གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆབ་གཡུ་མེའི་སྙན་ངག་ཕྱོགས་བསྒྲིགས།

2015-11-05 13:39:14 ཆབ་གཡུ་མེ། ཀློག་གྲངས། མཆན ཡོད།

QQͼƬ20151105114537.jpg

              ན་བུན།

རྨི་ལམ་ཟ་ཟིའི་ན་བུན།།
རི་བོའི་ཐོང་གར་འཐིབས་སོང་།།
རི་མགོའི་སྨུག་པའི་མེ་ཏོག།
གཙང་པོའི་འཁྲིས་ནས་གད་ཡོད།།
ང་ཡི་རི་ལུང་ཐང་གསུམ།།
གཙང་པོའི་རླབས་ཀྱིས་བྲིས་སོང་།།
འཚོ་བའི་ལམ་ཕྲན་དག་ཏུ།།
མིག་མེད་སྣང་བའི་རི་མོ།།
བརྡ་ཡིག་ཚུལ་དུ་ཕབས་ཡོད།།
ཚོར་བའི་ཕྱི་ནང་དབར་གསུམ།།
སྤྲོ་དགའི་རྟོག་འགྱུ་སྣ་ཚོགས།།
དབྱར་གྱི་སྦྲ་ཆར་འབབ་འབབ།།
དགུན་གྱི་རླུང་བུ་ལྡང་ལྡང་།།
བཞིན་རས་དེ་ཡི་ངོས་ནས།།
འཛུམ་པའི་ཚེམས་དཀར་ཚེས་བྱུང་།།

                            2015  4  2
  
             ཚོར་བ་སྣ་ཚོགས།

རླུང་བུ་ངར་མ་གཡུགས་པའི་ཤུལ།།
ཡིད་ཀྱི་དྲན་པ་ཡོམ་ཡོམ་འཐོར།།
དྲན་པ་བསྣམས་པའི་རྦ་རླབས་ཀྱིས།།
བྱེ་མའི་ཐང་གི་ཁྱེད་ཉིད་ཁུར།།
རྨི་ལམ་འཚོལ་བའི་རི་གྲོང་ནས།།
རྨི་ལམ་རྙེད་པའི་གོ་རིམ་གྱིས།།
གློག་འགྱུ་ཆར་སྨག་སྟབས་གཅིག་ཏུ།།
ཟླ་བའི་གདོང་ལ་མཉམ་གྱིས་འཚངས།།
འོ་སྐོལ་འདུ་བའི་འཁོར་བའི་མལ།།
ཁྱེད་ཉིད་ཁོ་ནས་གཉེར་མིན་པས།།
ལས་སྐལ་ཨ་ལོང་ཟད་པའི་ཚེ།།
རྨི་ལམ་མོག་མོག་ཉིད་དུ་འགྱུར།།
དབེན་པའི་མཚན་མོར་ལྟ་བའི་དུས།།
དགའ་སྡུག་དྲན་པ་སྣ་ཚོགས་ཀྱིས།།
སྙན་ངག་སྣ་ཚོགས་ཆར་ལྟར་བབས།།

                            2015 4 1
QQͼƬ20151105114529.jpg

             སེམས་འགྱུ།

ཕ་མའི་བྱམས་བརྩེས་གཉོར་བའི་རི་གྲོང་ནས།།
གཟུགས་མེད་ཡིད་ཀྱི་ན་ཟུག་ཟབ་མོ་འདི།།
ཁ་བའི་རླུང་ལ་བསྐུར་ཡང་གམ་དུ་ཐོན།།
རྒྱུས་མེད་རྒྱ་གྲོང་གསེང་གི་ཁེར་བཞུད་མས།།
རང་གི་གྲིབ་མས་རང་ཉིད་བརྐྱངས་ནས་སོང་།།
དྲན་པའི་གཤོག་པ་སྙན་ངག་གླིང་དུ་བརྐྱངས།།
སྐྱོ་བ་ངུ་མ་དགོད་ཀྱིས་རྒྱང་ལ་བོས།།
འབོད་པའི་བར་ཐག་རི་ཆུ་མང་དྲགས་པས།།
ངུ་ངག་གཉོམ་པོ་སྤྲིན་དང་རླུང་བུས་ཁྱེར།།
སྐྱོ་བ་དེ་ཡི་དྲོད་ཐིག་འཇམ་པོ་ཞིག།།
རང་གིས་རང་ལ་མི་སྟེར་ཁག་མེད་བྱུང་།།
སྨྲེང་བ་ཟབ་མོ་ཡར་གཡུག་རླུང་ལ་བསྐུར།།
སེམས་ལ་བདོག་པའི་ངལ་བ་ཡོད་ཚད་དེ།།
དྭངས་གཙང་ཆུ་མོའི་ངོགས་ལ་བྲིས་ནས་ཡོད།།
རྨི་ལམ་ཞིག་གི་རྒྱབ་མདུན་འཚོལ་བ་ན།།
ལམ་བུ་ཞིག་གི་དཀྱོགས་མཚམས་བརྒལ་ན་འདོད།།

                                  2015   3   30
             མདང་ནུབ།

སྒེའུ་ཁུང་མཐོངས་ནས་ནམ་མཁའི་བཞིན་རས་མཇལ།།
རྒྱུ་སྐར་འོད་ཀྱི་མཛེས་པ་སྙིང་ཁར་བབས།།
ཟུར་གསུམ་སྙིང་ལ་བྲིས་པའི་རི་མོའི་གཟུགས།།
ཞོགས་པའི་སྐྱ་རེངས་སྣེ་ལ་ངང་གིས་བརྐྱངས།།
ཀྱེ་མ་ས་མཐའ་སྐྱོ་བའི་གྲིབ་གཟུགས་འདི།།
སྐྱོ་བའི་སྐྱོ་གྲོགས་སྙན་ངག་ཁོ་ནར་བཅོལ།།
ཡིད་སེམས་འགུལ་བའི་གཞས་ཆུང་མ་སྙན་རུང་།།
ཡིད་ཀྱི་གདུང་བ་ཁད་ཀྱིས་གསོ་ནུས་སོ།།
འདས་དོན་དྲན་ནས་སྐྱོ་གླུ་ལེན་པ་དང་།།
ཕུགས་བསམ་གླེང་སྟེ་ལྗགས་སྣེ་འདར་བ་ཡི།།
མི་ཚེའི་དཔྲལ་བར་བྱིལ་བྱིལ་གཏོང་མཁན་གྱི།།
རི་ཁུད་མི་ཡི་རིགས་པ་སྙིང་ནས་དུངས།།

                           2015  5   1
       
             བྲེལ་བ།

སེམས་པའི་སྡོང་ལོའི་ངོས་ལ།།
ཆར་རླུང་དྲག་པོ་ལྡང་བྱུང་།།
སྒེའུ་ཁུང་ཕྱི་ཡི་ཟླ་འོད།།
ཆུ་ཐིགས་གཅིག་ཏུ་གྱུར་སོང་།།
སྤྲིན་དང་འདྲ་བའི་རྨི་ལམ།།
ལན་ཅིག་རྨིས་པའི་རྗེས་ནས།།
ནམ་མཁའི་དབྱིངས་སུ་ཡལ་ཐལ།།
གཅིག་པུར་ཉུལ་བའི་བྱེའུ་ཆུང་།།
འགྲོ་འདུག་གོམ་པའི་བར་ནས།།
སེམས་ལ་བྲེད་པོ་ཐོན་འདུག།
རྨི་ལམ་འཁྲུལ་འཁྲུལ་ཞིག་གིས།།
གཉིད་ཀྱི་དྭངས་མ་ཁྱེར་སོང་།།
ཐོ་རེངས་སྐར་ཆེན་ངོགས་ལ།།
དམ་བཅའ་རི་མོ་བྲིས་བཞག།
སྐར་མར་སེམས་ཤིག་ཡོད་ན།།
རི་མོ་གསུབ་ཏུ་མ་འཇུག།
   
                   2015  5  12
QQͼƬ20151105114519.jpg

            ཚོར་བ་རང་ཡན་པ།

མཚན་ལྗོངས་ལྷིང་ཞིང་འཇགས་པའི་དུས་ཚོད་ཁྲོད།།
རླུང་བུའི་རྒྱུ་བ་གྲང་ཞིང་གློག་འོད་འཚུབས།།
ང་རང་རྨི་ལམ་འཇམ་པའི་ཆུ་འགྲམ་དེར།།
མི་མེད་སྐར་མ་ཁྲི་སྟོང་མང་པོའི་བར།།
སྐྱོ་སྣང་སེམས་པ་དམར་པོས་ཡང་ཡང་བལྟས།།
འཚོལ་སྙེག་གད་རྒྱངས་གྲགས་པའི་དུས་དེ་རུ།།
མི་ཚེའི་མར་མེ་རྐང་གཅིག་རི་ལ་བསྒྲོན།།
རི་ཆུའི་གཡང་གཟར་མང་པོ་ང་ཡིས་བརྒལ།།
གོ་མཐོང་མེད་པའི་གོམ་སྒྲ་མང་པོ་ཞིག།།
དུས་ཀྱི་གཡོ་འགུལ་མཚམས་སུ་དེ་ལྟར་ཟད།།
ཡིད་ཀྱི་གཏད་སོ་བས་མཐར་བསྐྱལ་བ་ཡིས།།
མི་འདོད་ན་བུན་དེ་དག་མཁའ་ལ་འཕྱུར།།
རེ་ཞིང་བསྒུགས་པའི་རྨི་ལམ་ཟེར་བ་དེ།།
དུས་ཀྱི་ན་བུན་ཀློང་ནས་ང་ཡིས་རྙེད།།

                      2015.10.27
            
             ཞེན་ཁམས།

དྲན་པས་མ་ཟིན་རླུང་གིས་སྤུར་བའི་སེམམ།།
ཡིད་ཀྱི་ན་བུན་ཀློང་ནས་དངོས་སུ་ལངས།།
སེམས་ཀྱི་མེ་ཏོག་དཀར་དམར་ཤར་བའི་མདངས།།
བསྐྱོད་པའི་གོམ་སྒྲའི་སྣེ་ནས་ཧ་ཅང་གསལ།།
གཉིད་ཀྱི་རྨི་ལམ་བཏང་བའི་བར་སྐབས་ཤིག།
དྲན་འཛིན་སྣེ་མོ་ཟླ་བའི་འགྲམ་ན་ཐོན།།
ཉི་ཟླ་ལྟ་བུའི་རྨི་ལམ་གསལ་བོ་ཞིག།
གཉིད་ཀྱི་བར་གསེང་རེ་ནས་དལ་བུར་ཐོན།།
མི་ཚེའི་ཨ་ལུང་རི་མོ་རི་རྒྱབ་བརྐོས།།
ཆུ་ཆེན་བརྒྱལ་ཐབས་བྲལ་བའི་རི་ལ་འཛེགས།།
རི་མགོའི་སྨུག་པའི་གསེང་ནས་ལག་ཟུང་བརྐྱངས།།
སྤྲིན་པ་ཐོག་ས་མེད་པས་ཕྱིར་ལ་ལོག།
སྣང་ཞེན་མེ་ཏོག་སྙན་ངག་ཅིག་ཏུ་བྲིས།།
ཡིད་ཀྱི་འཆར་སྣང་གསལ་ལ་མི་གསལ་བ།།
བས་མཐའི་ཉི་འོད་ཀློང་ན་གཅིག་པུ་འཚོས།།
ཡིད་ལ་འགུལ་བའི་ལྗོན་པ་ཡང་མོ་ཞིག།
དུས་ཀྱིས་བརྒལ་བའི་ཆུ་བོའི་འགྲམ་ན་འཐོར།།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།