཀོད།

2014-12-23 18:09:55 མ་སངས་མཁའ་འགྲོ ཀློག་གྲངས། མཆན ཡོད།

ངོ་སྤྲོད་མདོར་བསྡུས།

  ང་རང་ཆུང་དུས་སུ་མིང་ལ་མཁའ་འགྲོ་ཟེར་བ་དང་།ནར་སོན་ཞིང་སྙན་ངག་འབྲི་བའི་འོས་འགན་ལྕི་ལ་ཡང་པ་ཞིག་ཁུར་དུ་བླངས་རྗེས།བདག་གི་མིང་ལ་མ་སངས་མཁའ་འགྲོའམ་མེ་རི་ཞེས་བོས་པ་རེད། ལོ་གཞོན་པའི་དུས་ཀྱི་བྱ་བ་སྟེ།སློབ་གྲྭ་ཆེ་ཆུང་མཐའ་དག་ནས་ངག་འདར་འདར་དང་རྒྱབ་འཁྱག་འཁྱག ལྟོ་ལྟོགས་ལྟོགས་ལ་མཐར་ཕྱིན་རྗེས་གཞི་རིམ་ཞིག་ཏུ་དགེ་རྒན་གྱི་ཁྲིད་སྟེགས་ལ་ལོ་གཉིས་ཙམ་རིང་འགྱིང་ཁུལ་བྱས་པ་ལས།ད་བར་དུ་བོད་སྐད་གློག་བརྙན་སྒྱུར་སྐྲུན་ལྟེ་གནས་ཤིག་ཏུ་སྙན་ངག་འབྲི་བའི་ཞར་ལ་འཁྲབ་གཞུང་ལོ་ཙཱ་བ་དང་འཁྲབ་ཁྲིད་པ།སྐད་སྦྱོར་བ་བཅས་ཀྱི་བགྱི་བ་དང་ལེན་བྱེད་ཁུལ་ཡིན། 
 གོང་སྨྲས་ནི་འཚོ་འདུན་བསྙེགས་ཚུལ་ཡིན་ལ།སྙན་ངག་བྲི་རྒྱུ་ནི་ངས་མི་ཚེ་འདིའི་ཟུག་གཟེར་སྣ་ཚོགས་ཕྱི་རུ་དབྱུང་ཆེད་ཡིན།དེའི་ཕྱིར།བདག་གིས་ནམ་ཡང་རྩོམ་རིག་ཅེས་པ་ནི་མིའི་རིགས་ཀྱིས་རང་ཉིད་ལ་གཤག་བཅོས་བྱ་སྟངས་ཤིག་རེད་སྙམ་གྱི་ཡོད།དེ་བས་ནམ་ཞིག་ལ་གལ་ཏེ་རྩོམ་རིག་ཅེས་པ་འདི་མེད་པར་གྱུར་ཚེ། འུ་ཅག་གི་ནད་ཡམས་ཆེན་པོས་འཇིག་རྟེན་རྨེག་མེད་དུ་གཏང་ངེས་རེད།།
masangkangzhuo.png        
            སྙིང་གཏམ།

ན་ནིང་ཞིག་ལ   ངས་ཁོ་མོ་ངོ་ཤེས་ཤིང
ཡུན་རིང་མ་འགོར་བར་དབྱར་དུས་བསླེབས
ངའི་སྤང་ཐང་དུ   ཁོ་མོའི་མེ་ཏོག་ཁད་ཀྱིས་བཞད
མེ་ཏོག་ལ་ངའི་ཡིད་ཆེས་ཀྱི་སྦྲང་མ་ཐོགས
རྒྱང་རིང་རྒྱང་རིང་གི་ཁོ་མོས
སྤྲིན་དཀར་ལ་མཆུ་འདབ་རེ་སྦྱར་ནས་ང་ལ་བསྐུར
བར་སྣང་ནས་ཉིལ་བའི་ཆར་ཐིགས་དེ་ཚོ
ངས་ཆང་ཕོར་དུ་བཅུས་ཤིང་ཤ་དྲོད་ལ་ཡང་ཡང་གླན
གལ་ཏེ་ར་བཟི་ཞིང་ཅི་བཤད་མེད་པའི་དུས་སུའང
ང་ལ་གསང་བ་ཞིག་ཡོད་པ་ནི་ཁོ་མོ་གཅིག་པུ་ཡིན
ན་ནིང་དབྱར་མགོ་ཞིག་ནས
རང་ལ་དབང་བའི་གསང་བ་དེ་ཡོད་པས
ངས་འཇིག་རྟེན་གྱི་ངོས་གཉིས་སུ
རྨི་ལམ་དང་འཆར་ཡན་གྱི་ས་བོན་བཏབ
རྒྱང་རིང་རྒྱང་རིང་གི་ཁོ་མོ
བར་ཐག་ལ་འཕངས་པའི་འཇའ་ཚོན་གྱི་ཟམ་པ་རེད
མཚན་མོར་སྒེའུ་ཁུང་ལས་ངའི་མགྲིན་པར་འཁྱུད་པའི་ཟླ་འོད་རེད
ད་དུང   ངའི་སྙིང་ཁོང་ཡོངས་སུ་གཏམ་པའི་ཚོར་བ་སྨྲ་མེད་དེ་རེད
                                    ༢༠༡༤..༦.༢༡

              སེམས་ཀྱི་མེ་ཏོག

དགུན་གྱི་དུས་སུ
ཁ་བའི་ཨུ་ཚུགས་མ་བཟོད་པར
ངའི་སྐྲ་ལོ་དག་དཀར་པོར་གྱུར
ལུས་པོའང་འདར་བྱུང
གལ་ཏེ
ང་རང་དངོས་གནས་འདི་ལྟར་གློ་བུར་དུ་རྒས་སོང་ན
ཁོ་མོས་ཅི་བྱེད
ཡིད་སྐྱོ་བཞིན་སྨྲེང་གླུ་ལེན་ནམ
ཁྱི་ཤོར་བ་ལྟར་གང་སར་བརྒྱུག་འགྲོ
ཡང་ན
ངས་མ་མཐོང་བའི་སེམས་ཀྱི་མེ་ཏོག་དེ
ཁ་བའི་ཨུ་ཚུགས་མ་བཟོད་པར
རང་དབང་མེད་པར་ངའི་སྐྲ་གསེབ་ཏུ་འཐོར་ཡོང
དགུན་གྱི་དུས་སུ
རླུང་གི་ཨུ་ཚུགས་མ་བཟོད་པར
ངའི་སེམས་ཀྱི་མེ་ཏོག་ཐོར
ཡན་ལག་ཀྱང་འཁོབས་སོང
གལ་ཏེ
ང་རང་དངོས་གནས་འདི་ལྟར་གློ་བུར་དུ་རེངས་སོང་ན
ལྟད་མོ་བས་ཅི་བྱེད
ཡ་མཚར་ཞིང་ཁར་དུ་རྒྱག་གམ
འདྲེ་མཐོང་བ་ལྟར་གང་སར་བྲོས་འགྲོ
ཡང་ན
དོན་ལ་བསམ་གཞིགས་བྱས་འགྲོ
ཡང་ན
མིས་མ་ཤེས་པའི་རྟོག་བཟོའི་ལོ་རྒྱུས་དེ
རླུ་གི་ཨུ་ཚུགས་མ་བཟོད་པར
ཁ་ཕྱོགས་མེད་པར་ཤོག་བུའི་ཉིན་སྲིབ་ལ་བབས་ཡོང
                       ༢༠༡༣.༡༢.༡༢
 
              གསང་བ།

ཉིན་དེ་ནས་བཟུང
ཁྱོད་ནི་གདོང་འབག་ཁོ་ན་རེད
སེམས་ལ་བཏབ་པའི་ས་བོན་དག
ཚེར་མ་དང་རལ་གྲི
ཇི་འདྲའི་རྣོ་ནའང
གདོང་འབག་བརྟོལ་མི་ནུས
ཁྱོད་ནི་གདོང་འབག་ཁོ་ན་སྟེ
ཁྱོད་ཀྱི་མིག་དང་མཆུ་སྒྲོས
ནམ་ཡང་ཆུ་མིག་སྐམ་པོ་ཞིག
ཚོར་བ་དེས
ཡོལ་བ་དེས
ང་ཁྱོད་ལ་རྒྱུས་མེད་དུ་གྱུར
ཁྱོད་ལ་རྒྱང་དུ་བཀྱེད
ངོ་གདོང་ལས་ངོ་མི་ཤེས་པའི་ཁྱོད
ཆ་མེད་པའི་མི
རང་སེམས་ལ་བཏབ་པའི་ས་བོན
ཚེར་མ་དང་རལ་གྲི
ཉིན་དེ་ནས་བཟུང
ཁྱོད་ལ་གདོང་འབག་ཤི་བོ་ཞིག
གློ་སྙིང་ནད་པ་ཞིག
ཆ་མེད་པའི་མི
ཁྱོད་ཀྱིས་འཇིག་རྟེན་མཐོང་ཡང
འཇིག་རྟེན་གྱིས་ཁྱོད་ཉིད་མ་མཐོང
ངའི་སེམས་པ་དང
ངའི་ཕྱི་ནང་བར་གསུམ
ཉིན་དེ་ནས་བཟུང
ཁྱོད་ཀྱི་ཆུ་མིག་སྐམ་པོ་ལྟ་བུའི་མིག་ཟུང་ལ་བཀྲམ
ཁྱོད་ཀྱི་གདོང་འབག་ཤི་བོའི་གཡང་གཟར་ལ་དཔྱངས
ཁྱོད་ཀྱི་གློ་སྙིང་ནད་པའི་རུལ་དྲི་ལ་འབྱར
                     ༢༠༡༣.༡༢.༡༧
311CB5DFC0F194D934D226744E6193D2.png
             གླིང་ཀ་གཏོང་བ།

ཉི་འོད་དང་སྦི་རག་གིས་བཟི་བའི་ཕོ་མོ་ཚོ
བྱིས་པ་ཚོ   གྲོག་མ་ཚོ   སྦྲང་ནག་ཚོ
ཐ་མག་དང་ནམ་མཁའི་སྤྲིན་པ
དོ་དགོང   གླིང་ཀ་འདིའི་སྐར་མར་མིག་ཆུ་འཐོར་སོང་ན
ཆང་ཕོར་གྱི་རྐུབ་ལ་ཐིགས་པ་བརྒྱབ་བྱུང་ན
བུ་མོ་ཞིག་མེ་ཏོག་གི་ཁུག་ལ་དཀྲིས་སོང་ན
མེ་ཏོག་གི་སྒམ་བུ་གྲོག་ཚང་དུ་ལྷུང་སོང་ན
སྲ་འཐས་སུ་གྱུར་བའི་འོ་མ་དང་ཆོ་ཁི་ལི
གློག་གིས་བསྲེགས་པའི་མ་རྨོས་པའི་ལོ་ཏོག
འུར་ཟིང་དང་ས་སྲོད་ཀྱི་སང་རས
དོ་དགོང   གླིང་ཀ་འདིའི་ཟླ་བར་བག་ཆུ་བཞུར་བྱུང་ན
ལྗོན་ཤིང་གི་འོག་ཏུ་མཆུ་འདབ་དག་སྦྱར་སོང་ན
བྱིས་པ་ཞིག་སྤྱོད་ཁང་དུ་གཉིད་སོང་ན
སྤྱོད་ཁང་གི་བར་སྣང་སྦྲང་ནག་གིས་རུབ་སོང་ན
ཁོག་སྟོང་དུ་ཕུད་པའི་ཤེལ་དམ་དང་ཐང་ཆད་པའི་རོལ་དབྱངས
ལྗིད་ཏིག་གེར་ལུས་པའི་མགོ་བོ་དང་སེམས་པ
མག་མོག་ཏུ་གྱུར་བའི་གློག་ཞུ
དོ་དགོང   གླིང་ཀ་འདིའི་ཆར་ཆུར་ཆང་དྲི་ཐུལ་བྱུང་ན
ཆང་དྲི་དེས་ཁོ་ཚོ་སླར་ཡང་བཟི་སོང་ན
དུས་ཚོད་དང་ཁྱིམ་གཞིས་ལས་ནང་ཡང་ཤོར་སོང་ན
སྤྱོད་ཁང་དུ་གཉིད་པའི་བྱིས་པ་དེ་གཏན་དུ་བརྗེད་སོང་ན
                               ༢༠༡༤.༩.༢༧
AC504739EA58A5A95031C7BE3D03DC73.png
               འབབ་ཚིགས།

ཕྱི་མིག་མང་པོ
ངོ་གདོང་མང་པོ
རྒྱབ་གཟུགས་མང་པོ
མང་པོ་འདི་དག་ལ་བལྟས་ཚེ
མྱུར་ཚད་ཅིག་ལ་ཐག་ཇེ་ཉེར་འགྲོ་བ་འདྲ
དགོད་སྒྲ་དང་ངུ་ངག
སེམས་ཁྲལ་དང་འཁྲེང་ཞེན
སྨོན་འདུན་དང་རེ་སྙེག
ཡོད་ཚད་ཁྱེར་འགྲོ་བའི་མྱུར་ཚད
ང་རང་ཁྱེར་འགྲོ་བའི་མྱུར་ཚད
དེ་རིང
ང་ལ་ཕྱིར་མིག་འཕེན་ས་ཞིག་མེད་པས
ངས་མདུན་ལྗོངས་ཁོན་ལྟེབ་ཀྱིན་ཡོད
འབབ་ཚིགས་དང་གྱེས་ཚུལ་ནི
ཆུ་བོ་ཞིག་བཞུར་ཚུལ་ཡིན་ལ
རླུང་གིས་བསྐྱོད་པའི་ཆུ་གཉེར་དག
བྱེ་མ་བཞིན་མཚན་གཞུང་ལ་ཟེགས་ཀྱིན་འདུག
དོ་དགོང་གཉིད་ལ་ཡུར་རྗེས
ངའི་རྨི་ལམ་ཡང་འཐོར་འགྲོ
ངའི་ལྡོག་ཕྱོགས་སུ་རྒྱུག་གིན་པའི་གློག་ཞུ་ཚོ་དང་ལྷན་དུ་འཐོར་འགྲོ
                             ༢༠༡༤.༩.༡༣

             སུན་སྣང་།

རླུང་གིས་སྒུལ་གྱིན་པའི་བྱེ་ཐང
སྐར་མས་བརྟོལ་བྱུང་བའི་མུན་པ
སྒོ་ཁྱིས་དཀྲོག་གིན་པའི་རི་ལུང
སྦྲ་ཁྱིམ་འདི་ན
ང་ཁོ་ནའི་དུས་གསུམ་ལ་མེ་སྟག་མཆེད
ཁོ་མོ་སོང་བའི་རྗེས་ཀྱི་ཁུ་སིམ
ཉི་ཟླ་འཁོར་ཤུལ་གྱི་གཉེར་རིས
སེམས་ཀྱིས་མི་བསྙེགས་པའི་བར་ཐག
གཙང་ངོགས་འདི་ན
ང་ཁོ་ནའི་སྐྲ་ལོ་ལ་ཚེས་རིས་ཐོགས
                      ༢༠༡༤.༩.༤
 
              ཁ་བྱང་མེད་པའི་སྙན་ངག

                               _____དེ་རིང་ངས་བུད་མེད་ཅིག་དང་གྲོགས་པོ་ཞིག་དྲན་བྱུང་།

ཁོ་རང་འཚོ་དུས
ངེད་གཉིས་ཀྱིས་བུད་མེད་ཅིག་གླེང་མྱོང
བུད་མེད་དེས་ངེད་གཉིས་ལ་སྙན་ངག་གི་ཁ་བྱང་བྲིས་མྱོང
ད་དུང   ལོ་སར་ཚེས་གཅིག་གི་ཞོགས་པར
ཁོས་ང་ལ་གཞི་རིམ་གྱི་སྙན་ངག་ཅེས་པ་ཞིག་བསྟན་མྱོང
ཁོ་རང་འཚོ་ས་འཇིག་རྟེན་མི་ཡུལ་ཡིན་ཡང
ཚེ་གང་བོར་གཞི་རིམ་གྱི་རྫ་རོང་ཞིག་ཏུ་ལུས་སོང
རྫ་རོང་དེ་རུ་གནམ་ཁ་ཚུབ་ལྟ་བུ་ཞིག་ལས་མཐོང་མི་ཐུབ་པས
ཁོས་དེ་ལ་“ངའི་མགོ་ཐོག་གི་གནམ་རལ་གྲི་ཙམ་པོ་”ཟེར
ངེད་གཉིས་ཀྱིས་སྙན་ངག་ཀློག་གིན
ངས་ཁོ་ལ་སྙིང་རྗེ   ཐབས་རྡུག་ཟེར་དུས
ཁོས་ང་ལ་གཞི་རིམ་གྱི་བྱིས་པ་ཚོ་སྙིང་རྗེ་ཚུལ་གླེང་མྱོང
དེ་རིང་ཡང   ངས་ཁོ་རང་དྲན་བྱུང
ངེད་གཉིས་ཀྱིས་གླེང་མྱོང་བའི་བུད་མེད་དེ་དྲན་བྱུང
གཞི་རིམ་གྱི་ནམ་མཁའ་དང་སྙན་ངག་དྲན་བྱུང
ཀློའུ་ཞིག་གི་ཁ་མི་ཚང་བའི་གཏམ་རྒྱུད་དྲན་བྱུང
ཁོས་ང་ལ
ཁྱོད་ནི་གྲོང་ཁྱེར་དུ་སྡོད་པའི་གཞི་རིམ་གྱི་ཀློའུ་ཞིག་རེད་ཟེར་མྱོང
ངས་ཀྱང་ཁོ་ལ
ཁྱོད་ནི་འཁོར་བ་ན་གསོན་པའི་ཁེར་རྐྱང་གི་བྱ་བྲལ་བ་ཞིག་རེད་ཟེར་མྱོང
ནམ་ཡང   ཁོ་རང་དང་འཕྲད་དུས
ཚེ་སྲོག་དང་འཕྲད་པ་ཇི་བཞིན
ངེད་གཉིས་ཉིན་ཁ་ཤས་ལ་ར་བཟི་འགྲོ
ར་བཟི་རྗེས་ཕན་ཚུན་ལ་སྲོག་སྤུན་ཞེས་བོས་མྱོང
སྲོག་སྤུན་འཚོ་དུས
ངེད་གཉིས་ཀྱིས་བུད་མེད་ཅིག་གླེང་མྱོང
གཞི་རིམ་གྱི་སྙན་ངག་བཀླགས་མྱོང
བུད་མེད་དེས
ངེད་གཉིས་ལ་སྙན་ངག་གི་ཁ་བྱང་བྲིས་མྱོང
ཁ་བྱང་ལ་“སྒྲོལ་མ་དཀར་མོ་”ཟེར
ཁོ་རང་བཞུད་སོང་བས
སྙན་ངག་དེ   ད་དུང་འབྲི་འཕྲོ་རུ་ལུས་ཡོད
ངས་ཁོ་རང་དྲན་གྱི་ཡོད
               ༢༠༡༤.༡༢.༡༧

             མེ།

ཨ་ལོང   མེ་ལོངབཞིན་རས་སྒོར་མོ
དོ་དགོང་གི་ཉ་གང་ཟླ་བ
ཁྲག་མིག་དག་གཞི་ནས་ཆུ་ལ་ཐོར
ཆུ་མེ་རུ་འབར
དོ་དགོང   མཚན་མོ་འདིའང་མེ་རུ་འབར
ངའི་སེམས་ལ་མུན་པ་བཅུག་ཅིང
ངས་ཆུ་ནང་ནས་མེ་དྲོད་ལྒིང
ངས་ཐལ་བ་དང་རྣམ་ཤེས་ལྒིང
མུན་པའི་གསེབ་ཀྱི་ཆུ་ཡི་ཐིགས་པ་མང་པོ
བར་སྣང་ནས་གཏན་དུ་འཇགས་རྗེས
ཟླ་འོད་ལ་འཕྱོ་བའི་ཚིག་རོ་ནག་པོ་དེ
དུར་ཁྲོད་དུ་ལུས་པའི་སྐྲ་ལོ་རེད་བསམ་ན
འཆི་བ་ལས་རྣོ་བའི་ཁེ་གྲི་ཞིག་མི་འདུག
                   ༢༠༡༤..༡༡.༡༡

383996F7F1A0F5C1775B5BEC224C7090.png

               དོ་དགོང་། ཡིད་འཕྲོག་མ་དྲན་པ།

ཆུ་ནང་གི་ཟླ་བ
ངའི་བྲང་ཁར་སྐྱོམ་པའི་འོད་ཀྱི་ཐིག་ལེ
དོ་དགོང   སེམས་ལ་ཟགས་པའི་བསིལ་བ་འདི
ཆུ་སྣང་གི་ཟླ་བ
མིག་ཆུས་བསྐྱོར་བའི་ཡིད་ཕྲོགས་མ
དོ་དགོང   ཡལ་བ་མེད་པའི་ན་ཟུག་འདི
ཆུ་ནང་གི་ཟླ་བ
སྐྱ་རེངས་ཀྱིས་ཁྱེར་བའི་སྐྱོ་ཤས་བན་བུན
དོ་དགོང   དུང་ཞེན་གྱིས་ཁུར་བའི་ལྗིད་ཚད་འདི
                       ༢༠༡༤..༩.༢༤

             ལྷན་འཛོམས།

                            ____ཐང་དགེ་སྤུན་ཟླ་ལྷན་འཛོམས་ལ་ཕུལ་བ
ཆར་བ་འབབ་དུས
མེ་ཏོག་བཞད་དུས
འབྲུག་སྒྲ་ལྡིར་དུས་ཤིག་ལ
ང་ཚོ་ལྷན་དུ་འཛོམས་བྱུང
ང་ཡིས་སེམས་པ་དམར་པོ་སྙན་ངག་ལ་བྲིས
སྙན་ངག་གིས་གྱེར
ཁྱོད་ཀྱིས་སྨོན་འདུན་ཡོད་ཚད་དབྱངས་ལ་བཀུག
གླུ་ཡིས་བླངས
རྩེད་ཀྱིན་རྩེད་ཀྱིན
འཐུང་གིན་འཐུང་གིན
ང་ཚོ་རང་ཉིད་ཀྱི་རོལ་དབྱངས་སུ་འཐིམ
རོལ་དབྱངས་ལས་བཞུར་བ་མཐའ་དག
འུ་ཅག་གི་མདོག་ཡལ་བའི་ལོ་རྒྱུས་རེད
རྙིང་དྲགས་པའི་ཐ་སྙད་དེ་ཚོ
ངས་ཁ་རོག་གེར་ཨམ་ཕྲག་ཏུ་བཅུག
ཁྱོད་ཚོས་དེ་ལ
རུམ་ལ་བསྡུ་རྒྱུའི་བྲོ་དང
སེམས་ལ་འཛིན་རྒྱུའི་ཚིག་ཟེར
འོན་ཀྱང་ངས
དེ་ནི་དབྱར་གཞུང་འདིའི་ལྗོན་ཤིང་ཞིག་གི་ཡལ་ག་རེད་སྙམ
ཡལ་གའི་སྟེང་གི་ལོ་མ་རེད་སྙམ
ལོ་མ་ལས་བཞད་པའི་མེ་ཏོག་རེད་སྙམ
ང་ཚོ་འདི་ལྟར་གྱེས་སོང་ནའང
ཆར་བ་འབབ་དུས
འབྲུག་སྒྲ་ལྡིར་དུས་ཤིག་ལ
ཡལ་ག་རྒྱས་སྲིད
ལོ་འདབ་གཡོ་སྲིད
མེ་ཏོག་ཀྱང་བཞད་སྲིད
…   …
                ༢༠༡༤.༦.༨

              བུ་མོ་དེ།

བུ་མོ་དེའི་ཡིད་སེམས་ཁྲ་ཁྲ་མིན་པས
ཁོ་མོ་དབྱར་གཞུང་གི་མེ་ཏོག་དང་ཕྱེ་ལེབ་ལ་དགའ
སུས་ཀྱང་མི་འཚོར་ས་ནས
བརྩེ་དུང་མཚོན་བྱེད་ཀྱི་གླུ་ཆུང་རེ་ཕུད་པ
རི་དང་བྲག་གིས་ཁྱེར་ཞིང་གང་སར་གཏོར་བས
ཁོ་མོའི་ངོ་གདོང་དམར་པོར་ཡང་གྱུར་མྱོང
རྩྭ་མགོའི་ཟིལ་བ་དང་འདྲ་བའི་བུ་མོ་དེ
ངའི་སེམས་རྩེ་ན་ཡལ་བ་མེད་པའི་འཇའ་ཚོན་ཞིག
མེ་ཏོག་དང་ཕྱེ་ལེབ་ལས་ལྷག་པའི
མཚན་གུང་གི་མར་མེ་དང་སྒོ་ཁྱིའི་ཟུག་སྐད་ཀྱིས
ཁོ་མོ་མཛེས་སྡུག་གི་འཆར་ཡན་ཁྲོད་ནར་སོན་དུ་བཅུག
རྨི་ལམ་དང་འདྲ་བའི་རེ་སྨོན་ཡོད་ཚད
འུར་མཐིལ་ལས་ཤོར་བའི་རྡེའུ་ཇི་བཞིན
རྩྭ་མགོའི་ཆུ་ཐིགས་སྒུལ་གྱིན་པའི་གཡང་དཀར་གྱི་ཁྱུ་རུ་བཏབ
ལུག་ཚེར་མོ་དང་འདྲ་བའི་བུ་མོ་དེ
ངའི་ཡིད་ཀྱི་སྨུག་པ་དྭངས་བྱེད་ཀྱི་སྤྲིན་པ་དཀར་པོ་ཞིག
བུ་མོ་དེ་རང་བྱུང་གིས་མཛེས་ཤིང་སྒེག་པས
ཁོ་མོའི་མིག་ཟུང་དྭངས་གསལ་གྱི་ཆུ་ངོགས་སུ་རྩེན་གྱིན
སུས་ཀྱང་མི་ཚོར་ས་ནས
རྒྱུས་མེད་ཀྱི་ལང་ཚོའི་གསང་བ་རེ་རེ་ཕྱི་གོས་ཀྱིས་ཡུན་རིང་བཀླུབས་པ
ལོ་དང་ཟླ་བས་བསྔོགས་ཏེ་ལྷང་ལ་ཕུད་པས
ཁོ་མོ་ཅི་བྱ་གཏོལ་མེད་དུའང་གྱུར་མྱོང
འབྲི་ཤོག་དཀར་པོ་དང་འདྲ་བའི་བུ་མོ་དེ
ངའི་ཚོར་བའི་སྨྱུག་ལོ་གཡོ་བར་བྱེད་པའི་རླུང་བུ་ཞིག
                      ༢༠༡༤.༥.༢༣

              ལྷ་མོ།

ལྷམ་སྒྲོག་སྡོམ་ཉེས་ཤིག་གིས
ལྷ་མོ་ཐང་ལ་ལྷུང
ཐང་ལ་ལྷུང་བའི་ལྷ་མོ་ཀོ་བར་གྱུར
ཀོ་བ་འདྲ་ཉེས་ཤིག་གིས
ལྷ་མོ་ཤོག་བུར་གྱུར
ཤོག་བུའི་ལྷ་མོ་རླུང་གིས་ཁྱེར
ངའི་སེམས་ན
གཟུགས་མེད་ཀྱི་ལྷ་མོ་ཞིག
ཁྱོད་ཀྱི་སེམས་ན
ཨ་མ་ལས་ལྷག་པའི
མཐོང་མ་མྱོང་བའི
བརྗོད་ཐབས་བྲལ་བའི
འདྲ་སྐུ་ལྟ་བུའི་ལྷ་མོ་ཞིག
ཐང་ལ་ལྷུང་བའི་ལྷ་མོ
ས་འདམ་ཁྱོར་བ་གང
ཡུལ་གྲུ་གང་དུ་སོང་ཡང
ཐང་གི་ལྷ་མོར་ལྷས་རའི་དྲི་མ་འཐུལ
ཁྱོད་ཀྱིས
དེ་ལ་ལྷ་མོ་ཞེས་འོ་མ་མཆོད
ང་ཡིས
དེ་ལ་ལ་གཞས་ཞེས་དབྱངས་སུ་གྱེར
བསམ་བློ་གཏོང་ཉེས་ཤིག་གིས
ལྷ་མོ་ཐང་ལ་ལྷུང
ཐང་ལ་ལྷུང་བའི་ལྷ་མོས་རྒྱ་ཡུལ་འགྲིམས
རྒྱ་ཡུལ་ནས
དོར་མ་ཕུད་ཉེས་ཤིག་གིས
ལྷ་མོ་ཤོག་བུར་གྱུར
ཤོག་བུ་སླར་ཡང་རླུང་གིས་ཁུར
ལྷས་རའི་དྲི་མ་འཐུལ་བའི་ས་འདམ
ཁྱོད་ཀྱིས་འོ་མ་མཆོད་ས
ང་ཡིས་ལ་གཞས་ལེན་ས
                ༢༠༡༤..༤.༧

             མུན་པ།

ང་ནད་པ་ལྟར་ཉལ་དགོས་པ་ནི
ཉི་འོད་དང་གྱེས་པས་ཡིན
ང་ཤི་བོ་ལྟར་གཉིད་འགྲོ་བ་ནི
མུན་པའི་གཡང་རོང་དུ་ལྷུང་བས་ཡིན
རྨི་ལམ་གྱི་ཐག་ཁྲ་ཆད་དུས
མུན་པ་ལ་གཏིང་མཐའ་མེད
ངས་ཉི་མ་ཟེར་བ་དེ་ཅི་འདྲ་ཞིག་ཡིན་པའང་བརྗེད་སྲིད
མུན་པའི་རོང་དུ་ཁ་བ་བབས་ཀྱང་ནག་པོ་ཡིན་པས
ཕོ་རོག་དང་འདྲ་བའི་འདབ་མ་ལེབ་མོ་དག
ང་ལ་འཇིགས་སྐྲག་སློང་བྱེད་ཁོ་ན་ལས
ངས་སྔོན་ཆད་ཀྱི་ཡོད་ཚད་བརྗེད་ཟིན
ངའི་རུས་པ་མ་གཏོགས་ལུས་ཡོངས་སོལ་བ་དང་འདྲ
ཐ་ན་བསམ་བློ་དང་བྱ་སྤྱོད་ཀྱང
སྐབས་རེར   ཕ་མ་ཟེར་བ་ཞིག་དྲན་དུས
ངས་འོ་དོད་ནག་པོ་ཞིག་འབྱིན་བཞིན
ད་དུང་མུན་པའི་གཡང་རོང་དུ་ལྷུང་འགྲོ
                     ༢༠༡༤.༣.༣༡
A0388C9118DF5DDE33B06185AB6D6FF0.png

              ཁ་བ་དང་མེ་ཏོག

ཁ་བ་ལྷོད་ཀྱིས་བབས་ཚེ
དགུན་ལ་མེ་ཏོག་འཐོར་བ་དང་ཅི་ཁྱད
བར་སྣང་ནས་ལྷུང་བའི་འདབ་མ
འགུལ་གྱིན་པའི་འདབ་མ
ཅ་ཅོ་མེད་པར་བཞུར
གྲང་ངད་ཅིག་མ་ལྡང་བར་དུ
ནམ་མཁའ་ཤེལ་ལེབ་ཆག་པ་བཞིན་སིལ་བས
ངའི་ལུས་པོ་འདིའང་གས་ཀྱིན་པ་འདྲ
གལ་ཏེ་ང་རང་འདི་ལྟར་འཐོར་སོང་ན
གྲངས་མེད་པའི་ངའི་ངོ་གདོང་དང་ཡན་ལག་ཚོ
དབྱར་བསླེབས་དུས
སླར་ཡང་བུ་མོ་རེ་རེའི་མངལ་ནས་སྐྱེ་སྲིད་དམ
ཁ་བ་ལྷོད་ཀྱིས་བབས་ཚེ
དགུན་ལ་མེ་ཏོག་འཐོར་བ་དང་ཅི་ཁྱད
གནམ་ནས་ལུད་པའི་དབེན་ཐང
ས་གཞི་ནས་ཡལ་བའི་རླངས་པ
འཇམ་ཅག་གེར་བཞུར
                ༢༠༡༤.༡.༧

             དུས་ཚོད།

དུས་ཚོད
ཁྱོད་ཀྱིས་ཕྱིར་ནུར་ཙམ་བྱས་ཚེ
ང་ད་དུང་ཁོ་མོར་ཐེངས་གཅིག་མཇལ་ཐུབ
ཐེངས་གཅིག
དུས་ཚོད
ཁྱོད་འཇིག་རྟེན་ཡིན་ནམ
ཡང་ན   འཇིག་རྟེན་ཁྱོད་ཡིན
གསར་རྙིང་གི་འཁོར་ལོ
དུས་ཚོད
ཡོད་ཚད་ཁུར་འགྲོ་བའི་རླུང་ཆེན་པོ
ཁྱོད་ཀྱིས་བར་སྣང་འདི་བདག་ཏུ་བཟུང་བ་ནས
ང་ཚོས་ཤུལ་དུ་བསྐྱུར་བ་ཅི་འདྲའི་མང་བ་ལ་ཨང
དུས་ཚོད
ཁ་སང་གི་ཁོ་མོའི་མཛེས་འཛུམ་དེ
ཁྱོད་དང་འཕྲད་རྗེས་ཤུལ་མེད་དུ་ཡལ
གཞི་ནས་བསུབས
དུས་ཚོད
རིམ་བཞིན་རྒས་པའི་གོམ་འགྲོས
ངའི་ཕྱི་ནང་མེད་པར་ཁྱོད་ཀྱི་རྐང་རྗེས་དཔར་འདུག
དུས་ཚོད་ཀྱི་ངོ་གདོང་འདི
དུས་ཚོད
ཁྱོད་ལ་འཇིག་པ་མེད་པ་ཅི
ཁྱོད་ལ་མགོ་རྔ་མེད་པ་ཅི
དུག་ལྟ་བུའི་ང
དུས་ཚོད
ཁྱོད་ནི་བྱིས་པའི་ཁ་ཡི་སོ་དང
རྒན་པའི་མགོ་ཡི་སྐྲ་རེད
དབུགས་ཀྱི་རྒྱུ་བ
              ༢༠༡༤.༡.༡

              རྨ་ཁ།

ཁྱེད་རང་སོང་ཤུལ་དུ
ཕྱི་མིག་ཅིག་ཀྱང་མ་བསྐྱུར་བས་སམ
སེམས་ཀྱི་རྒྱབ་གཞུང་ལས་ཅི་ཡང་མ་མཐོང
ཁྱེད་རང་སོང་ཤུལ་དུ
གྲག་འགུལ་མེད་པའི་སྟོང་སེང་གི་ཁྲོད་ནས
མེ་ཏོག་གི་བུམ་པར་གས་ཁ་ཤོར
ཁྱེད་རང་སོང་ཤུལ་དུ
རླུང་བུ་གྲང་མོ་རེ་ལྡང་བ་རྒྱུན་ལྡན་ཡིན་པས
ཡ་ཁོག་གི་ཡོད་ཚད་ཕྱི་རོལ་དུ་ཁུར་འགྲོ
ཁྱེད་རང་སོང་ཤུལ་དུ
གྱང་ངོས་ཀྱི་མེ་ལོང་ཡང་ངུ་བཞིན་འདུག་པས
མིག་ཟུང་གིས་བལྟ་ས་ཞིག་ཡེ་ནས་མེད
ཁྱེད་རང་སོང་ཤུལ་དུ
བུམ་པ་དང་མེ་ཏོག་གི་གས་ཁ་དག་ལས
ངས་སྲོན་མ་ནུས་པའི་ཁྲག་ཐིགས་ཤིག་འཛག་བྱུང
 
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

  

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།