གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲྭ་བཙུན་སྙན་ངག་པའི་སྡེ་ཐུབ་པའི་གཞོན་རབས་ཚང་གི་སྙན་ངག་བདམས་བཀོད།

2016-04-27 10:34:56 ཀློག་གྲངས། མཆན ཡོད།


ཞོགས་པ་འདི་རླུང་རྟ་རྡོག་ཅིག་མཐོ་སྒང་གི་རི་སུལ་ནས་སྤུར་བའི་རྨི་ལམ་གྱི་སྔས་མགོ་ཡིན། 
ཞོགས་པ་འདི་རས་གཟན་ཞིག་རླུང་ལ་བཟེད་ནས་གངས་རིའི་དབུ་འཕང་ལ་བཀླུབ་པའི་སྟ་གོན་གྱི་སྔ་དྲོ་ཡིན། 

                                 -----ཐོག་མའི་རོལ་དབྱངས། 

cc290f02-e2ad-4179-bce6-3b3064016531.jpeg

  བདེ་སྡུག་གི་འཚོ་བ་སྐྱ་འཐབ་པའི་མི་ཡུལ་གྱི་གཡུལ་ས་འདིར་ང་ཚོས་བཙན་ས་ཞིག་ཟིན་པར་ཡོང་རེ་སྐན། དགའ་སྐྱོ་ཡི་ཚོར་བ་རིས་སུ་འཁོར་བའི་སེམས་ཀྱི་གཤིན་ས་འདིར་ང་ཚོས་བག་ཕེབས་པའི་སེམས་ཁམས་ཤིག་རྒྱུན་སྐྱོང་ཐབས་ལར་ནས་དབེན་ཏེ། ཁྱེད་ཀྱིས་ཚེ་སྲོག་གི་ཅོང་ཆེན་དེས་དུས་རབས་ཀྱི་མཚན་ལྗོངས་དཀྲོག་པར་ཁོ་ཚོས་དྲྭ་རྒྱ་བཟོས་འདུག ང་ཚོས་སྤོབས་པ་ཡི་མགོ་འཕང་མཐོན་པོས་མི་ཡི་དཔའ་སྙིང་བསླང་བར་ཁོ་ཚོས་དོགས་ཟོན་བྱས་འདུག ཁྱེད་ཚོས་བྱམས་བརྩེ་ཡི་ཐིགས་པ་དཀར་བོས་ཞི་བདེའི་ས་བོན་གདབ་པར་ཁོ་ཚོ་སྡང་སེམས་སྐྱེས་ཡོད། ང་ཡིས་ཏིང་འཛིན་གྱི་ཕྱག་རྒྱ་ཆེན་པོས་དམྱལ་བའི་གཏིང་རིམ་གཤེགས་པར་ཁོ་ཚོ་འཇིགས་སྣང་གིས་ཁེངས་ཡོད། དེ་ལྟ་ན་ཡང་། ང་ཚོས། རང་སེམས་ཀྱི་འཆར་སྣང་སྐྱ་ཡོལ་ཡོལ་བོ་དེ་མི་ཡུལ་ལ་བཤམས་སྟོན་བྱེད་པར་བློ་ཐག་བཅད་ཟིན། ང་ཚོས། ཚོར་སྣང་གི་བརྡ་སྐད་ད་མ་དིག་པོ་དེས་མི་ཚོར་ཁ་བརྡ་བྱེད་པར་ལམ་ལ་ཆས་ཡོད། 

  ང་ཚོ་ལམ་ལ་ཆས་པས། སྐྱོ་གདུང་གི་རྒྱུད་སྐུད་བྲག་ལ་རྡེབ་པའི་རི་སུལ་འདི་རྡིབ་འགོ་བརྩམས་ཟིན། དགའ་སྡུག་གི་ཚོར་བའི་རླབས་ཀྱིས་བྲུག་པའི་མཚོ་མོ་འདི་སྐམ་པར་འགྱུར་ངེས། རྣམ་རྟོག་གི་རླུང་བུ་དྲག་ཏུ་ལྡང་བའི་ནམ་མཁའ་འདི་ཡོམ་ཡོམ་འགུལ་སྲིད་དེ། ང་ཚོས། སྒྱུ་རྩལ་གྱི་མཚོ་མོའི་ངོགས་སུ་བདེན་པ་གཅེར་བུ་མའི་རང་གཟུགས་ཡོད་པར་བདེན་དཔང་འཚོལ་ངེས། ང་ཚོས། དངོས་ཡོད་ཀྱི་འཇིག་རྟེན་འདིའི་ཕ་རོལ་ན་དག་གཙང་གི་ཞིང་ཁམས་ཤིག་ཡོད་པར་ཡིད་ཆེས་འཆང་ཡོད། ང་ཚོས། ཚེ་སྲོག་གི་སྐུད་པ་འདིའི་སྣེ་མོར་འོག་མིན་གྱི་ལུང་སྐུ་འཁྲུངས་པར་གཏན་ཚིགས་ཀྱི་ཕྱག་རྒྱར་འདེབས་ངེས།

   ང་ཚོར། རང་གི་རྐང་སྟེགས་ཀྱི་རྡོ་རྩིག་བརྟན་པོ་ཡིན་པར་ཡིད་ཆེས་འཕེར་བས། ང་ཚོར། རང་གི་རས་གཟན་གྱི་སྲུབ་ཀ་དམ་པོ་ཡིན་པར་རློམ་སེམས་སྐྱེས་པས། ང་ཚོས། གཟོད་རང་ཉིད་ཀྱི་རྟོག་པའི་ཡོལ་རས་ངོས་སུ་འཆར་སྣང་གི་སྲིད་པ་བཞེངས་བརྩིས་ཡིན། ཚོར་བའི་རྩིག་ལྡེབས་སྟེང་ལ་སེམས་ཀྱི་ཟླ་འོད་འཆར་འདང་ཡིན། ང་ཚོས། རང་ཉིད་ཀྱི་རྣམ་རྟོག་མ་ལུས་ཀུན་དཀྲིས་ཀྱི་སྐུད་པས་སྦྲེལ་བར་གསལ་ཁ་ཕྱེས་པས། ང་ཚོས། ཀུན་གཞི་ཡི་རྣམ་ཤེས་གཏིང་ལ་ཆོས་དབྱིངས་ཀྱི་རྒྱ་མཚོ་ལྟེམས་པར་བདེན་དཔང་རྙེད་པས། ང་ཚོས། གདོད་སེམས་ཀྱི་སྟོང་ཁམས་ཆེན་པོར་ཏིང་འཛིན་གྱི་རི་རབ་བརྩིག་གྲབས་ཡོད། ཡིད་ཀྱི་གཙང་ཆེན་ཀློང་ཡངས་སུ་ཤེས་རབ་ཀྱི་ཀོ་གྲུ་གཏོང་འདང་ཡིན། 

  ང་ཚོས། སྡུག་བསྔལ་ནི་འདོར་རྒྱུ་རིགས་ཤིག་གི་བསྡུས་གཟུགས་ཡིན་པའི་སྒྲུང་ཞིག་རྩོམ་ངེས། བདེ་སྐྱིད་ནི་དཀའ་སྡུག་ཁག་ཅིག་གི་བར་མཚམས་ཡིན་པའི་དབྱངས་ཤིག་བཟོ་ངེས། འཇིག་རྟེན་ནི་མཚན་མོ་ཁག་ཅིག་གི་རྨི་ལམ་ཡིན་པའི་དཔེ་ཞིག་འཇོག་ངེས། མི་ཡུལ་ཡང་དགུན་ཟླ་སྐོར་ཞིག་གི་བྲག་སྐྱིབས་ཡིན་པའི་ངེས་ཤེས་འདྲེན་ངེས། ང་ཚོས། རང་ཉིད་དམར་ལྗེན་པར་བྱང་བའི་ལྷ་ཆེན་པོ་ཚོའི་ཞབས་མཐིལ་ལ་བཟེད་པའི་ལག་པ་འདི་ཚལ་བར་གཏོང་ངེས། ང་ཚོས། རང་ཉིད་དཀར་གཙང་ངེར་བཟོ་བའི་བདག་ཉིད་ཀྱི་རྣམ་དཔྱོད་འདི་བླ་རུ་མཆོད་ངེས། 

  ང་ཚོར། ཚོར་བའི་ལྗན་ལྗིན་གྱི་སྙིགས་རོ་བརྒུམ་པའི་མཚོ་བྱ་དག་གི་གཤོག་འགྱུར་ལ་ཡིད་སྨོན་མེད་པར། སྲིད་པའི་དགའ་སྡུག་གི་མཚོ་མོར་གཡེང་བའི་གྲུ་ཤན་དེ་ཚོར་མཚར་སྣང་མེད་པར། བདེན་སྣང་གི་ནམ་མཁའ་ཁྲ་བོ་འདིའི་ཡང་སྟེང་འདི་གང་ཞིག་ཡིན་པའི་ཐེ་ཚོམས་ཀྱིས། ལྷན་སྐྱེས་ཀྱི་སྐྱི་འབག་རལ་བོ་འདིའི་རུས་རྐང་ན་ཅི་ཞིག་ཡོད་པའི་ཟ་འཕྲུག་གིས། ང་ཚོས། དབྱངས་ཡིག་དང་ཨ་ཡིག་མ་ལུས་མགོ་རྐང་དང་ལྷུ་རྐང་བསྒྲིག་སྟེ། ཚེག་བར་དང་ཚེག་ཁྱིམ་མཐའ་དག་བསྐྱར་བཟོ་དང་འོར་བཟོ་བྱེད་ངེས། 

  ངེད་ཅག་ནི་རས་གཟན་དམར་བོ་དེའི་འོག་ནས་རྣམ་ཤེས་ཀྱི་དྭངས་མ་འཚོལ་བར་གཡར་དམ་བྱས་པའི་གཞོན་སྐྱེས་རབ་བྱུང་བ་སྐོར་ཞིག་སྟེ། ང་ཚོས་གཙུག་ལག་གླེགས་བམ་གྱི་དབུ་ལྷེ་ནས་བཞི་ཤད་བར་ཀྱི་བརྗོད་གཞི་རླབས་པོ་ཆེ་དེ་དག་རང་གི་སྙན་ངག་གི་ཞིང་ཁམས་སུ་བསྒོམ་ནས་ཚོར་བའི་རྒྱལ་ཁམས་ཀྱི་རྒྱུ་སྐར་དུ་དགྲམ་པར་རྟོག་བཟོ་བྱེད་འདོད། 

  ང་ཚོས་བདེ་དགེ་མཐའ་དག་རོ་གཅིག་ཏུ་སྙང་ངག་ལ་བཅོལ་ཏེ། ཆེས་དྭངས་གཙང་དང་རྟག་བརྟན་གྱི་དག་ཞིང་ཞིག་ཡོད་པར་སེམས་ཀྱིས་སྔོག་གིན་། མིག་དང་རྣ་བའི་མྱོང་སྣང་འདིའི་ཕ་རོལ་ན་ད་དུང་སེམས་ཀྱི་ལོངས་སྤྱོད་གཞན་ཞིག་ཡོད་པར་འཚོལ་བསྙེག་བྱེད་འདོད། 

  སྲིད་པའི་སྡུག་བསྔལ་གྱི་གདུང་འབག་དང་སྤྲུལ་སྒྱུར་རེས་མོས་ཀྱིས་འུ་ཅག་མྱ་ངན་གྱི་གཡང་གཟར་ལ་ཡང་ཡང་འདེད་པའི་ཟློས་གར་དེ་བསྐྱར་དུ་མི་འཁྲབ་སླད། ང་ཅག་གིས་ཕུང་སོགས་སྡུག་བསྔལ་བའོ་འདི་སྣང་མ་རིག་པའོ་ཞེས་པའི་མཚན་ཉིད་རིག་གནས་ཀྱིས་གཏན་ལ་ཕབ་པའི་འཁོར་འདས་ཀྱི་ལམ་རྟགས་དང་ས་རྟགས་རེ་རང་ཉིད་ཀྱི་མྱོང་བས་འཚོལ་གྱིན་ཉམས་རྟོགས་ཀྱི་མགུར་རེ་བཞེངས་པར་གྲེ་བ་བསང་གིན་ཡོད། 

  ང་ཚོས་བོད་ཀྱི་སྙན་ངག་མཁན་པོ་ཚོས་སྒྱུ་རྩལ་གྱི་པིར་རྩེ་ལ་ཡང་ཡང་འཁོར་མྱོང་བའི་དགའ་སྡུག་རེས་མོས་སུ་འཁྲོལ་བའི་དབྱངས་རྟ་འདི་ལས། ད་དུང་དབྱངས་རྟ་གཞན་ཞིག་རྩོམ་པར་འདོད་དེ། བདེ་སྡུག་ནི་ཉི་མའི་འཆར་ནུབ་ལྟར་རྟག་ཏུ་འུ་ཅག་གི་མགོ་ཐོག་ལ་འཁོར་ཡོང་བའི་ལས་ཀྱི་བསྐོས་ཐང་དེ་མིན་པར་། སེམས་ཀྱི་འགྲུལ་བཞུད་ཁག་ཅིག་གི་སྔ་གཞུག་ན་ད་དུང་རྟག་བརྟན་ཐེར་གཟུགས་ཀྱི་གཡུང་དྲུང་རྫོགས་པའི་ལོངས་སྤྱོད་མི་འགྱུར་རྡོ་རྗེའི་གོ་འཕང་ཞུ་བ་ཞིག་ཀྱང་ཡོད་པའི་སྒྲུང་ཞིག་བཟོ་འདོད། 

  མདོར་ན། ངེད་ཅག་བུང་བ་དང་མེ་ཏོག་ལ་དཔེ་འཁྱུད་ནས་ཆུང་མ་དང་དགའ་མ་དྲན་པའི་གདུང་དབྱངས་དེ་གྱེར་བའི་ལས་སུ་མི་གཏོགས་ལ། དངོས་ཡོད་དང་སྒྱུ་འཕྲུལ་གྱི་བར་ནས་འདོད་སྲེད་ལ་ཟ་འཕྲུག་སློང་བར་གཏམ་རྒྱུད་འཆད་པའི་གནས་ལ་ཡང་མི་མོས། ང་ཚོས་རང་ཉིད་ཀྱི་རས་གཟན་དམར་བོ་འདིའི་ཁ་དོག་མཚན་མོ་ཁག་ཅིག་བརྒལ་བའི་འོད་སྣང་ཡིན་པར་ཡིད་ལ་བསྒོམ་སྟེ། སྡུག་བསྔལ་སྐོར་ཞིག་གི་བཙན་འཛུལ་ལ་ཡ་ལན་སློག་པར་སྟ་གོན་བྱེད་ཀྱིན། བདེ་སྐྱིད་གཅིག་པུས་གྲུབ་པའི་དབྱངས་རྟ་ཞིག་གི་གོ་རིམ་ལ་འཁྲུལ་ནས་ཡོད། 

  མཇུག་ཏུ། 

 ང་ཚོས། ཐུབ་པའི་ཞབས་རྗེས་ལས་མངོན་པའི་བསམ་གཞིག་གི་ནམ་མཁའ་ཡངས་པོ་འདིར་དཔྱད་བརྗོད་ཀྱི་རྒྱུ་སྐར་དགྲམ་པར་བྱ། ང་ཚོས། སྟོན་པས་ཕྱག་མཛུབ་ཀེར་བའི་དགའ་སྡུག་གི་སྲིད་པ་ཆེན་མོ་འདི་ཉམས་རྟོགས་ཀྱི་མེ་ལྕེས་གཞོམ་པར་བྱ།

                                                                                                                       ༢༠༡༦//༡༣ཉིན་ཡོངས་སུ་གྲུབ

97a45b57-572d-4389-9d68-d7f87fc7b808.jpeg

  དངོས་མིང་འཇམ་དབྱངས་ཚུལ་ཁྲིམས། པིར་མིང་གློ་གྲི།

  ཕྱི་ལོ༡༩༩༥ཟླ༡༢ཚེས༡༧ཉིན་རྨ་ཆུའི་ཆུ་ཁ་མ་ཡུལ་ཚོ་རུ་སྐྱེས། ལོ་ན་བརྒྱད་ཀྱི་ཐོག་ནས་ངུར་སྨྲིག་གི་ན་བཟའ་ལུས་ལ་གསོལ་ཏེ། ཆུ་ཁ་མ་དགོན་དུ་ཚོགས་ཞུགས་བྱས། ཕྱི་ལོ་༢༠༡༣ཡས་མས་ཤིག་ནས་ནང་བསྟན་མཚན་ཉིད་རིག་གཞུང་ལ་སྦྱང་བའི་ཞོར་དུ་སྙན་ངག་ཅེས་པའི་ཚོར་བ་གཅེར་བུ་མ་ཞིག་གི་ངུ་ཁ་གཙེས་ཏེ། ཚིག་གི་རོ་དང་བརྡ་ཡི་བཅུད་ཀྱིས་གཏམས་པའི་ཚིགས་བཅད་དང་རང་མོས་གཙོས་པའི་བརྩམས་ཆོས་ཁ་གྲངས་ཉུང་ལ་ཚོར་བས་གཏམས་པ་ཁ་ཤས་གསར་རྩོམ་བྱས་ཡོད་ལ།   ད་ལྟ་ད་དུང་ཡང་ཚོར་འདུ་ལ་བརྒྱུས་པའི་སྙན་ངག་སྐོར་རེ་འབྲི་འདང་ཡིན་ཐལ།


                           སྣང་བའི་དབྱངས།
         

ཕ་ཁའི་རི་རྒྱབ་དེ་རུ་སོང་ན་ག་ཚོད་འགྲོ་དགོས། ། 
མ་གིའི་རྐང་ལམ་གོམ་པའི་གཞལ་ན་གང་ལ་བསླེབ་འགྲོ། །
སྨུག་སྤྲིན་འདྲེས་པས་ལང་ལོང་གནམ་སའི་བར་སྣང་དེ་ལས། །
འདས་སོང་ལོ་ཟླ་རེ་ལ་ཕྱི་དྲན་སེམས་པ་སྐྱོ་ཡོད། །

མིག་ཟུང་ཕྲ་མོ་ཕོག་ས་རྒྱང་དང་ཉེ་སར་ལྷག་ཡོད། །
ལག་པས་བྱིལ་བྱིལ་གཏོང་ས་སེམས་ཀྱི་སྔ་དང་ཕྱི་རེད། །
ཡིད་དང་ལུས་པོ་ཆགས་ས་འཇའ་ཚོན་གུར་ཁང་དབྱིངས་རེད། །
འདི་དག་མཉམ་དུ་འགག་ས་སྲོད་མག་མོག་སྐབས་རེད། །

ཕྱི་ནང་སེམས་པ་དཀྲུཊ་པའི་འཚོ་བའི་སྔ་གཞུག་གཉིས་ཀ །
བསམ་ཞིང་དྲན་པའི་སྣེ་ན་འདི་སྣང་ཞེན་པ་ལོག་འདྲ། །
སྐད་ཅིག་ཏིང་འཛིན་བསྒོམ་ཀྱང་རྩ་བར་ངེས་ཤེས་མེད་པས། །
ཆུ་མོ་ཆུ་བོར་འདྲེས་འདྲར་ཡིད་སེམས་གཞུང་ལ་བཞུར་འགྲོ། །

ཉི་ཟེར་ཟེགས་མ་ཕོག་པ་མི་ཚེའི་ཕུགས་འདུན་ཆེད་དམ། །
མ་འོངས་འཚོ་བར་དངོས་སུ་འགྲོ་ལམ་བཙུག་པ་འདྲ་བ། །
སྒྱུ་མའི་ཞེན་ཆགས་དེ་ནི་སེམས་པའི་གཤིས་སུ་མངའ་བ། ། 
དགའ་སྐྱོས་སྣང་བ་འགེབ་པས་མི་ཚེའི་དབྱིངས་ལ་གཞིག་ཡོད། །

ཉི་ནུབ་ས་སྲོད་སྐབས་སུ་འཇིག་རྟེན་འཇིག་རྟེན་གྱེས་འགྲོ། །
མག་མོག་སྣང་བའི་ཁམས་ནས་འཇིགས་སྣང་ཚོམ་བུར་ལྕེབ་ཡོང་། །
མཐའ་མའི་དབྱངས་དང་སྡེབ་ན་འགྱོད་གདུང་དེ་བས་ཆེ་ཡོང་། །
ཟླ་བས་ཕྱིར་མིག་འཕངས་ན་འགྱོད་གདུང་ཆིག་ཆུ་སྲད་ཡོང་། །

སྣང་བའི་ངོས་སུ་ལན་རེར་ཐོག་རེག་མེད་པ་ཆགས་ཡོང་། །
གང་ཞིག་ཞེན་ཀྱང་སྐབས་རེར་དེ་ལ་རེག་པ་ཚོར་ཡོང་། །
དེ་གཉིས་བསྲེས་པས་མཚམས་རེར་འཇིག་རྟེན་སྣང་བ་བསྐྱལ་འགྲོ། །
འཇགས་ཐབས་མེད་པའི་ཆོམ་སྒྲར་འདྲིས་ནས་གང་ལ་ཡིབ་འགྲོ། །

                            མིང་མེད།

ཁྱོད་ཀྱིས་ཞེ་སྡུག་གནང་དོན་ག་རེ་ཡིན།།
ཡིད་ཀྱི་དེ་དག་ཞོགས་སམ་ཕྱི་དྲོ་ཞིག།
སེམས་པ་ཁང་སྟོང་བཞིན་དུ་ཆར་ནང་འདུག།
ཅིག་གིས་དེད་པ་ལྟར་དུའང་སྔངས་འཚུབ་སྐྱེས།།
དེ་དུས་རླུང་བུ་ཙམ་ཞིག་ལྡང་འགོ་རྩོམ།།
དེ་དུས་ངེས་འབྱུང་ཚུལ་དུའང་མིག་ཟུང་བཙུམ།།


ཟླ་བས་ང་ལ་ཁེར་རྐྱང་གཏམ་རྒྱུད་འཆད།།          
དྲན་པའི་གོ་རིམ་བསྒྲིགས་ཏེ་ཡང་ཡང་འཆད།།
བདག་ནི་གློ་བུར་ཅི་ཞིག་བྱུང་བ་ལྟར།།
མིག་ལ་ཐོགས་པ་ཡོད་དོས་སྨྲ་བ་འདོན།།
ཞེ་ལ་རེག་པ་དག་གིས་འོ་དོད་འབོད།།
འཚོ་བ་རྡོ་བ་ཞིག་དང་འདྲ་བར་སྣང་།།

                           2015/12/3

                             ངལ་བའི་ཐིགས་པ།

ལས་ཀྱི་རླུང་དམར་ལྡང་བའི་བྱང་ཐང་ཞིག་ནས།།
སེམས་ཀྱི་བྱེའུ་ཆུང་སྲིད་པའི་ཆར་ཆུས་བརླན་པ།།
འཆི་བའི་ལག་ཟུང་འདར་འདར་ང་སར་གཡུག་པ།།
ཞེན་ཆགས་རྔུལ་ཆུ་ཙར་ཙར་ལུས་སྟེང་འགྲིལ་བ།།
ཞེད་སྣང་ཅུང་ཙམ་ཞིག་ནི་སྐྱེས་པའི་རྗེས་སུ།།
ཞེན་སྣང་ཞིག་ཀྱང་ངེས་འབྱུང་ཚུལ་གྱིས་སྐྱེས་པ།།

འཁོར་བའི་སྒྲུང་ལ་རྨོངས་པའི་མྱ་ངན་ཐང་དུ།།
དགའ་སྡུག་ཐ་གུས་ལུས་སེམས་རབ་ཏུ་འཆིང་བ།།
མཚན་མོའི་མནར་གཅོད་ཙམ་ཡང་མྱངས་དགོས་ཐུག་པ།།
དྲན་གདུང་ཁ་བ་བཞིན་དུ་ལན་རེར་འབབ་པ།།
བབས་པའི་རྡོག་ཁྲེས་ཀྱང་ནི་ཚ་གཟེར་སློང་བ།།
སྡུག་པོ་ད་དུང་ཁ་ཁུ་སིམ་པོར་འདུག་པ།།

ཡིད་ཀྱི་ཨི་ཁུང་སོ་སོར་རླུང་ཆེན་ལྡང་བ།།
དེ་མཉམ་བྱེ་རྡུལ་ནག་ནོག་སྟོབས་ཀྱིས་འཚུབ་པ།།
དབུཊ་དབྱུང་ལྷེམ་ལྷེམ་མགོ་བོ་ཐུར་དུ་དཔྱངས་པ།།
བསམ་གཞིག་ཞིང་དུ་གདུག་པའི་ང་རོ་བསྒྲགས་པ།།

                                   2015/8/4/

27cf6597-3e45-43e6-b0a2-d8e4a11219fa.jpeg

འོད་ཞགས།   དངོས་མིང་ཚུལ་ཁྲིམས།  
ཆུང་དུས་སུ་དགོན་པའི་སློབ་གྲྭའི་འཁོར་ཡུག་ནས་སློབ་སྦྱོང་གི་གོ་རིམ་བརྒྱུད་ནས་ད་ལྟ་གཞུང་རིམ་པའི་འཛིན་གྲྭར་སླེབས་ཡོད།   ཞོར་དུ་རྩོམ་རིག་སྤྱི་དང་ཁྱད་པར་སྙན་ངག་འབྲི་སྦྱོང་དང་བློས་བསླངས་ལ་གོམ་པ་གཅིག་སྤོ་གཉིས་སྤོ་བྱས་ནས།   ཡུན་གྱིས་མིའི་གཤིས་ཁམས་དང་དགའ་ཁ་ཁྱེར་ཕྱོགས་སུ་གྱུར།  ཁོ་ན་རེ།  སྙན་ངག་ནི་གདོང་གི་སྐག་ཚོས་ལྟར་ཟློས་གར་ཚན་པ་ཞིག་གི་མཛེས་ཆོས་གཡར་མ་དེ་མ་ཡིན་པར།   རྟག་པར་དགའ་སྡུག་གི་སེམས་རྩ་རུ་འཁྱིལ་བའི་བྱིན་རླབས་ཀྱི་ཚ་དྲོད་ཁོ་ན་དེའོ།།    

                              དབུ་ཞྭ་སེར་བོ།

དམར་ལམ་ལམ   སེར་ལམ་ལམ
ཞི་བའི་དབྱིབས་སུ་ཆོས་ཉིད་ཀྱི་རི་མོ
སྟོང་ཉིད་ཀྱི་འདབ་མ་ལྟར་བཞད
མར་མེ་ཞིག་འཛགས་པ་ལྟར
འོད་ཟེར་ཞིག་གི་འཇིངས་སུ་སུ་ཞིག་བདེན་པར་མ་གྲུབ་པ་བཞིན
སྒྱུ་མ་ལྟར་རྨི་ལམ་ནས་འབོར་འགོ་བརྩམ

མུན་རུབ་པ་ནས་མོག་པོ་དང
དམར་ལམ་ལམ་གྱི་མེ་ལྕེ་དེའི་གམ་ནས
དུད་ཞགས་ཤིག་གིས་དཀོན་མཆོག་གི་གདོང་ལ་བྱིལ་བྱིལ་བྱས
རས་གཟན་ཞིག་གི་འོག་ནས་ཉམ་ཆུང་བའི་གསོལ་འདེབས་ཤིག
འདུ་ཁང་གི་གསེར་ཏོག་ལས་ཡར་ཡར་འཕགས
མཚན་མོ་འདི་དཀྲོག་མཁན་ང་གཅིག་པ་ག་ལ་ཡིན
གདུང་དབྱངས་རིགས་ཤིག
དུད་ཞགས་དང་མཉམ་དུ་མི་ཚོགས་ཀྱི་ངག་ལ་བབས
མཚན་མོ་དང་མཚན་མོ་ལའང་བར་ཁྱད་ཅིག་འདུག

སྦར་ཟིན་པ་དེ་དག་གི་ཆེད་དུ
འབར་དགོས་པ་དེ་དག་གི་ཆེད་དུ
སེར་ལམ་ལམ་གྱི་གཡོ་འགུལ་དེས་མིག་ཟུང་སྒུལ
བདག་གི་ཡོད་དམ་སྙམ་པའི་སེམས་བྱུང་དེར
མི་རྟག་པས་ལུས་སེམས་འཁྲུལ་བར་བྱས
ཕྱི་རོལ་ནི་གཟུགས་མེད་པའི་སྟོང་བ་ཉིད་དེ
མཚན་མོ་དང་མུན་ནག་མ་ཐེག་པའི་དོན་སྟོང་བ་ཉིད་དོ

                                     2016 /2 /24 ཉིན།

                            རྒྱང་རིང་ལ་ཕྱོགས་པ།

ཁང་མིག་ཅིག་ཏུ་ཡུན་རིང་བསྡད་ན
རླུང་བུ་དང་ང་ལ་བར་ཐག་ཅིག་ཡོད
ཡིན་ནའང་ཉི་མའི་དྲོད་ཁོལ
སྒེའུ་ཁུང་བརྒྱུད་ནས་ནང་དུ་སླེབས་ཐུབ
ང་རང་རྡུལ་ཚོགས་ཀྱི་བསྡུས་གཟུགས་ཤིག་ཡིན་པས
ཚ་བ་ཁོ་ནས་འཚོ་མི་ཐུབ
ས་ཆུ་མེ་རླུང་དག་རང་དགར་རྒྱུ་ཐུབ་པས་ན
ང་ཉིད་དགའ་སྐྱོ་ཟུང་གིས་གྲུབ་པར་བྱས་ཡོད

ལན་རེར་ནམ་མཁའ་ལ་བལྟས་ནས་སྤྲོ
མཚམས་རེར་ས་གཞི་ལ་བལྟས་ནས་འཚེར
ཡིན་ནའང་དུས་གཏན་དུ་བདག་གི་མིག་ལམ་ལ་ཐོགས་པ་ནི
མཚམས་དང་མཚམས་སུ་བར་སྣང་ན་རྒྱུ་བའི་སྤྲིན་པ་དག་རེད
དེ་དག་གིས་ཉི་མའི་འཆར་ནུབ་དང
ཆར་ཆུའི་དངོས་གྲུབ་མཚོན་ཡོད

ནམ་མཁའ་གཞི་ནས་སྟོང་བར་ཆགས་ཤིག
ཉི་མ་ཁོ་ནས་བགྲོད་ལམ་དུ་གྱུར་ན
ང་ལ་མི་བདེ་བའི་ཞེན་སྣང་ཞིག་འདུག

ནམ་མཁའ་གཞི་ནས་མོག་པོར་ཆགས་ཏེ
སྤྲིན་པ་དཀར་ནག་གི་འདུ་འཛི་རྒོད་ན
ང་ལ་ཅི་ཞིག་གི་དངངས་འཚུབ་ལྡང་ཡོང

ས་སྲོས་སྤྲིན་པའི་ཞལ་མདངས་དམར་སེར་དུ་གྱུར་ནས
ཉིན་བྱེད་ཀྱང་ཞེན་ཆགས་ཆེ་བའི་རི་སྒང་ལ
མིག་མདངས་ཕོག་ཚུལ
ངས་རྒྱུན་དུ་བར་སྣང་ལ་རྟོག་བཟོ་བྱ་སྟངས་ཤིག

                           2016/ 4 /18 ཉིན།

                             མཚན་མོ་དེ།

མཚན་མོ་ནི
བདག་གི་གསང་བ་ཡོད་ཚད་བཤད་ཆོག་པའི
བརྩམས་སྒྲུང་ནང་གི་བུད་མེད་དེ་རེད
ངག་མི་སྨྲ་བའི་བུད་མེད་དེ་ཁོ་ན་རེད

མཚན་མོ་ནི
བདག་གི་སྙན་ངག་ཀློག་མཁན་གྱི་མི་དེ་རེད
ང་དང་ཆེས་ཐག་ཉེ་བའི་ཀློག་པ་བོ་དེ་རེད
ཕྲན་དཔྱད་ཅི་ཡང་མེད་པའི་སྐྱོ་འཛུམ་དེ་རེད

མཚན་མོ་ནི
བདག་གི་སྐྱེ་རྒ་ན་འཆི་མཚོན་པའི་འཁོར་བའི་དབུགས་རིང་དེ་རེད
རྨི་ལམ་ནང་གི་ཉག་ཁ་དེ་རེད
ཉག་ཁ་དེའི་ངང་སྒུག་དེ་རེད

མཚན་མོ་ནི
བདག་གི་ཁྱོད་ལ་བྲིས་པའི་སྙན་ངག་དེ་རེད
ཁྱོད་ཀྱི་ཡུན་རིང་ཀློག་ཆོག་པའི་སྙན་ངག་དེ་རེད
དུས་ཚོད་ཀྱི་ཉེས་སྐྱོན་ཐེག་པའི་མཛེས་སྡུག་དེ་རེད

མཚན་མོ་ནི
འཇིག་རྟེན་དེའི་བྱས་ཉེས་མཐའ་དག་དུར་སྦས་བྱས་ཆོག་པའི་གས་སྲུབས་ཤིག་རེད
“གཟའ་ཉི་མ་ནག་པོ“འི་རོལ་དབྱངས་ནང་གི་སྡུག་ཡུས་དེ་རེད
དབྱངས་ཀྱི་ལྷུ་ལག་འཐོར་བའི་སྟོང་སྐད་དེ་རེད

མཚན་མོ་ནི
ངས་ཁྱོད་ལ་བཤད་པའི་ཆེས་མཇུག་མཐའི་ཉིན་མོ་དེ་རེད
ང་རང་གཅིག་པུར་ལམ་ལ་ཆས་པའི་ཉིན་མོ་དེ་རེད
ཉི་ཟླ་དང་རི་ལུང་ཡོད་ཚད་སིལ་བུར་གས་པའི་ཆེས་མཐའ་མཇུག་གི་ཉིན་མོ་དེ་རེད

                                            2016 /4 /17 ཉིན།

c580b1d1-7ba7-4e5c-9e04-46b4b920863f.jpeg

དངོས་མིང་། འཇམ་དཔལ་ཚུལ་ཁྲིམས། པིར་མིང་ངམ་དྲྭ་མིང་ལ་ཚེར་མ་རུ་འབོད།
ཕྱི་ལོ་1986ཟླ12ཚེས16ཉིན་གྱི་ཞོགས་པའི་ཉི་ཤར་ཙམ་ལ་མ་དྲིན་མོ་ཆེ་ཡི་མངལ་ལས་མི་ཡུལ་ལ་ལྷུང་བར་ཐོས། བྱིས་དུས་སུ་སློབ་གྲྭ་སོགས་འགྲིམ་པའི་གོ་སྐབས་མ་ཤར་ཀྱང་རང་ལོ་བདུན་བརྒྱད་ཅིག་གི་ཐོག་ནས་དྲིན་ཆེན་ཕ་ཡི་དྲུང་ནས་ཀ་མད་སུམ་ཅུའི་ཀློག་འདོན་ལ་བྱང་ཆུབ་པ་བྱུང་། རང་ལོ་བཅོ་ལྔ་སྟེ། དུས་རབས་ཉེར་གཅིག་པའི་དབུ་ལྷེ་དང་བོ་ཕྱི་ལོ་2000ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ནང་རབ་ཏུ་བྱུང་། དེ་ནས་རིམ་གྱི་ཆོ་ག་ཆོས་སྤྱོད་བློ་འཛིན་དང་བསྡུས་གྲྭའི་ཁ་དོག་དམར་སོགས་ལ་སྦྱང་ཁུལ་གྱིས་ད་ལྟ་དངོས་གཞི་ཟབ་ལམ་དབུ་མའི་གཞུང་ལུགས་ལ་སློབ་གཉེར་གྱིས་འཕྲོ་བསྐྱངས་ནས་ཡོད། གཞུང་ཆེན་མོ་ཚོའི་གཏིང་དང་ཀློག་ལ་འཛུལ་མ་ནུས་པས་སྡུག་ཡས་ཀྱིས་རང་སེམས་སློག་པའི་སྙན་ངག་རེ་འགའ་འབྲི་མྱོང་ཞིང་ད་ལྟའང་འབྲི་མུས་སུ་ཡོད། སྙན་ངག་ནི་ང་ལ་མཚོན་ན་དྲན་པའི་ཕྱི་ནང་སློག་པའི་ཁེར་རྐྱང་གི་སྐྱོ་རོགས་གཅིག་པུ་དེ་ཡིན་ཡང་། ངས་སྙན་ངག་མུ་མཐུད་དུ་འདི་ལྟར་འབྲི་མི་འདོད་པའི་སེམས་ཚོར་ཞིག་ཉེ་སྔོན་སྐབས་དང་སྐབས་སུ་འཁོར་གྱིན་འདུག དེ་བས་མ་འོངས་པར་ངས་གཞུང་ལུགས་ནས་བཤད་པའི་བྱམས་པ་དང་སྙིང་རྗེས་མཚོན་པའི་འཆི་བ་དང་སྐྱེ་བའི་བར་གྱི། མི་རྟག་པ་དང་སྟོང་ཉིད་ཀྱིས་གཙོས་པའི་བརྡ་ཆད་དེ་དག་རང་གི་ནང་སེམས་ཀྱི་མྱོང་སྣང་དང་བསྲེ་ཐུབ་པའི་གོ་རིམ་དེར་འཇུ་བར་འདོད། 

                              ཐུབ་པ་དྲན་ཞོར་དུ་རང་སེམས་ཀློག་པ།

སྟོན་པའི་སྤྱན་སྔར་སྐྱེས་པའི་དུག་སྦྲུལ་དེ་ང་ཡིན་ན
པོ་ཏི་མང་བོ་བཀླག་མི་བཏུབ་པའི་སེམས་གཤོང་འདི
རེ་དོགས་ཀྱི་རྒྱ་ལ་ཚུད་པའི་སེམས་ངལ་དེ
འདི་ཕྱི་ཡི་འཕྲང་ལ་ཞེད་པའི་བདག་ཉིད་དང་བཅས
སེ་གོལ་གཅིག་གི་ཡུན་ལ
སྲིད་པའི་མཁར་རྫོང་གི་ཕར་རོལ་ལ་བརྫང་ངེས་པས
ལྷུང་བཟེད་ནང་གི་སྦྲུལ་ནག་དེ་ང་ཡིན་ན་ཅི་མ་རུང


ཡིན་ཡང་་་་་ ཐུབ་དབང་བཞུད་སོང་བས 
སྟོང་ཉིད་ངག་ནས་བཟླས་ཀྱང་སེམས་ཀྱིས་མ་ཟིན
བདེན་སྣང་ཁ་ནས་སྤུར་ཡང་ལག་པས་མ་བཏང

སྣང་བ་ཡོད་ཚད་ཁྲ་ལ་མེར་ཡོད་པས
མིག་བཙུམ་རུང་ཅི་ཡང་མཐོང་བྱུང
མཉམ་བཞག་ལ་འབད་ཀྱང
ལྷག་མཐོང་གིས་མ་ཟིན་པའི་ནམ་མཁའ་ཁོ་ན
རྒྱུ་སྐར་མེད་པའི་མཚན་མོ་འདིར་དུར་ཁྲོད་ཅིག
ཆོས་དབྱིངས་སྒོམ་བཞིན་ཆགས་སྡང་སྐྱེས་ཡོང་བས
ཏིང་ངེ་འཛིན་འདི་ཡང་ང་ལ་མཚོན་ན་ཆག་སྒོ་ཞིག
དྲན་པ་ཡོད་ཚད་དུར་ལ་སྦས་ནས
སེན་རྩེ་དང་སྐྲ་རྩེ་རུ་འཛེགས་པའི
སྣང་བ་མཐའ་དག་བརྒུམ་པར་བྱ

འོན་ཀྱང
ང་ཁོ་ན་ད་དུང་མུ་མཐུད་དུ་འཁོར་དགོས་པ་འདྲ
སྟོན་པའི་ཞབས་མཐིལ་ལ་ཟུག་པའི་སེང་ལྡེང་གི་ཚེར་མ
བདག་གི་སེམས་གཏིང་ལ་ཟུག་ནས་ན་ཟུག་བསླངས

                             ༢༠༡༦/༣/༢༦ཉིན་གྲུབ།

                            ནག་པོ་དང་དཀར་བོ། ད་དུང་སེར་བོ།

བསླུ་བྲིད་རིགས་ཤིག་གི་གསང་བའི་བརྡ་རྟགས
སེམས་མཐིལ་ལ་ལྷུང་ཞིང་རྨི་ལམ་ལ་འཁོར
བདེ་དགེ་མཐའ་དག་དབྱངས་གཅིག་གི་གྱེར་བར་རྩོམ་པའི་ང་ཅག
ཉམས་རྟོགས་ཀྱིས་ཕྱུག་པའི་དྲང་སྲོང་དེའི་སྐྲ་ཉག་ཅིག་ཏུ་འཁྲུལ
རྔུལ་ཆུ་ཡིས་བརླན་པའི་བ་སྤུའི་བུ་ག་རེ་རེ
སྐྱེ་འཆི་ལ་བལྟ་བའི་སྲིད་པའི་སྐར་ཁུང་དུ་བཞེངས
དབུགས་འབྱུང་རྔུབ་ཁོ་ན་ཚེ་སྲོག་གི་གསང་བའི་ཨང་ཀིར་བཀོལ

ཆུ་རྒྱུན་ལྟར་བཞུར་ཡོང་བའི་དུས་ཚོད་གཙང་བོར་སྐྱིལ
ནག་པོ་དང་དཀར་བོའི་རྩུབ་བརྡར་ལས་ཟེར་མ་སེར་བོ་མཆེད
དམར་བོ་དང་ལྗང་གུ་བལྟམས
དབྱིབས་ཀྱི་སྟོང་བའི་ནམ་མཁའ་ཁོ་ན་སྔོན་པོར་ཆགས
འཇིག་རྟེན་ནི་ཁ་དོག་རིགས་ཤིག་གི་བསྡུས་གཟུགས་ཏེ
ང་ཡི་ཏིང་འཛིན་གྱི་པིར་རྩེ་ལས་ཟགས་ཡོང་བའི་ཚོན་རིས་སྔོ་སེར་དེ་དག་གོ

                                  ༡༥/༤/༢༠༡༦

                         སྟོང་བ་ཉིད།

མིང་དང་བརྡ་ཡིས་མཚོན་དུ་མེད་པས་སྐད་ཆའི་མདའ་མོ་མི་ཉེ་འོ། །
སྒྲ་དང་རྟོག་པས་བསམ་དུ་མེད་པས་ཐ་སྙད་ཐང་ནས་བརྒལ་སོང་ངོ་། །
ཁྱོད་དང་ང་ཡི་གཤིས་ལ་ཞུགས་པས་ད་དུང་འཚོལ་རྒྱུ་ལྷག་འདུག་གོ། །
སྟོང་ཉིད་ཆོས་དབྱིངས་དེ་བཞིན་ཉིད་འདི་ད་ནི་གང་ནས་འཚོལ་དགོས་སོ། །

བདེན་པར་བཟུང་ན་སྟོང་བ་ཉིད་ཀྱི་ལྟ་བ་ད་དུང་ཕར་ཞིག་གོ། །
མི་བདེན་ཞེ་ན་ཆོས་ཀྱི་དབྱིངས་ལས་ཕྱི་མའི་ལམ་ཁ་གཞན་ཞིག་གོ། །
མི་བདེན་མ་གསུངས་བདེན་པར་མ་འཛིན་དབུ་མའི་ལམ་འདི་འཕྲང་ཞིག་ཡིན།
བདེན་པར་མ་གྲུབ་རྫུན་པ་མ་ཡིན་སྟོང་བ་ཉིད་འདི་སྒོམ་ཞིག་ཡིན། །

མིང་གིས་བཙལ་ན་གདགས་གཞིའི་གནས་ཤིག་ཁམས་གསུམ་གང་ན་མི་འདུག་གོ།
དམིགས་ནས་བཟུང་ན་རྗེན་པའི་ཆོས་ཤིག་སྟོང་བ་ཉིད་ལ་མི་འདྲ་འོ། །
དཔྱད་པས་དཔག་ན་བདེན་སྣང་ཀློང་གི་ར་བ་འདི་ལས་མི་ཐར་རོ། །
དམིཊ་རྣམ་གང་ལ་གསལ་ལེར་འཆར་བ་ཆོས་ཉིད་གཟིཊ་སྟངས་མ་ཡིན་ནོ། །

བདེན་པའི་ཆོས་ཤིག་ཕར་ཕར་བཙལ་བས་སྟོང་བའི་དོང་ལ་ལྷུང་སོང་ན།།
རྟག་པའི་གནས་ཤིག་ཡར་ཡར་དེད་པས་ཆོས་དབྱིངས་ཀློང་ལ་འཐིམ་སོང་ན།།
སྣང་བའི་འོད་ཅིག་ཡང་ཡང་སྒོམ་པས་མུན་པའི་ཏིང་འཛིན་བཀླུབ་སོང་ན།།
སེམས་ལ་གཉིས་མེད་ཡུལ་ལ་འཛིན་མེད་སྟོང་ཉིད་གཟིགས་ཚུལ་འདི་ཙམ་མོ།།

གང་ཞིག་ལྡན་ན་དཀར་བོའི་ཆོས་རྣམས་འབད་མེད་ངང་གིས་འགྲུབ་པ་ཡི། །
སྟོང་བ་ཉིད་ཀྱི་ལྟ་བའི་རི་དྭགས་ཀུན་རྫོབ་ནགས་ནས་ཟིན་སོང་ན།།
མགོ་ལ་ཞྭ་མེད་རྐང་ལ་ལྷམ་མེད་གཅེར་བུའི་ལུས་མེད་མི་ཟེར་ཏེ།།
ན་མོ་ཕྱག་འཚལ་མཎྜལ་སོགས་ཀྱང་བསྐལ་བའི་བར་དུ་བསྒྲུབ་ཡོང་ངོ་། །

འཇིག་རྟེན་མཁྱེན་པས་དེ་ཉིད་གཟིགས་པས་སྲིད་པ་རིལ་བོར་བྱས་སོང་ངོ་།།
སྐད་ཅིག་གཅིག་ལ་འདི་ཉིད་གཟིཊ་པས་ཁམས་གསུམ་རྗེན་པར་ཤར་ཡོང་ངོ་།།
དུས་གསུམ་ཀུན་དུ་ཆོས་འདིར་གཟིཊ་པས་འཕྲིན་ལས་དུས་ལས་མི་ཡོལ་རོ། །
སྐྱེ་རྒུ་ཡོངས་ཀྱི་ཤེས་བློའི་སྦུབས་སུ་ལྟ་བ་འདི་ཀོ་འཁྲུངས་པར་ཤོག །

                                                       2016/1/7


                                                                            རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།