གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཅའ་འབྲུག་མོའི་སྙན་ངག་བདམས་བཀོད།

2016-09-19 18:07:55 གཅའ་འབྲུག་མོ། ཀློག་གྲངས། མཆན ཡོད།

IMG_0176.JPG

ངོ་སྤྲོད་མདོར་བསྡུས།

གཅའ་འབྲུག་མོ། མིང་དངོས་ལ་དོན་པེ་ཟེར།། 1994 ལོར་རྔ་བ་རྫོང་གཅའ་རུ་བར་སྐྱེས་ཤིང་། 2000 ལོར་ས་གནས་སློབ་ཆུང་དུ་ཞུགས་། རིམ་བཞིན་སློབ་གྲྭ་ཆེ་འབྲིང་གསུམ་བརྒྱུད་དེ་ 2015 ལོར་སི་ཁྲོན་བོད་ཡིག་སློབ་གྲྭ་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་རྩོམ་རིག་སྡེ་ཁག་ནས་སློབ་མཐར་ཕྱིན། ལོ་དེའི་སྟོན་ཁ་ནས་ཁྱུང་མཆུ་རྫོང་སྦྲ་ཆེན་ནས་དགེ་རྒན་གྱི་ལས་གནས་གཉེར།

 
                                                མཛའ་བོར་བསྐུར་བའི་སེམས་གཞས།  

ཟླ་འོད་གསལ་བའི་མཚན་གཞུང་འདི་ལ།།
དགའ་ལོའི་ཞལ་རས་ཡིད་ལ་ཤར་བྱུང་།།
བརྡ་འཕྲིན་མོད་པའི་དུས་རབས་འདི་ལ།།
སྙིང་གཏམ་གསོན་པོ་འཕྲིན་ལ་བསྐུར་ཡོད།།

དྲན་པའི་སྒོ་མོ་བྲང་གིས་རྡུང་དུས།།
དུངས་པའི་གཞས་ཆུང་དབྱངས་སུ་བཀུག་ཡོད།།
ཞེ་མཐུན་རོགས་ཀྱི་བརྩེ་བ་བསམ་དུས།།
འཚོ་བའི་བདེ་སྐྱིད་གངས་ལ་འཐིམ་ཡོད།།

རི་གསེབ་བྱིས་རྫི་སྙིང་ལ་རྗེ་བོ།
རི་གསེབ་སློབ་གསོའི་མཁའ་དབུགས་དྭངས་ལ།།
བྱིས་པའི་བསམ་བློ་རྣམ་པར་དག་པས།།
དྲི་མེད་བསམ་བློའི་རྒྱགས་ཕྱེ་སྩོལ་རོགས།།

དྲན་གདུང་འཚོ་བའི་འདབས་རོལ་དེ་ན།།
སྟོང་བསམ་འཁོར་ལོ་གནམ་ལ་བསྐོར་ཡོད།
གླེང་བའི་སྙིང་གཏམ་མར་ཁུ་འདྲ་བོ།།
དམར་ཆུང་སྙིང་གི་ཟབ་སར་སྦས་ཡོད།།

མཛའ་མོས་བསྐུར་བའི་འཕྲིན་པ་འདི་ལ།།
ཁོམ་ལོང་བར་ནས་ཟུར་ཙམ་ལྟ་རོགས།།
བཅོས་མིན་བརྩེ་བའི་འཚོ་བ་འདི་ལ།།
སྔར་ལས་དོན་སྙིང་ལྡན་པར་གྱིས་ཤིག།
                  
                                               བུ་མོ།
                              
རྒྱུ་ཆེན་དཔོན་པོའི་ཁ་ལག་བར་ན།།
དབང་ཆེན་བཙན་པོའི་གཅར་རྡུང་ཁྲོད་ན།།
བདེན་པའི་ཨག་སྐད་ལན་གྲངས་བརྒྱབ་ཀྱང་།།
ངོ་ཞིག་མེད་པ་བུ་མོའི་ལས་དབང་།།

ཞིང་ཚིགས་རེ་རེའི་འདབས་རོལ་རེ་ནས།།
བུ་མོའི་ལང་ཚོ་ཡུན་གྱིས་འདས་ཡོད།།
ལྷས་ར་གོར་མོའི་ལྷས་ཁུག་རེ་ནས།
བུ་མོའི་སྙིང་གཏམ་འབྲི་མོར་བཤད་ཡོད།།

སྐྱི་སེར་རླུང་གི་གོད་ཁ་རེ་ནས།།
བུ་མོའི་སྡུག་བསྔལ་རླུང་ལ་བསྐུར་ཡོད།།
དབྱར་གསུམ་ཆར་བ་འབབ་ཐེངས་རེ་ལ།།
བུ་མོའི་སེམས་པ་གཙང་བཀྲུ་བྱས་ཡོད།།

འཚོ་བའི་གོད་ཆག་ལུས་ལ་བབ་རུང།།
སུན་སྣང་མེད་པ་བུ་མོའི་སྙིང་སྟོབས།།
སྡུག་གི་འཁོར་ལོ་ཡུན་དུ་འཁོར་ཀྱང་།།
ལྷོད་པ་མེད་པ་བུ་མོའི་ཆོད་སེམས།།

བུ་མོའི་སེམས་པ་ལྷད་མེད་དུང་རེད།།
དུང་གི་མཚོ་མོ་གཡས་འཁྱིལ་གཡོན་འཁྱིལ།།
བུ་མོའི་སྐྱེས་གཟུགས་སྨྱུག་མའི་མདའ་རེད།།
རྒྱ་རྫོང་ནགས་ན་གཡས་སྐྱེས་གཡོན་སྐྱེས།།

IMG_0178.JPG

                                                     མཚན་མོ་འདི།
                       
མཚན་མོ་འདི་རྨི་ལམ་ཐེངས་གཅིག་ཡིན།།
རྨི་ལམ་འདི་རྡོ་ལྕགས་ངར་མ་ཞིག།
རྡོ་ལྕགས་འདི་གཞུ་བྱེད་མེ་ཕུང་ཅིག།
མེ་ཕུང་འདི་རེ་བའི་འོད་ཀོར་ཅིག།

མཚན་མོ་འདི་དགོད་སྒྲ་ཐེངས་གཅིག་ཡིན།།
དགོད་སྒྲ་འདི་བརྩེ་བའི་བདག་པོ་ཡིན།།
བདག་པོ་འདི་འུར་ཆ་སུམ་འཆང་ཅན།།
འུར་ཆ་འདི་རྫི་བོའི་སྙིང་ནོར་ཡིན།།

མཚན་མོ་འདི་ལྷིང་ཞིང་འཇགས་པ་ཞིག།
ལྷིང་འཇགས་འདི་རེ་བའི་འོད་རླབས་ཡིན།།
རེ་བ་འདི་རྨི་ལམ་གཤོག་ཐོགས་ཅིག
རྨི་ལམ་འདི་མི་ཚེའི་བདེ་སྐྱིད་ཡིན།།


མཚན་མོ་འདི་ཀུ་རེ་ཐེངས་གཅིག་ཡིན།།
ཀུ་རེ་འདི་དུངས་པ་མངར་མོ་ཞིག།
དུངས་པ་འདི་སེམས་ཀྱི་ལོངས་སྤྱོད་ཅིག།
ལོངས་སྤྱོད་འདི་གཏན་དུ་འཛད་མེད་ཅིག།
                             ༢༠༡༥/༧/༣༡ཉིན།

                                                 ཨ་ཅེ་འབྲོག་མོ།                   

ལྷས་ར་གྲུ་བཞིའི་ཟུར་ཁ་ཞིག་ན།།
འདམ་རྫབ་ལྕི་མོའི་ཁུག་སོ་ཞིག་ན།།
གསོམ་དཀར་བཞོ་ཟེའུ་གཡོན་དུ་བཟུང་ཞིང་།།
ལྕགས་ཕུར་ཕྲ་མོ་གཡས་སུ་བཟུང་བའི།།
ཨ་ཅེ་འབྲོག་མོ་རིགས་ཀྱི་འབྱུང་ཁུངས།།

རྫ་རི་མཐོན་པོའིརྩེ་མོ་ཞིག་ན།།
རྫི་གླུ་སྙན་མོ་དབྱངས་ལ་འགུག་ཅིང་།།
འབྲི་དང་མཛོ་མོར་སྙིང་གཏམ་འཆད་ཞོར།།
མ་ཎི་ཡིག་དྲུག་ངག་ན་ཟློ་བའི།།
ཨ་ཅེ་འབྲོག་མོ་བྱམས་ཀྱི་བདག་མོ།།

བྱམས་བརྩེའི་ལྷུ་ཐག་ཉེ་རིང་མེད་ལ།།
བརྩེ་བ་དྲོན་མོ་འཇགས་རྒྱུ་མེད་པའི།།
བུ་དང་བུ་མོ་བྱམས་ཀྱིས་བསྐྱངས་ཤིང་།།
གཡང་ཁྱིམ་ཚང་ལ་དྲོད་ཁོལ་སྐྱིལ་མཁན།།
ཨ་ཅེ་འབྲོག་མོ་བརྩེ་བའི་བདག་མོ།།

འཚོ་བའི་གོད་ཆག་ལུས་ལ་བབས་ཀྱང་།།
རྫུན་དང་ཕྲ་མས་གླེང་འགེལ་བྱས་ཀྱང་།།
སྒྱུག་པོ་སྒྱུག་མོའི་ངོ་གདོང་འཁྲུགས་ཀྱང་།།
ཨ་ཐང་ཆད་པའི་ལོ་རྒྱུས་མེད་པ།།
ཨ་ཅེ་འབྲོག་མོའི་རང་གཤིས་ཡིན་ནོ།།

IMG_0179.JPG

                                                  བདེ་སྐྱིད། ཁྱེད་རང་གང་དུ་ཡོད།

རེ་བ་ག་ཚོད་ཅིག    དུས་ཚོད་ག་ཚོད་ཅིག
ངས་བདེ་སྐྱིད་ཅེས་པའི་ཚིག་འབྲུར་སྐྱེས་སུ་ཕུལ།
ལོ་ཟླའི་སྦུབས་སུ་བཀླུབས་པའི་ཚིག་འབྲུ་གཉན་པོ།
ཁྱེད་རང་དོན་ངོ་མར་ག་ཤེད་ཅིག་ན་ཡོད།
ལོ་དང་ཟླ་བའི་མནར་གཅོད་སེམས་ཀྱིས་བཞེས།
གྲོགས་དང་ན་ཟླའི་བཤད་ཡམས་རྒྱབ་ཏུ་ཁུར།
མནར་གཅོད་དང་བཤད་ཡམས།
བཤད་ཡམས་དང་མནར་གཅོད།
ག་ཚོད་ཅིག་གི་རྗེས་ན་ཁྱེད་རང་ཡོད།
རེ་ཞིང་འཁྲེང་བའི་ཐ་སྙད་ལགས།
མཚན་མོའི་སྨག་རུམ་ཁྲོད་དུ་ཁྱེད་རང་གླེང་།
ཟླ་བའི་བསིལ་འཇམ་ཁྲོད་ནས་ཁྱེད་ལ་འཁྲེང་།
ཁེར་རྐྱང་གི་སྣང་བ་རྫ་རིར་བསྐྱོད་དུས་ཁྱེད་རང་སྒོམ།
གདོང་གི་སྐྱི་མོའི་མཚམས་སུ་ཁྱེད་ཀྱི་བྲིས་རིས་བཀོད།
བདེ་སྐྱིད་ལགས།ཁྱེད་རང་གང་དུ་ཡོད།
ང་གང་ལ་འོང་ནས་ཁྱེད་རང་འཚོལ།
ཁྱེད་རང་ནང་སེམས་ན།
བག་ལ་ཞ་བའི་ཐ་སྙད་ལྐོག་གྱུར་བ་ཞིག་ཡིན་ནམ།
སྙིང་ཉེ་བའི་ཐ་སྙད་ལགས།
                               2016/8/30

                                                   སྟོན་འགོ་མའི་ནང་གི་སེམས་ཚེགས།
 

ལོ་ཟླའི་སེམས་ཚེགས་ལ་བརྒྱུས་པའི་མིག་ཆུ།
མཚན་མོའི་འོབས་དོང་དུ་ལྷུང་བའི་ངུ་སྐད་གཉོམ་པོ།
དལ་བ་དལ་བུར།
སྒྲ་འཛིན་གྱི་བུ་ག་བརྒྱུད་དེ།
རུས་གསེང་དུ་བཞུར།
 
འབྲོང་ཆུང་དར་མའི་སྙིང་ཁྲག་གི་རྫིང་བུ།
རྩ་ལམ་གྱི་སྦུ་གུ་བརྒྱུད་དེ།
ང་ཡི་ཤ་ཁྲག་གི་སྦུབས་སུ་འཐིབས།
 
ངུ་སྐྱེན་ལ་དགོད་བྲོ་བའི་ཉིན་སྐོར་སུམ་ཅུ།
ག་ལེར་ག་ལེར་འགྲམ་དུ་བཅར་དུས།
ང་ཡི་བདེ་སྐྱིད་མེ་ཏོག་ལྟར་རྙིད་སོང་།
འཇའ་ཚོན་ལྟར་ཡལ་སོང་།
 
གཡུ་འབྲུག་གི་གད་རྒྱངས།
ཆུ་མོའི་བཞུར་རྒྱུན།
སྒོ་ཁྱིའི་ཟུག་སྐད།
རིམ་གྱིས་རིམ་གྱིས་འཇགས་ལ་ཉེ་བས།
སྐྱོ་ཡུས་ཀྱི་བྲིས་རིས་གཡའ་སྤང་གི་མཚམས་སུ་བཏབ།
མཚོ་མོའི་གཏིང་དུ་ནུབ་པའི་སྲོག་ཆགས་ཀྱི་ཚོགས།
ག་ལེར་ག་ལེར་ང་ཡི་ཡིད་དུ་སིམ།
 
གཉོམ་དུང་དུང་གི་རང་གཟུགས་ཕྲ་མོར།
མིག་ཟུང་གི་སྒྲིབ་མཚམས་ནས།
ཡང་ཡང་ཅེར་དུས།
ངས་ད་གཟོད།འུ་གཉིས་མཉམ་དུ།
དམྱལ་ཕུག་དང་བྲལ་ཡོད་པ་རྟོགས།
 
ཡིན་ཡང་། མཚན་མོའི་མནར་གཅོད་ཁྲོད།
རང་དབང་གི་འཚོ་བ་མེ་ལ་ཤོར།
རྒྱུ་འབྲས་ཀྱི་བུ་མོ་བག་ལ་བྲོས།
ལྷ་རྟ་རྐྱང་ངེས་ཀྱང་།སྒ་སྲབ་དྲུད་དེ་འདྲོགས།
སྐབས་དེར། ན་ཟུག་གི་རླུང་བུས།
གློ་སྙིང་གི་གསེབ་ནས་ཤེད་ཀྱིས་བསྣུན།
ཤེད་ཀྱིས་ཤེད་ཀྱིས་བསྣུན།

                                                  སྡིག་གྲིབ་ཀྱི་ལོ་མ།

སྡིག་གྲིབ་འཁོར་བའི་ལུས་ཟུང་འདིར།
སྡིག་གྲིབ་ཀྱི་ཡལ་འདབ་བརྒྱ་དང་བརྒྱད།
སྡིག་གྲིབ་ཀྱི་ལོ་མ་རེ་རེ།
གཡའ་སྤང་གི་མཚམས་སུ་འཐོར།
སྡིག་གྲིབ་འཁོར་བའི་ལང་ཚོ་འདིར།
སྡིག་གྲིབ་ཀྱི་སྲིན་འབུས་གཡོགས།
རྩ་ལམ་གྱི་སྦུ་གུ་བརྒྱུད་ནས།
སྣོད་དྲུག་གི་སྦུབས་སུ་འཐིབ།
སྡིག་གྲིབ་ཀྱིས་བཀང་བའི་དམྱལ་ཁམས་ནས།
སྡིབ་གྲིབ་འཁོར་བའི་ལུས་ཤིག་རྙེད།
སྡིག་གྲིབ་ཀྱི་འཇིག་རྟེན།
དམྱལ་ཕུག་གི་གཏམ་རྒྱུད་བྲག་ལ་བཏབ།
བྲག་བརྐོས་ཀྱི་རི་མོ།
སྡིག་གྲིབ་ཀྱིས་ཟིན་པའི་ལུས་ལ་ཐིམ།
                   ༢༠༡༦/༩/༢

IMG_0177.JPG  
                                                     གལ་ཏེ་ང་ཁྱེད་ཀྱི་སྡིག་གྲིབ་ཁྲོད་ཤི་སོང་ན།

གལ་ཏེ་ང་ཁྱེད་ཀྱི་སྡིག་གྲིབ་ཁྲོད་ཤི་སོང་ན།
སྡིག་གྲིབ་ཀྱི་མེ་ལྕེ་བྲག་ལ་འཁོར་ངེས།
བྲག་གི་རི་བོ་མེ་ལ་འབར་ངེས།
མེ་ལྕེ་ལྷབ་ལྷུབ་གཙང་ལ་ལྷུང་ངེས།
གཙང་བོའི་རླབས་རྒྱུན་དེའང་རིམ་གྱིས་འཇགས་ངེས།
གལ་ཏེ་ང་ཁྱེད་ཀྱི་སྡིག་གྲིབ་ཁྲོད་ཤི་སོང་ན།
སྡིག་གྲིབ་ཀྱི་མུ་གེ་སྤང་ལ་ལྷུང་ངེས།
སྤང་གི་མེ་ཏོག་སད་ཀྱིས་བཅོམ་ངེས།
སད་དང་ཐན་པས་ཡུལ་ཁམས་བཀང་ངེས།
ཡུལ་གྱི་བདེ་སྐྱིད་དེའང་རིམ་གྱིས་བཅོམ་ངེས།
གལ་ཏེ་ང་ཁྱེད་ཀྱི་སྡིག་གྲིབ་ཁྲོད་ཤི་སོང་ན།
གལ་ཏེ།གལ་ཏེ་་་་་་་་་་
                           ༢༠༡༦/༨/༢༨

རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།