གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མོག་བུ་ཡེ་ཤེས་སྐྱབས་ཀྱི་བྱིས་པའི་གླུ་ཚིག་གཅེས་བཏུས།

2016-01-07 11:36:23 མོག་བུ་ཡེ་ཤེས་སྐྱབས། ཀློག་གྲངས། མཆན ཡོད།

IMG_1461.JPG

མོག་བུ་ཡེ་ཤེས་སྐྱབས་ནི《གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་ཡིན་པ་དང་ད་ལྟའི་བར་དུ《སྦྲང་ཆར》དང《གངས་རྒྱན་མེ་ཏོག》 《ཟླ་ཟེར》 《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》 《ཁྲིམས་ལུགས་ཚགས་པར》སོགས་སུ་སྙན་ངག་དང་ལྷུག་རྩོམ་བརྒྱ་གྲངས་ཤིག་སྤེལ། 


                      ནེའུ་སོ་ཨོང་རིལ།

ནེའུ་སོ་ཨོང་རིལ། གཡའ་མ་སྔོ་རིལ།
གཡས་ལ་ཡོན་ཡོན།  གཡོན་ལ་འགུལ་འགུལ།
ཨོ།  ཉི་ཤར་དང་པོའི་ཨ་མ་ཉི་མ། ཨ་མ་ཉི་མ་དྲོ་དྲོ།
ནེའུ་སོ་ཨོང་རིལ་ཁྱེད་སྟེར།  དུང་སོ་དཀར་མོ་ང་བྱིན།
དུང་དཀར་མོའི་བར་ནས།  ཀ་ཁ་ག་ང་འདོན་དགོས།

ནེའུ་སོ་ཨོང་རིལ། གཡའ་མ་སྔོ་རིལ།
ནང་ལ་གུག་གུག ཕྱི་ལ་དགྱེ་དགྱེ།  
ཨོ།  ཉི་ཤར་དང་པོའི་ཨ་མ་ཉི་མ། ཨ་མ་ཉི་མ་དྲོ་དྲོ།
ནེའུ་སོ་ཨོང་རིལ་ཁྱེད་སྟེར།  དུང་སོ་དཀར་མོ་ང་བྱིན།
དུང་སོ་དཀར་མོའི་བར་ནས།  ཨི་ཨུ་ཨེ་ཨོ་འཁྱོངས་དགོས།

ནེའུ་སོ་ཨོང་རིལ། གཡའ་མ་སྔོ་རིལ།
ཁྱི་སོ་ར་སོ། ར་སོ་ཁྱི་སོ།
ཨོ།  ཉི་ཤར་དང་པོའི་ཨ་མ་ཉི་མ། ཨ་མ་ཉི་མ་དྲོ་དྲོ།
ཁྱི་སོ་ར་སོ་ཁྱེད་སྟེར།  དུང་སོ་དཀར་མོ་ང་བྱིན།
དུང་དཀར་མོའི་བར་ནས།  དབྱངས་གསལ་སོ་བཞི་གྱེར་དགོས།

                       ཁ་བའི་ནང་གི་ཟོག་རྫི།

ནོར་ཁྱུ་ཁ་བར་མ་ཐོགས།  ཁ་བར་རྨིག་རྗེས་བཞག་ནས་རི་ལ་ཞོགས།
ཁ་བའི་ནང་གི་བྱིས་པ།  བྱིས་པ་ནོར་རྫི།
ཡར་ལ་གོམ་གང་སྤོས་ན།  མར་ལ་གོམ་གསུམ་ཤུད་འོངས།
ཁ་བ་རྡོག་རྡོག་ལག་པའི་ནང་ནས་ཞུ།
ལག་ནས་ཞུ་བའི་ཁ་བ།  མིག་ཆུ་དང་འདྲེས་སོང་།

ལུག་ཁྱུ་ཁ་བར་མ་ཐོགས།  ཁ་བར་རྨིག་རྗེས་བཞག་ནས་གཞོང་ལ་ཞོགས།
ཁ་བའི་ནང་གི་བྱིས་པ། བྱིས་པ་ལུག་རྫི།
ཕར་ལ་གོམ་གང་སྤོས་ན། ཐང་ལ་ལན་གསུམ་འགྲིལ་ཡོང་།
ཁ་བ་རྡོག་རྡོག་པགས་སྩག་རུམ་ནས་ཞུ།
རུམ་ནས་ཞུ་བའི་ཁ་བ།  རྔུལ་ཆུ་དང་འདྲེས་སོང་།

ནོར་ལུག་ཁ་བར་མ་ཐོགས།  རྨིག་རྗེས་ཁ་བར་བཞག་ནས་སོ་སོར་ཞོགས།
ཁ་བའི་ནང་གི་བྱིས་པ།  བྱིས་པ་ཟོག་རྫི།
སྒང་ནས་ནོར་ཁ་བླངས་ན།  གཞོང་ནས་ལུག་ཁྱུ་ཞོགས་འགྲོ།
ཁ་བ་རྡོག་རྡོག་ལྷམ་གྱི་ནང་ལ་འགྲིལ།
ལྷམ་ནང་འགྲིལ་བའི་ཁ་བ།  རུས་པའི་རྐང་ལ་ཟུག་སོང་།

                      ང་ཡི་རྟ་དང་ང་ཡི་འབྲི།

ཨ་ཕས་རྟ་ཕོ་སྒ་ཆས་བྱས་ནས།
བུ་ཆུང་བུ་ཆུང་རྟ་ཕོ་ག་རེ་དྲིས་བྱུང་།
ང་ཡིས་དཔེ་ཆའི་ངོས་ཀྱི་ཡི་གེ་བསྟན་ནས།
ཨ་ཕ་ཨ་ཕ་ང་ཡི་རྟ་ཕོ་འདི་ཡིན་ཞུས།
ཨ་ཕའི་ཞལ་ངོ་འཛུམ་བྱུང་།
བུ་ཆུང་ཀ་ཁའི་རྟ་ལ་ཞོན་དང་བྱང་ལམ་ཆོད་ཡོང་གསུངས་བྱུང་། 

ཨ་མས་ནོར་ཁྱུ་ལྷས་ལ་བསྐོར་ནས།
བུ་མོ་བུ་མོ་འབྲི་མོ་ག་རེ་ཞུས་བྱུང་།
ང་ཡིས་དཔེ་ཆའི་ངོས་ཀྱི་ཡི་གེ་བསྟན་ནས།
ཨ་མ་ཨ་མ་ང་ཡི་འབྲི་མོ་འདི་ཡིན་ཞུས།
ཨ་མའི་ཞལ་ངོ་འཛུམ་བྱུང་།
བུ་མོ་ཀ་ཁའི་འབྲི་མོ་བཞོས་ན་རང་མགོ་ཐོན་ཡོང་གསུངས་བྱུང་།

                      བྱིས་པ་རྐང་རྗེན།

རྡེའུ་གཅིག  རྡེའུ་གཉིས། རྡེའུ་གསུམ།
རྡེའུ་ལ་རྡེའུ་དང་པོ།  རྡེ་འུ་ནག་ཆུང་རྭ་རིང་།
གྭ་བ་རྭ་རིང་ཁྱེད་ཡིན། བཙན་གྱི་དཔུང་ཡ་ཁྱེད་ཡིན།
རྭ་རྟིང་གོར་མོ་འཁྲུངས་ཡོད། གོར་མོ་འབྲོང་གི་རྭ་ཅོ།
རྭ་སྣེ་རྣོན་པོ་འཁྱོངས་ཡོད།  རྣོན་པོ་གྲི་ཡི་སོ་ཁ།
ཨོ།  ང་ནི་བྱིས་པ་རྐང་རྗེས།
རྡེའུ་རྡང་ལ་བཏགས་ཡོད།  གྭ་བ་རྭ་རིང་བཏགས་ཡོད།

རྡེའུ་གཅིག  རྡེའུ་གཉིས།  རྡེའུ་གསུམ།
རྡེའུ་ལ་རྡེའུ་གཉིས་པ།  རྡེ་འུ་རྐྱང་དམར་རྔོག་ནག
རྐྱང་རྒོད་གཡེར་བ་ཁྱེད་ཡིན།  ཐག་རིང་ལམ་གྲོགས་ཁྱེད་ཡིན།
རྔ་རྔོག་ཡག་པོ་སྐྱེས་ཡོད།  ཡག་པོ་སྤྲིན་གྱི་ཡོ་ལང་།
གོམ་ལག་མགྱོགས་མོ་བྱུང་ཡོད།  མགྱོགས་མོ་རླུང་ནག་འཚུབ་མ།
ཨོ།  ང་ནི་བྱིས་པ་རྐང་རྗེས།
རྡེའུ་སྤང་ལ་བསྟད་ཡོད།  རྐྱང་རྒོད་སྤང་ལ་བསྟད་ཡོད། 

རྡེའུ་གཅིག  རྡེའུ་གཉིས།  རྡེའུ་གསུམ།
རྡེའུ་ལ་རྡེའུ་གསུམ་པ།  རྡེ་འུ་དཀར་རིལ་གཡང་འཁྱིལ།
གྭ་མ་དུང་མགོ་ཁྱེད་ཡིན། གཡང་གི་རུ་མ་ཁྱེད་ཡིན།
བལ་མགོ་ཁ་ཆུ་འཁྱིལ་ཡོད། ཁ་ཆུར་མདུད་པ་བརྒྱབ་ཡོད།
བལ་རྟིང་རི་མོ་འཁྲུངས་ཡོད།  རི་མོ་ཡག་པོ་བྱུང་ཡོད།
ཨོ།  ང་ནི་བྱིས་པ་རྐང་རྗེས།
རྡེའུ་འུར་ཆས་བཀུག་ཡོད།  གཡང་དཀར་ལྷས་སུ་བསྐྱིལ་ཡོད།

                        བརྒྱད་པ་ཁ་ཤོ།

བརྒྱད་པ་ཁ་ཤོ།   བརྒྱད་པ་ཁ་ཤོ།   བརྒྱད་པ་ཁ་ཤོ་ནོར་རྫི་ཡིན།
སྤང་གཞོང་པང་གི་མེ་ཏོག་ལས་ཀྱང་ཆུང་བའི་བརྒྱད་པ་ཁ་ཤོ།
ཉི་མས་རི་མོ་ཕབ་པའི་མཁུར་ཚོས།  དམར་ལ་ནག་མདངས་རྒྱས་ཡོད།
བརྒྱད་པ་ཁ་ཤོ། བརྒྱད་པ་ཁ་ཤོ།
ནོར་མགོ་མ་འབྲོང་ལ་འདྲེས་ཐལ།  རི་ལ་རྒྱུགས།
བརྒྱད་པ་ཁ་ཤོ། བརྒྱད་པ་ཁ་ཤོ།
ནོར་གཞུག་མ་གཞན་ལ་འདྲེས་ཐལ།  གཞོང་ལ་བོབས།
བརྒྱད་པ་ཁ་ཤོ།  དཔུང་བ་དམར་རྗེན་ལས་ལྷུང་བའི་རྔུལ་ཆུ་རྐང་འདབ་ལ་འཐོར་ཡོད།

བརྒྱད་པ་ཁ་ཤོ། བརྒྱད་པ་ཁ་ཤོ།  བརྒྱད་པ་ཁ་ཤོ་ནོར་རྫི་ཡིན།
ཁ་བའི་གསེབ་ཀྱི་རྐང་རྗེས་ལས་ཀྱང་ཆུང་བའི་བརྒྱད་པ་ཁ་ཤོ།
ཙག་གིས་རི་མོ་ཕབ་པའི་ལག་གཞིའུ།  མདར་ལ་ནག་མདངས་ཆགས་ཡོད།
བརྒྱད་པ་ཁ་ཤོ། བརྒྱད་པ་ཁ་ཤོ།
ནོར་མགོ་མ་རི་ལ་འགོས་ཐལ།  རི་ལ་རྒྱུགས།
བརྒྱད་པ་ཁ་ཤོ། བརྒྱད་པ་ཁ་ཤོ།
ནོར་གཞུག་མ་གཞོང་ནས་ལུས་ཐལ། གཞོང་ལ་བོབས།
བརྒྱད་པ་ཁ་ཤོ།  པགས་སྩག་གི་འདབ་ཁ་ནས་ལྷུང་བའི་རྔུལ་ཆུ་རྐང་རྗེས་ལ་ཟུག་སོང་།

                         བེའུ་རྫི།

བེའུ་རྫི། བེའུ་རྫི། བེའུ་རྫི།
བེའུ་རྫི་མང་པོ་མཉམ་དུ་འཛོམ།
མཉམ་དུ་འཛོམ་ནས་སྒང་ལ་རྒྱུག།
མེ་ཏོག་བཏོགས་ནས་ཕན་ཚུན་སྐྱེས་སུ་ཕུལ།
བུང་བ་བདའ་ནས་སུ་ལ་སུ་མགྱོགས་འགྲན།
བེའུ་རྫི། བེའུ་རྫི། བེའུ་རྫི།
འཛུམ་མདངས་དམུལ་དམུལ་ཡུལ་ལ་ལོག།
ཨ་མས་དབུལ་ལ་བྱིལ་བྱིལ། དབུ་ལ་བྱིལ་བྱིལ་གནང་ཞོར།
མེ་ཏོག་མ་བཏོགས་གསུངས། མེ་ཏོག་བཏོགས་ན་སྐྱེ་གཟུགས་མི་སྐྱེ་གསུངས།
ཨ་མས་དབུ་ལ་བྱིལ་བྱིལ། དབུ་ལ་བྱིལ་བྱིལ་གནང་ཞོར།
བུང་བ་མ་བདའ་གསུངས།  བུང་བ་བདའ་ན་ཚེ་ཐག་མི་རུང་གསུངས།

བེའུ་རྫི། བེའུ་རྫི། བེའུ་རྫི།
བེའུ་རྫི་མང་པོ་མཉམ་དུ་འཛོམ།
མཉམ་དུ་འཛོམས་ནས་གཞོང་ལ་རྒྱུག
རྡེའུ་འཐུས་ནས་ཕན་ཚུན་སྐྱེས་སུ་བཏེགས།
སྦལ་བ་བདའ་ནས་སུ་ལ་སུ་མགྱོགས་འགྲན།
བེའུ་རྫི། བེའུ་རྫི། བེའུ་རྫི།
དབུགས་ཆུང་ཧལ་ཧལ་ཡུལ་དུ་ལོག
ཨ་མས་དབུ་ལ་བྱིལ་བྱིལ། དབུ་ལ་བྱིལ་བྱིལ་གནང་ཞོར།
རྡེའུ་མ་འཐུ་གསུངས།  ས་རྐོ་རྡོ་ལོག་ལྷ་ཀླུར་འགྲས་འགྲོ་གསུངས།
ཨ་མས་དབུ་ལ་བྱིལ་བྱིལ། དབུ་ལ་བྱིལ་བྱིལ་གནང་ཞོར།
སྦལ་བ་མ་བདའ་གསུངས།  སྦལ་བ་བདའ་ན་ཚེ་ཐག་མི་རིང་གསུངས།

                        བེའུ།

བེའུ། བེའུ། བེའུ།
ག་ལེར་རི་ལ་ཞོགས་འགྲོ།
ག་ལེར་གཞོང་ལ་བབས་ཡོང་།
རྐང་ལག་ཀྲབ་ཀྲབ། ཁྱེད་ཀྱི་རྗེས་སུ་བརྒྱུགས།
ནེའུ་སྐྲ་ལྡེམ་ལྡེམ།  ཁྱེད་ཀྱི་རྗེས་སུ་བརྒྱུགས།
ཁྱེད་རང་རྒྱུགས་ཐེངས་གཅིག་གིས།  ང་ཡི་སྟོབས་ཤུགས་ཟད་འགྲོ།
ཁྱེད་ཀྱི་རྗེས་ལ་བལྟས་ནས། ངུ་ངག་དབྱངས་ལ་གྱེར།
སྦུབས་སུ་འགྱེལ་ནས་ཐང་ལ་ཨ་འབྲད་བྱོས། སྐྲ་དང་ལག་པར་སོ་ཡིས་ཡང་ཡང་འཆོས།
ཁྲོ་བའི་ཞེ་སྡང་།  ཁྲོ་བའི་ཞེ་སྡང་རང་གིས་རང་ལ་བཀོལ།

བེའུ།  བེའུ།  བེའུ།
ལན་རེར་མེ་ཏོག་ཁུད་ནས་ཉལ།
ལན་རེར་ནོར་ལྡང་མཚམས་ནས་ཉལ།
རྐང་འཇབ་ལག་འཇབ། ཁྱེད་ཀྱི་གམ་དུ་ཡོང་།
མིག་ཟུང་ཀེམ་ཀེམ།  ཁྱེད་ལ་བྱིལ་བྱིལ་བྱས།
ཁྱེད་རང་འདྲོགས་ཐེངས་གཅིག་གིས།  ང་ནི་ས་ལ་བསྒྱེལ་འགྲོ།
ལག་གཞིས་ཁྱེད་ལ་བསྲིངས་ནས། ཅུ་གུ་དབྱངས་ལ་གྱེར།
ལག་པ་བསྲིངས་ནས་ཁྱེད་ལ་བྱིལ་བྱིལ་བྱས།  ལག་པའི་མཛུབ་ཆུང་ཁྱེད་ལ་ནུ་རུ་བཅུག
དགའ་བའི་སྙིང་གཏམ།  དགའ་བའི་སྙིང་གཏམ་ཁྱེད་ཀྱི་རྣ་བར་བསྒྲོན།

བེའུ།  བེའུ།  བེའུ།
ལན་རེར་ཁོ་བོ་དགོད་དུ་བཅུག
ལན་རེར་ཁོ་བོ་ངུ་རུ་བཅུག
ངུ་བཞིན་དགོད་ཀྱིན།  འུ་གཉིས་མཉམ་དུ་སྐྱེས།
ངུ་བཞིན་དགོད་ཀྱིན།  ཁྱེད་ལ་ཕྱི་མིག་བཞག
ཁྱེད་ལ་ཕྱི་མིག་བཞག་ནས་ང་ནི་རྒྱང་དུ་ཆས།  རྩེད་ཆས་སྣ་ཚོགས་གྲོང་དང་མཁར་ནས་ཉོས།
ལོ་ཟླ་མང་པོ།  ཁྱེད་ཉིད་དྲན་ཤིང་བྱས།

                          ཨ་ཕོ་གཡང་རྫི།

སྟོང་ལུག་རི་ལ་འགོས།  རི་ནས་སྤྲིན་ལ་འདྲེས།
ཉི་ནུབ་ཀྱི་དུས་སུ།  གཡང་རྫིས་ཀི་རིང་གཅིག་གིས་གཡང་ལ་སྤྲིན་དང་བཀར།
གཞོང་ལ་བབས་ནས་ཡོང་།  ཡུལ་ལ་འཁོར་ནས་ཡོང་།
གཡང་ལ་སྟོང་གི་སྲུང་།  ཨ་ཕོ་གཡང་རྫི་ཉལ་ནས་བསྡད་ན།
གཡང་ལ་འཁོར་ནས་ཡོང་།

སྟོང་ལུག་སྤང་ལ་བཀྲམ།  སྤང་ནས་དགོ་ལ་འདྲེས།
ཉི་ནུབ་ཀྱི་དུས་སུ།  གཡང་རྫིས་འུར་རྡོ་གཅིག་གིས་གཡང་ལ་དགོ་དང་བཀར།
ལུག་རྫི་བསྙེགས་ནས་ཡོང་།  ལྷས་ལ་འཁོར་ནས་ཡོང་།
གཡང་ལ་སྟོང་གི་སྲུང་།  ཨ་ཕོ་གཡང་རྫི་ཉལ་ནས་བསྡད་ན།
གཡང་ལ་འཁོར་ནས་ཡོང་།

                        འཇའ་ཚོན་འཛིན་པའི་བྱིས་པ།

ཆར་བ་ཟམ་ཟིམ།  སྐྲ་ལོ་བརླན་ནས་ང་ཡི་མིག་ཀོང་དུ་བབས་བྱུང་།
ང་ཡི་སྐྲ་ལོ་འདྲ་བའི་བེའུ་དག་གི་སྤུ་རིས་ཤིག་ཤིག
ངུར་དབྱངས་རྒྱང་ནས་འཐེན་ཏེ་འབྲི་མོའི་ཕྱོགས་སུ་བརྒྱུགས།
འབྲི་མོ་སྒང་ནས་ངུར་ན།  བེའུ་གཞོང་ནས་ཞོགས་འགྲོ།
རི་བོ་མཐོ་མཐོ་གནངས་རོགས།  བེའུ་འཚོ་ལོང་མི་འདུག
འཇའ་ཚོན་འཛིན་དུ་འགྲོ་དགོས།  ཡིད་འོང་འཇའ་ཚོན་གྱིས་ཨ་མར་ཞྭ་མོ་བཟོ་དགོས།

ཆར་བ་ཟམ་ཟིམ།  སག་ལྷམ་བརླན་ནས་ང་ཡི་རྐང་རྗེས་ལ་འཁྱིལ་བྱུང་།
ང་ཡི་རྐང་རྗེས་འདྲ་བའི་བེའུ་དག་གི་རྨིག་རྗེས་ཀར་ཀོར།
འདམ་གྱི་གཞོང་ལ་ཕབ་ནས་འབྲི་མོའི་ཕྱོགས་སུ་ཞོགས།
ཉི་མ་སྲོད་ལ་བབས་ན། འབྲི་མོ་ཡུལ་ལ་འཁོར་འོངས།
ཉི་མ་འཕྱི་འཕྱི་གནངས་རོགས།   བེའུ་འདོགས་ལོང་མི་འདུག
འཇའ་ཚོན་འཛིན་དུ་འགྲོ་དགོས།  ཡིད་འོང་འཇའ་ཚོན་གྱིས་ཨ་ཕར་སག་ལྷམ་བཟོ་དགོས།

 
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།