གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཅོ་བྱང་སྐར་གྱི་སྙན་ངག་བདམས་བཀོད།

2015-07-05 17:35:04 ཅོ་བྱང་སྐར། ཀློག་གྲངས། མཆན ཡོད།

1.jpg

  ཅོ་བྱང་སྐར་རམ་སྒྲོལ་མ་ཚེ་བརྟན་ནི། 1984ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཤར་ཅོ་ནེ་ས་ཆའི་ཆོས་དཔལ་ཞིང་ཉིན་པ་སྡེ་བ་ནས་ཀ་མད་སུམ་ཅུའི་དབྱངས་རྟ་ཐོག་མ་མི་ཡུལ་དུ་སྒྲོགས། སྤྱི་ལོ་2012ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་སུ་མི་རྐྱང་རྟ་རྐྱང་གིས་ཁྲི་འདུ་སྤོས་ལྡན་གྲོང་དུ་ཡོང་ནས་མི་ཚེའི་གདམ་ག་ཐོག་མ་དེ་རང་གིས་བཙལ། རང་གི་དགའ་ཕྱོགས་ཀྱི་མཐའ་འཁྱོངས་ཕྱིར་ད་བར་མི་ལོ་བཅུ་ཙམ་ལ་སྦྱངས་རྩོམ་གྱི་ལམ་དུ་ཞུགས་ཤིང་། ད་ལྟ་སི་ཁྲོན་ཞིང་ཆེན་ཏང་གི་འཛུགས་སྐྲུན་དུབ་དེབ་ཁང་ན་༼གངས་ལྗོངས་ཉི་གཞོན་༽དང་༼ཁ་བཏགས་དཀར་པོ་༽དུས་དེབ་གཉིས་ཀྱི་རྩོམ་སྒྲིག་པའི་ལས་ཀ་གཉེར་བཞིན་ཡོད།

             ཞི་བདེའི་ཕུག་རོན་དཀར་མོ།

མཛེས་སྡུག་གི་རང་བྱུང་སྐྱ་མདོག་གི་ཞིང་ཁམས་སུ་གྱུར་བས།
ཕུག་རོན་དཀར་མོ་གནས་ཡུལ་འདིར་ཡིད་སེམས་རྨུགས།
བྱ་ཁྲ་ཧོར་བས་ནམ་མཁའ་ནས་ལྡིང་སྐོར་རྒྱག་དུས་།
ཁྱེད་རང་སྨུག་སྤྲིན་འཐིབས་པའི་རྫ་རིའི་གསེབ་ནས་ཡལ་སོང་།

འཕུར་སོང་བའི་ཕུག་རོན་དཀར་མོ།
ཁྱེད་ཀྱི་ལུས་པོ་ཆུང་ཆུང་།
གཞིས་ཁྱིམ་དྲོན་མོ་འདིའི་ཁ་དབུགས་ཀྱིས་བཏུམ་ལ།
ཁྱེད་ཀྱི་སེམས་རྒྱུད་དུ།
རེ་ལྟོས་གྲངས་མེད་ཀྱི་འཚོལ་སྙེག་འཁུར།

འདི་ལྟར་སྐྱོ་སྡུག་ངང་འཕུར་སོང་བའི་ཕུག་རོན་དཀར་མོ།
འདི་ལྟར་དྲག་ཆར་ཁྲོད་འཚོལ་བཞིན་པའི་ཕུག་རོན་དཀར་མོ།
ཁྱེད་ནི་ཞི་བདེ་ཡི་རྟགས་མཚན་ཏེ།
མི་རིགས་ཤིག་གི་སྤྱན་མགོན་ལགས།
ནམ་ཟླའི་རླུང་དམར་གྱི་དྲག་ཤུགས་བྱེ་ཐང་ནས་གཡུག་དུས།
ཁྱེད་ཀྱི་འདབ་རྒྱ་ཡི་སྐུ་ལུས་པད་མ།
ད་དུང་ནོར་འཛིན་སྟེང་མངོན་པ་མེད།

སྣ་མང་འདབ་ཆགས་ཚོགསས་མཁའ་དབྱིངས་ན་ལྡིང་སྐོར་རྒྱག་དུས།
ཁྱེད་རང་ད་དུང་སྨྱུག་སླས་ཀྱི་གཟེབ་ནང་ན།

སྡུག་རྩུབ་རང་བྱུང་བཙན་འཛུལ་གྱི་མྱུ་གུ་འབུས་ནས།
གཏམ་རྒྱུད་ཀྱི་མྱི་ཁ་དམར་བོ་རྣ་ལམ་སོང་དུས།
ཁྱེད་ཀྱི་སྐུ་ལུས་པད་མ་ཡི་ཕོན་པོ།
འབྱུང་བཞི་ཡི་འཚུབ་ཆའི་ཁྲོད།
ཡམ་ཡོམ།
གནས་འདི་རུ་ངུ་ངག་གིས་ཁེངས།

ཞི་བདེའི་ཕུག་རོན་འདི་ལྟར་རྒྱང་རིང་ལ་འཕུར་བས།
ཁང་བའི་གདུང་གསེབ་འདི་ལྟར་སྟོང་འཇགས་སུ་གྱུར།

དགུན་གསུམ་གྲང་ངར་གྱིས་དཔྱིད་དཔལ་གྱི་མཛེས་ཉམས་འཕྲོག་དུས།
ཁྱེད་ཀྱི་འཕུར་རྗེས་ལ་སྙེག་པའི་ཁུ་བྱུག་སྔོན་མོས།
ཚ་གྲང་ཆ་མི་སྙོམས་པའི་གནས་ཡུལ་དེ་ན།
ཚ་གྲང་གི་མནར་གཅོད་མ་ནུས་སྐྱོ་སྡུག་གི་སྨྲེ་སྔགས་སྐྱོར།

ཞི་བདེའི་ཕུག་རོན་བྱམས་སེམས་དང་སྙིང་རྗེ་ཆེ་བས།
སྐྱོ་སྡུག་གི་གསང་བ་མང་པོ་རི་རབ་ཀྱི་རྩེ་རུ་བཏང་ །

གདུད་རྩུབ་ཆེ་བའི་གནམ་ཟླར་དྲོད་ཕེབས་ཀྱི་ཉམས་མདངས་རྒྱས་དུས།
ཁྱེད་རང་དཔྱིད་དཔལ་ཀྱི་ཕོ་ཉ་དང་འགྲོགས་ནས་འཕུར་ཤོག་དང་།
གནས་འདི་རུ་མཐུན་པ་སྤུན་བཞིའི་ལུགས་སྲོལ་དར་ལ།
གནས་འདི་རུ་གསར་སྐྱེས་སྨྱུ་གུ་སྐར་ཚོགས་བཀྲ།

             བྱང་སྐར་གཅིག་གི་ལས་དབང་།

དྲན་སྣང་ཀློང་ན་འཁྱགས་སིབ་སིབ་ཀྱིས་བཞུར་བའི་དལ་འགྲོ་རིང་མོ
ཁུག་པ་བརྒྱ་ཕྲག་གི་དཀའ་བ་བརྒྱུད་ལ
གྲང་ངར་གཏུམ་པོ་ཡི་བཀག་བསྐྱིལ་གཏོར་ཏེ
གཡང་གཟར རྩྭ་ཐང་ གྲོག་རོང་
བཞུར་ནས་བཞུར་དུ་འགྲོ

དགུ་ཚིགས་བྱང་ངོས་ཀྱི་སྐར་མ་འོད་ཆེན
ན་ཟུག་གི་རུམ་བྲོ་མང་པོ་འཛུམས་མདངས་ཀྱི་ལྷུང་བཟེད་དུ་བཅུག་ལ
བརྙས་དམོད་ཀྱི་གཏམ་རྒྱུད་མོད་པོ་ཞི་དུལ་གྱི་རྩྭ་ཐང་དུ་བཀྲམས་ཏེ
ནམ་ཡིན་ཡང་ཡིད་ཆེས་དང་སྤྲོ་སྣང་གིས་འཇིག་རྟེན་གྱི་ཡུལ་གྲུ་འདི་ལ་ཀེམ་ཀེམ་ལྟ

བདེན་ཏེ
དགུ་ཚིགས་བྱང་ངོས་ཀྱི་སྐར་མ་འོད་ཆེན་དེ་ནི་ཁྱེད་རང་ཡིན་ལ
ཟླ་བའི་ཕུགས་བསམ་གྱི་རེ་བཞག་འཁོར་སའང་ཁྱེད་རང་ཡིན

རྣམ་དག་གི་སེམས་པ་ལ་ལྟོག་གེ་བའི་རྣམ་ཤེས་འཁྲུངས་བའི་དུས་དེ་རིང་
དགུན་ཟླ་རྭ་བའི་ཁ་བའི་འདབ་མ་ས་གཞིས་བསྡམས་སོང་
དབྱར་ཟླ་དྲུག་པའི་མེ་ཏོག་སེར་ཆེན་བད་ཀྱིས་བཅོམ་སོང་
སྟོན་ཟླ་བརྒྱད་པའི་སྡོང་ལོ་སེར་པོ་རླུང་གིས་དེད་ལ
དཔྱིད་ཟླ་གཉིས་པའི་ཆུ་ནག་༼ཁོ་མོས༽་མི་སྡུག་པའི་ཉམས་སྟོན་རུང་
ཡིན་ན་ཡང་
བྱང་སྐར་ཁྱེད་ཉིད་སྔར་བཞིན་ནམ་མཁའི་བྱང་ཕྱོགས་ཀྱི་མཐའ་མཚམས་དེ་ན།
ཀྲོང་ངེར་འགྱིང་ལ
གསལ་ལེར་འཚེར

ལོས་ཡིན་ཏེ
བྱང་སྐར་དེ་ནི
མི་ཡུལ་འདིའི་སྐྱ་རེངས་བསུ་བའི་༼ཕོ་ཉ་༽ཐོག་མ་དང་
ས་སྒང་འདིའི་རྨོངས་མུན་དཀྲོགས་པའི་༼ཀི་སྒྲ་༽དང་པོ

བྱང་སྐར་དེ་ནི།
མི་ལུས་ལ་དྲོད་སྣང་སྦྱིན་པའི་༼ནས་ཆང་སྔོན་མོ་༽དང་
བརྩེ་བ་ལ་དྲོད་མདངས་རྒྱས་པའི་༼སྙིང་གཏམ་གསོན་པོ༽

དེ་བས
ཧི་མ་ལ་ཡའི་གཟི་བརྗིད་དང་མ་ཕམ་གཡུ་མཚོའི་སེམས་རྒྱ་བསྣམས་ཏེ
གཡུ་མདོག་གི་ལྗོངས་ཁམས་ཤིག་ལ་རེ་བ་དང་ཡིད་ཆེས་ཀྱིས
དགུ་ཚིགས་འགྲམ་ངོགས་ན་ཀྲོང་ངེར་འགྱིང་ལ
གསལ་ལེར་འཚེར

2.jpg

             བག་ཉལ་ཟིན་ཐོ།

རྒྱ་ལྕང་གི་ལོ་མ་ལྷེབ་ཆེན་གྱིས་གཉོམ་ཆུང་གི་པད་མའི་མཛེས་བ་བསྒྲུབས་ཟིན་ལ།
ངམ་ནག་གི་གྲང་ངར་རླུང་བུས་ལ་ཁའི་དར་ལྕོག་རྐྱེན་པོ་ཐལ་སོང་སྐད།
རྣམ་རྟོག་དང་ཐེ་ཚོམ། ང་རྒྱལ་དང་སྒྱིད་ལུག རང་ཉིད་དང་རང་ཉིད་ཀྱི་ཡོད་ཚད།
གཏམ་རྒྱུད་ལས་རིང་བའི་དངོས་ཡོད་ཅིག་ཏུ་རྟོག་བཟོ་བྱས་བའི་མི་བུ་འགའ།
འཇག་སྐྱ་ཡིས་ཤུར་གླུ་ལེན་པའི་སྟོང་སང་སང་གི་མཁའ་དབུགས་ཁྲོད། དལ་གྱིས་རྒྱུ།
གཡང་གཟར་གྱི་ལྷ་ཤིང་ཤུག་པའི་འདབ་ལོ་དབེན་རྐྱེན། དུས་གསར་གྱི་ལྷ་བྱ་ཁུ་བྱུག་བག་ལ་ཉལ།
ལྷུན་ཆགས་ཀྱི་རྒྱབ་རི་སྨུག་པོ་སྐྱ་ཐིང་ཐིང་། གཡང་དཀར་གྱི་ལུག་ཁྱུའི་ཚོགས་ཀྱང་བག་ལ་ཉལ།
ཆུ་བོ་བཞུར་སོང་། ལུག་ཁྱུ་ཐོར་སོང་།
ནམ་ཡང་ལྗིད་ཏིག་ཏིག་གི་གོམ་སྒྲས་ས་སྒང་འདིའི་སྒལ་ཚིགས་བགྲོད་བའི་ནོར་ནག་འགའ སྐོམ་པ་ཡི་གདུང་བས་མ་བཟོད་བྲེད་ཤ་ཐོན།
བསམ་གཞིག་དང་ལས་འགན་ལྕི་བའི་རྩྭ་ཐང་ཡངས་བོར་ཡང་ཁེར་རྐྱང་གི་རྒས་ཉམས་ཤིག་མངོན།
པད་མ་སྐམ་སོང་། ལྕི་བ་རུལ་སོང་།
ཆགས་ལྡན་གྱི་བརྩེ་བ་ཡོད་ཚད་འོད་སྣང་ལ་བརྒྱུས་བའི་དུང་ཞེན་གྱི་ཟླ་བ་དཀར་པོ།
ཁྱེད་ཀྱི་བཞིན་རས་ལ་དགའ་མོས་ཀྱི་འཛུམ་མདངས་བྲལ་བ་པདྨ་ཡི་མཛེས་སྡུག་མ་མཐོང་།
ཡང་ན། ཐན་བྱ་འུག་པའི་འག་སྒྲ་གོ་བས་ལན།
ལྷད་མེད་ཀྱི་བརྩེ་བ་ཡོད་ཚད་ང་ཚོར་འབུལ་ཟིན་པའི་མཐོ་སྒང་གི་སྦྲ་ནག་ཁེར་རྐྱང་།
གནག་སྣུམ་གྱི་འོད་དང་བྲལ་ཏེ་སྐྱ་མདོག་གི་ཕྱི་ཚུལ་མངོན་པའི་ཨོང་བ་ཡི་དྲི་བསུང་མ་ཚོར་བས།
ཡང་ན། སྒྲ་སྡུད་ལས་འོད་ཀྱིས་མཆེད་པའི་དུས་གསར་གྱི་ཅོང་སྒྲ་ཐོས་བས་ལན།
གང་ལྟར། ཕོ་ལོ་ཉི་ཤུ་བག་ལ་ཉལ་ཟིན། ཕྱིར་མིག རྗེས་དྲན། སྐྱོ་གདུང་གི་མདའ་རྩེ་རྣོ་རུང་།
འདས་སོང་གི་ལྟག་སྒོ་བཙན་གྱིས་བརྒྱབ་ཕྱིན།
ཕོ་བྲང་པོ་ཏ་ལའི་རྒྱ་ཕིབས་ལ་གཟས་ཏེ། སྨུག་ལོང་ཁྲོད་ནས་ལམ་ལ་ཆས།

             ཨ་མའི་འཛུམ་མདངས་ལྟ་བུའི་ཁ་བཏགས་དཀར་པོ་འདི།

ངས་གནའ་བོའི་ངག་རྒྱུན་ཞིག་གི་ཞབས་རྗེས་འཚོལ་བར་བརྩམ་པའི་དུས་དེ་ནས་བཟུང་།
ངས་རང་ཉིད་ཀྱི་རེ་བའི་རྟ་ཕོ་རྐང་ལམ་ཕྲ་མོ་རུ་བསྒྱུར་བ་ལྷོད་མ་མྱོང་།
བྲེ་སེར་འབྲོང་གི་ཕ་གཞིས་སུ་འབོད་པའི་སྒང་བ་བོད་ནས།
ངས་ཆོས་ལུགས་ཤིག་གི་ཚབ་མཚོན་རང་བཞིན་གྱི་རྔ་སྒྲ་དང་ཆོས་སྒྲ་ཐོས་བྱུང་།
གོམས་གཤིས་དང་ཀུན་སྤྱོད་མཐོང་སོང་།
འོད་སྣང་དང་རེ་བཞག་རྟོགས་བྱུང་།

ད་ནངས་ཞོགས་པར་ངས་འགྲན་རྩོད་ཀྱི་གོམ་ཆུང་མདུན་ལ་སྤོས་ནས།
འཆར་ཡན་ལྟ་བུའི་ཉི་འོད་ཀྱི་སྒེའུ་ཁུང་ལས་རྩྭ་ཐང་ཆེན་པོ་རྒྱང་ལྟ་བྱེད་དུས།
ལོ་དང་ཟླ་བ།
སེམས་པའི་ཕྱི་ནང་།
ཁུ་བྱུག་དང་འཇོལ་མོ།
གཟི་བརྗིད་དུ་གྲོང་ངེར་འགྱིང་བའམ་ཡང་ན་ཧྲལ་ཧྲུལ་དུ་གྱུར་པའི་གནའ་བོའི་དགོན་རྙིང་དག

ང་ནི་བཙན་པོའི་གོང་མའི་མིག་མཐའ་ནས་མཆེད་པའི་དགའ་སྐྱོ་ཡི་མཆི་མ་རྡོག་གཅིག
ངས་ནམ་ཡིན་ཡང་དུས་ཚོད་ཀྱི་རྨ་ཁ་དང་འདུ་ཤེས་ཀྱི་སྟོང་ལབ་ཁྲོད་ནས།
ཚ་ལམ་ལམ་དུ་འབར་བའི་ལོ་རྒྱུས་དང་།
སྟོང་ལབ་དེ་དག་གི་བར་གསེང་ནས་བདེན་དོན་འཚོལ་དགོས།
མེས་པོ་འཚོལ་དགོས།
ཀུན་སྤྱོད་འཚོལ་དགོས།
གོམས་གཤིས་འཚོལ་དགོས།

ག་ལེར་ག་ལེར། ཞི་བདེ་ཡི་རྟགས་མཚན་གྲུབ་པའི་དགོན་སྡེ་དེ་དག་ནས།
ཕ་སྐད་ཀྱི་བླ་སྲོག་དང་།
ཕ་མེས་ཀྱི་ལོ་རྒྱུས།
ད་དུང་མི་རིགས་ཤིག་གི་སྐད་ཡིག་དང་གཞིས་མཐུན་གྱི་སྤུན་ཟླ།
ངས་ནམ་ཡིན་ཡང་ངའི་མེས་པོ་ཡི་བཞུགས་ནས་དགོན་སྡེ་དེ་དག་ལ་སྐྱབས་སུ་བཅོལ།
ང་ཡི་ཡབ་མེས་ཀྱི་དད་ས།
ང་ཡི་ཕ་ལོ་ཡི་གུས་ས།
ང་ཡི་མ་ལོ་སྐྱབས་གནས།

ཨ་མའི་འཛུམ་མདངས་ལྟ་བུའི་ཁ་བཏགས་དཀར་པོ་འདི།
ངས་རང་ཉིད་ཀྱི་རྒྱགས་ཕྱེ་ཞིག་དང་རུས་རྐང་གི་མཆོད་མེ་ཞིག་ཏུ་བསྒོམས་ནས།
རྩྭ་ཐང་གི་དཀྱིལ་དབུས་དང་།
སྦྲ་ནག་གི་འདབས་རོལ་ནས།
མི་རབས་ཤིག་གི་དད་འདུན་གྱི་དགེ་འདུན་པའི་དགོན་སྡེ་འཚོལ་དུ་ཕྱིན།
ངས་ངེས་པར་འཚོལ་གདོས།
ངས་ངེས་པར་རྙེད་དགོས།
ངས་ངེས་པར་རྙེད་དགོས།

ཨ་མའི་འཛུམ་མདངས་ལྟ་བུའི་ཁ་བཏགས་དཀར་པོ་འདི་བཟུང་ནས།
ང་ཚོ་མདུན་དུ་བསྐྱོད།
ང་ཚོས་འོད་སྣང་ཅིག་གི་སྣེ་མོ་ནས་བཟུང་སྟེ་མདུན་དུ་བསྐྱོད།
ཨ་མའི་འཛུམ་མདངས་ལྟ་བུའི་ཁ་བཏགས་དཀར་པོ་འདི།
ང་ཚོས་ཁྱེད་ལ་ཕུལ་བའི་ལྷ་དར་ཡིན།
ང་ཚོས་དྲན་གདུང་གི་གླུ་དབྱངས་ལེན་བཞིན་མདུན་དུ་བསྐྱོད།
ཨ་མའི་འཛུམ་མདངས་ལྟ་བུའི་ཁ་བཏགས་དཀར་པོ་འདི།
ང་ཚོས་ཁྱེད་ཉིད་མཇལ་བའི་མཇལ་དར་ཡིན།

དབྱངས་གསལ་གྱི་མེ་ཏོག་གང་ས་ནས་བཞད་པའི་ཕྱིར།
མེས་པོའི་གོམས་གཤིས་མ་ཡལ་བའི་དགོན་སྡེ་དེ་དག་ཏུ།
ང་ཚོས་ལོ་རྒྱུས་ཀྱི་དང་འབྱུང་འགྱུར་གྱི་ན་བུན་དབྱངས་སུ་གྱེར་བཞིན་པའི།
རྨི་ལམ་དང་རེ་བཞག་ཁྲི་འབུམ་ཁྱེར་ནས།
ཕ་ཁྱིམ་དང་མ་གཞིས།
གཏན་དུ་འཇིགས་པ་མེད་པའི་མི་རིགས་ཤིག་གི་ཚེ་སྲོག
ཕ་སྐད་དེ་གཏན་དུ་འཇིགས་མི་སྲིད་པའི་ཆེད་དུ།
ཨ་མའི་འཛུམ་མདངས་ལྟ་བུའི་ཁ་བཏགས་དཀར་པོ་འདི་སྐྱེས་སུ་འབུལ།

3.jpg

             སྨུག་སྤྲིན་མཐུག་པོའི་འོག་གི་བསམ་གཞིགས།

ངའི་མདུན་ཕྱོགས་སུ་སྨུག་སྤྲིན་གྱིས་འཚང་ཁ་རྒྱག་བཞིན་འདུག
ང་འགྲོ་སའི་ལམ་དང་། ང་འཁོར་སའི་ཕྱོགས། ཆ་མི་གསལ།
ངས་ཡུན་རིང་ཞིག་ལ་མིག་ཟུང་འབུར་ཚུགས་སུ་བལྟས་མོད།
ངས་ང་འགྲོ་ས་དེ་རྙེད་མ་བྱུང་། སྨུག་སྤྲིན་དེ་ཡལ་རག་བར་དུ།

ངའི་རྒྱབ་ཕྱོགས་ན་མང་པོ་ཞིག་གིས་བདའ་ནས་ཡོང་བཞིན་འདུག
ངས་ཅིས་ཀྱང་འགྲོ་ས་དེ། ཁ་ཕྱོགས་དེ། ནོར་མི་ཉན།
རླུང་བུ་ཞིག་ལ་ངང་སྒུག་བྱེད་པ་པའམ་ཡང་ན་སྨུག་སྤྲིན་དེ་ཇེ་མཐུག་དུ་འགྲོ་བར།
ཡང་ན་ངས་འགྲོ་ས་རྙེད་ལ། ཡང་ན་ཡོད་ཚད་ཀྱིས་ཁ་ཕྱོགས་རྙེད་མི་སྲིད།

བྲེལ་འཚུབ་གྱི་སྣང་བ་ལས་མ་ཡིན་ན། ངའི་རྣ་ལམ་དུ་མ་ཎི་ཡིག་དྲུག་གི་གསུངས་དེ།
རྒྱང་རིང་ནས་ཇེ་ཉེ་ཇེ་ཉེ། འོ་ཤེས་སོང་། ད་ནི་རླུང་བུ་ལྡིང་བྱུང་།
རང་གིས་རིག་པ་ཡོད་ཚད་སྟོབས་སུ་སྒྲིམ་ནས་གྲ་སྒྲིག་ཚགས་སུ་ཆུད།
རྒྱབ་ཕྱོགས་ཀྱི་དེ་ཡང་རྨ་བྱས་འབྲུག་སྒྲ་ཐོས་པ་ཅི་བཞིན་ཡོང་བར་རྩོམ།

ད་ནི་ངོ་མ་མི་ཡུལ་གྱི་འགྲན་རྩོད་དེ། དུས་ཚོད་སྐར་ཆ་ཡིན་ཡང་རིན་ཐང་ཆེ་བ་ཤེས།
སྨུག་སྤྲིན་སྟུག་པོ་དེ་རིམ་གྱིས་མཐོ་སར་བཀྱགས་ནས་མི་སྣང་བར་གྱུར།
ངས་ཁ་ཕྱོགས་ཤིག་འཐེན་ནས་འཁུར་རྩ་དེ་ཁྱེར་ནས།
ཕྱིར་འཁོར་མེད་པར་རྒྱང་བཞུད་དུ་ཆས།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།