སྙན་ངག་པ་འདས་པོ་རྨ་སྔགས་ཆོས་དགའི་རྩོམ་ཡིག་བདམས་བཀོད།

རྨ་སྔགས་ཆོས་དགའ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2018-02-28

6F43A28D-C1E1-45C0-8809-04361ED5B290-652-000000447E36FF1B_tmp.JPG

  རྨ་སྔགས་ཆོས་དགའ།  ༡༩༩༢ལོར་མུར་ཕྱག་ཟེར་བའི་རྨ་ཆུའི་འབྲོག་སྡེ་ཞིག་ནས་སྐྱེས་རྗེས། འབྲོག་པའི་བྱིས་པ་ཚོའི་འཚོ་བའི་གོ་རིམ་རེ་རེ་བཞིན་བརྒྱུད་ནས། ད་ལྟའི་རྨ་ཆུ་རྫོང་བོད་སློབ་ཆུང་དང་པོར་འགྲིམས་ཤིང་མཐར་ཕྱིན་ནས། སྔ་གཞུག་ཏུ་གཙོས་བོད་རིགས་སློབ་འབྲིང་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་༢༠༡༣ལོའི་བོད་སྐད་ཡིག་རྩོམ་རིག་སྡེ་ཁག་སོགས་ནས་སློབ་མཐར་ཡག་པོར་ཕྱིན་ལ། གཙོས་བོད་འབྲིང་ནས་སློབ་མའི་ཚོགས་པ་སོགས་ལ་ཞུགས་ཤིང་འགོ་ཁྲིད་ཀྱི་ནུས་པ་དང་སློབ་སྦྱོང་སོགས་མང་པོ་ནས་སྔུན་གྲས་ཡིན། དེའི་རྗེས་སུ་ནུབ་བྱང་མི་རིགས་སློབ་ཆེན་དུ་ཞུགས་ཤིང་དེ་ནས་ཡང་སློབ་མའི་ཚོགས་པར་ཞུགས་པ་དང་སློབ་གྲྭ་དེའི་བོད་སྐད་ཡིག་རིག་གནས་སློབ་གླིང་གི་སློབ་མའི་ཚོགས་པའི་ཚོགས་གཙོ་སོགས་བྱས་མྱོང་། དབྱར་དགུན་གནང་གི་ངལ་གསོའི་དུས་ཚོད་ཆུད་ཟོས་སུ་མི་གཏོང་བར་ནམ་རྒྱུན་ཕ་ཡུལ་དུ་དབྱར་དགུན་གྱི་གསབ་སྦྱོང་འཛིན་གྲྭ་ལོ་ཁ་ཤས་ལ་བསྐྱངས་ཤིང་གཙོ་འགན་འཁུར། མི་ཁོམ་པའི་བར་གསེང་གང་རུང་ནས་བྲིས་མི་ཚར་བའི་བཅད་ལྷུག་སོགས་སྤེལ་བར་ཤིན་ཏུ་དགའ་མོས་ཡོད། ཁོས་ངའི་རྩོམ་ནི་བཙན་གྱིས་ཅི་ཞིག་བྲི་རྒྱུ་ཨེ་ཡོད་བཙལ་བཙལ་ནས་བྲིས་པ་མིན་ལ། དེ་འཚོ་བའི་གྲུབ་ཆ་ཞིག་ཏུ་བསྒྱུར་ནས། འཚོ་བས་ང་ལ་ངང་ངམ་ཤུགས་ཀྱིས་སྨྱུག་ཁ་བསྒྱུར་འགྲོ། འདི་ནི་འགོག་ཐབས་མེད་པ་ཞིག་རེད་ཅེས་བཤད་མྱོང་།
  ཤིན་ཏུ་ཡིད་ཕངས་པ་ཅིག་ལ། སྤྱི་ལོ་༢༠༡༨ལོའི་སྤྱི་ཟླ་༢པའི་ཚེས་༢༦ཉིན་གྱི་ཞོགས་ཀར། ཁོ་རང་སྟབས་མ་ལེགས་པར་རླངས་འཁོར་དོན་རྐྱེན་ཞིག་ཏུ་ཚུད་ནས་སྐུ་བདེ་བའི་ཞིང་དུ་གཤེགས། འདི་འང་དུས་རབས་ཉེར་གཅིག་པའི་བོད་ཀྱི་ན་གཞོན་གྱི་དཔུང་སྡེའི་གྱོང་གུད་ཅིག་དང་ཡང་ན་རྩོམ་པའི་སྡེ་ཚོགས་ཀྱི་རེ་བ་ཆེ་བའི་སྨྱུག་གྲོགས་ཅིག་མེད་བརླག་ཏུ་གྱུར་བ་རེད།

                      འཁྲེང་སེམས།

སྡོང་ལོ་ས་རུ་ཟགས
གྲང་རླུང་ད་དུང་ཤུར་ཤུར་ལྡང
སེམས་པ་ཤུ་བའི་རྣམ་ཤེས་འཁྱམ་པོར
རྨི་ལམ་གྱི་གཤོག་ཟུང་ཅིག་རྒྱས་སྲིད་དམ

དུས་ཚིགས་དེར
དྲག་ཆར་ཆེན་པོ་བབས་ནས
དམ་བཅའི་མཁར་རྫོང་གི་ཕྱི་ནང་བཤིག
འབྱུང་བ་ལ་འཐིམ་པའི་གནམ་མཁར་དེ
སུ་ཡིས་ང་ལ་བསྐྱར་བཞེངས་བྱེད་ཐུབ

ས་སྲོད་ཀྱི་དུས་སུ
ཁེར་རྐྱང་གི་སྣང་བ་རྒོད་པས
ཕྱི་རོལ་དུ་འཆམ་འཆམ་ལ་སོང
བསམ་ཚོད་ལ
དུས་ཡུན་རིང་བོ་ཞིག་འདས་ཟིན
འོན་ཀྱང
ཟླ་འོད་ད་དུང་མཐོང་མ་བྱུང

                 ༡༤ལོའི་ཟླ་༡༡པའི་ཚེས་༢༦ཉིན་ལ།

                      སྟོན། 

གསེར་ལྡན་མས་གསེར་གྱི་ལྭ་བ་མནབས།།
འདབ་ལྡན་མས་ན་བཟའ་གསར་དུ་བརྗེས།།
ལུས་ཕྲ་མས་གཞི་ནས་ངོ་དམན་ཏེ།།
འཕྱོར་གོས་དེ་ཨ་ལ་ལུས་ལ་བླངས།།

གཞན་གྱིས་གསོས་གཞན་གྱི་ཡུལ་དུ་འགྲིམས།།
ཡིད་དགའ་མ་ཡང་མ་དགའ་བྱོལ་ནས་སོང་།།
ནམ་མཁའ་དབུགས་རྟག་ཏུ་འུར་འུར་ལྡང་།།
སྟོན་གྱི་དུས་ཨ་ལ་སྟོང་འཇགས་སོ།།

སྦྲང་ཆར་གྱི་དངོས་སྒྲུབ་བསྩལ་ནས་ཚར།།
ཆར་སྐུ་ཡི་མེ་ཏོག་མ་འཛུམ་གོང་།།
ས་རྡུལ་གྱི་འཚུབ་མ་འདུར་མ་རྒྱུག།
སྟོན་གྱི་དུས་ཨ་ལ་ངུ་མ་དགོད།།

མདོངས་ལྡན་མས་དབྱར་གྱི་མཛའ་བོ་དྲན།།
རིགས་ཀྱི་བུས་ཕ་སར་མིག་མདའ་ཤོར།།
གནས་འདི་ཡི་གྲང་རླུང་ཇེ་རྒོད་རེད།།
འབྲོང་མོ་ང་ཨ་ལ་གངས་སུ་བསྐྱོད།།

             མི་རྟག་པ། 

     འཚོ་བ་ནི་རླུང་ཁ་ན་ལྷེམ་ལྷེམ་འགུལ་བའི་མར་མེ་རྐང་གཅིག་དང་འདྲ་ལ། མི་ཚོ་མར་མེའི་མདངས་ལ་འཐིམ་པའི་འབུ་མེ་ལྕེབས་ཅིག་གི་ལས་དབང་དང་ཅི་འདྲའི་མཚུངས་ཨང་། སྐབས་སྐབས་སུ་ཆུ་ཆར་སླེབས་ཁའི་གྲོག་མའི་ཚོགས་བཞིན་མཉམ་དུ་འཛོམས་ཤིང་། ལྷན་དུ་འདུས། དེ་དུས། ང་ཚོ་ལ་བར་ཐག་མེད། ང་ཚོ་ལ་སུན་སྣང་མེད། ང་ཚོར་དམག་འཁྲུག་དང་མིག་ཆུ་ཡེ་ནས་མེད། 

     འཚོ་བ་ནི་རྔུལ་ཆུས་བཞེངས་པའི་གཏམ་རྒྱུད་ཅིག་གི་ས་ཚིགས་དང་འདྲ་ལ། མི་ཚོ་རྫོགས་མཐའ་མེད་པའི་འགྲུལ་བཞུད་ཀྱི་ལམ་ཁ་ནས་གཏམ་རྒྱུད་ཀྱི་ས་ཚིགས་རེ་རེ་བརྒྱུད་པའི་མགྲོན་པོ་ཞིག་དང་ཅི་འདྲའི་མཚུངས་འང་། ཟང་ཟིང་གི་ས་ཚིགས་ཅིག་ཏུ་སླེབས་རྗེས། དུས་ཚོད་ཀྱི་རྗེས་སྙེག་ནས་མུ་མཐུད་དུ་འགྲོ་དགོས། སྟོན་རླུང་འཚུབ་ཁའི་བྱ་ཁྱུ་བཞིན་ང་ཚོ་རང་རང་གི་གནས་སུ་འགྲིམ་དགོས། དེ་དུས། ང་ཚོ་ལ་གྱེས་བྲལ་གྱི་གདུང་བ་ཟབ། ང་ཚོ་ལ་ཁེར་རྐྱང་གི་ན་ཟུག་རྒོད། ང་ཚོར་དགོད་སྒྲ་མེད་ལ་བདེ་སྐྱིད་ཟེར་བ་གང་ན་ཡོད། 

    འཚོ་བ་ནི་ལྷིང་འཇགས་ཀྱི་མཚན་མོའི་ཕྱི་ནང་ན་ལྷོད་ཡངས་ཀྱིས་འཚེར་བའི་དཀར་གསལ་ཟླ་འོད་དང་འདྲ་ལ། མི་ཚོ་ཟླ་བའི་འོད་ལ་འཁྲེན་པའི་མེ་ཏོག་ཀུ་མུ་ཏ་ཞིག་དང་ཅི་འདྲའི་མཚུངས་ཨང་། ནར་སོན་གྱི་གོ་རིམ་ཁྲོད་དུ་རྒྱལ་ཁ་དང་འཛུམ་མདངས། དགོད་སྒྲ་དང་བརྩེ་བའི་ཟླ་འོད་འཛུམ་པའི་ཚེ་ན། ང་ཚོ་ལ་སྡུག་ཡུས་མེད། ང་ཚོ་ལ་འོ་དོད་མེད། ང་ཚོ་ལ་ཕམ་ཁ་དང་གྱོང་གུན་ཟེར་བ་གཏན་ནས་མེད། 

     འཚོ་བ་ནི་གློག་འབྲུག་འཐབ་པའི་ཚེ་ན་ཤག་ཤག་འཇོ་བའི་དྲག་ཆར་རྒོད་པོ་དང་འདྲ་ལ། མི་ཚོ་དུས་ཚིགས་ཅིག་ལ་ངལ་བས་འབུས་རྗེས། ཆུ་ཆར་གྱིས་གཙེས་ཤིང་བཅོམས་པའི་འབྲས་ལྡན་སྙེ་མ་ཞིག་དང་ཅི་འདྲའི་མཚུངས་ཨང་། ལོ་ཟླའི་འགྲུལ་བཞུད་ཀྱི་ལམ་ཁ་ནས་ཚ་བ་གདོང་གིས་བསུས་ཤིང་། གྲང་ངར་རུས་ལ་ཟུག་བཞིན་ལང་ཚོའི་གཟི་བྱིན་སྤོབས་པས་ངོམས་དུས། དུས་ཚིགས་ཅིག་ལ་སྦྲུམ་པའི་ཆུ་དང་ཆར་བ་སླེབས། དེ་དུས་ང་ཚོ་ལ་མཛེས་སྡུག་མེད། ང་ཚོའི་ལང་ཚོའི་སྤོབས་པ་ལྷག་ཏུ་ཞུམ། ང་ཚོ་ལ་འཚོ་བ་མེད་ལ་འཚོ་བའི་ཁ་ཕྱོགས་ཟེར་བ་གང་ན་ཡོད། 

                       འབྲོག་པ།

རི་ཁར་ཀྱམ་པའི་ལུག་ཁྱུ་དེ་ཚོ་ལ་མོ་གང་དུ་ཉུལ།
སྨུག་པའི་ཀློང་གི་འབའ་སྐད་དེ་ཡི་སྨྲ་བ་ག་དུས་འགག
ཁྱེད་ལ་བལྟས་པའི་མིག་ཟུང་དེའང་གཞི་ནས་ངལ་བར་གྱུར།
འཐག་གིས་བཏགས་པའི་སྦྲ་རྒན་དེའང་ད་ལྟ་གང་དུ་ཡོད།
རལ་བ་འཕྱང་བའི་འབྲོག་པ་དེ་ཚོ་ཡུལ་ལུང་གང་དུ་འཁྱམས།
ཁྱེད་ལ་འཁྲེང་བའི་ཞེ་སེམས་དེའང་སྨྲེང་ནས་སྨྲེང་བར་གྱུར།
རྐྱང་རྒོད་གཡེར་བའི་རྨིག་སྒྲ་དེ་ཡིས་གནམ་ས་ཡོམ་ཡོམ་བཏང་།
ནོར་ཁྱུ་སྲུང་བའི་འབྲོག་ཁྱུ་དེ་ཚོས་ཁ་ལྕེ་སྐམ་པར་གྱུར།
སྨུག་པས་ཟིན་པའི་སྤང་རི་དེའང་ཁྱོད་དང་འབྲེལ་བ་ཡོད་དམ་མེད། 

                       མུན་པ།

དུས་ཚོད་ཀྱི་སྣེ་མོར་དཔྱངས་ཏེ། ལོ་དང་ཟླ་བའི་རྔུལ་ཆུས་བརྐོས་པའི་འགྲུལ་བཞུད་ཀྱི་གསང་རྣམ་དེ་སུ་ལ་བརྗོད། ལྗང་ལོ་ལ་དགོས་པ་ཉི་འོད་དང་ཆུ་མོ་ལ་རོལ་མཁན་གསེར་མིག་ཡིན་པ་བདེན་དུ་གྲུབ་ཀྱང་། འཚོ་བའི་གྲུ་ཁ་ན་ནམ་རྒྱུན་བྲེལ་འཚུབ་ཀྱིས་འདུར་བའི་ང་ཚོ། ལོ་ཟླ་ག་ཙམ་གྱི་རྗེས་སུ་ཧན་ནེའུ་ཧྥུ་ལྟ་བུའི་གནས་ཞོད་འཇགས་ཅིག་ནས། ཞེ་ལྷོད་ལྷོད་ངང་ས་ཁུ་སའི་རོལ་དབྱངས་ཅིག་ལ་རོལ་ཆོག  གཅིག་བྱས་ན། དེ་ནི་ཁྱོད་དང་ང་ལ་མཁོ་བའི་ཆེས་བདེ་བ་ཁྱད་པར་བ་དེ་ཡིན་སྲིད།

རྒྱང་རིང་ན་མེ་ཏོག་མང་བས་ང་ཚོས་ནམ་རྒྱུན་དཔྱིད་ཟླ་དྲན། རྒྱང་རིང་ན་རྨི་ལམ་ཡོད་པས་ང་ཚོས་ནམ་རྒྱུན་མཚན་མོར་སྒུག། རྒྱང་རིང་གླེང་དུས་རྒྱང་རིང་ན་ཡོད་དགུ་འཛོམས། ཡིན་ཏེ། རྒྱང་རིང་ལ་བལྟས་ཏེ་རྒྱང་རིང་འགྲིམ་མཁན་དེ་ཁོ་དང་ཁོ་བོའི་མིག་ཟུང་ལགས་ན། དུས་ཡུན་ག་དུས་ཙམ་ལ་སེམས་ཀྱིས་གཉོར་ཞིང་མིག་གིས་འཚོས་པའི་རྒྱང་རིང་གི་ཟེའུ་འབྲུ་རྙིད་པོ་དེ་སུ་ཞིག་གི་བསླུ་བྲིད་ཡིན།

 དུས་ཚིགས་ལ་ཁ་ཆར་འཁྲིགས་ཀྱང་རྨི་ལམ་ལ་གཤོག་པ་ཐོགས་པའི་ང་ཚོ། ལན་རེར། གཙང་གཞུང་ན་རླབས་ཀྱི་འགྲོས་ལྟར་རྒྱང་དུ་བསྐྱོད་པའི་ལོ་མ་སེར་པོ་ཅིག་དང་ཅི་འདྲའི་མཚུངས་འང་། དུས་ཡུན་ག་ཙམ་གྱི་རྗེས་སུ་ཁྱེད་རང་གང་དུ་སླེབས་སམ། ཁྱེད་ཀྱིས་ཅི་ཞིག་མཐོང་ངམ། ཁྱེད་ལ་ཅི་ཞིག་ཐོབ་བམ།

   མུན་པ་དེ་མཚན་མོའི་སྨག་རུམ་དང་འདྲ་ལ་དེའང་མ་ཡིན་པའི་མུན་པ་འདི། སྙིང་ཁར་བརྡབ་པའི་དུས་ཚོད་མདའ་ཁབ་དེའི་ལན་ཆགས་ཡིན་ནམ། ཡང་ན། སྤྲིན་ནག་འཁྲིགས་པའི་ནམ་མཁའ་ཧྲིལ་བོ་དེའི་འཇིགས་པ་ཡིན། 

                       འབྲོག་ཕྲུག་མ། ཚེ་རིང་དབྱངས་སྐྱིད།

                                                                                          ____སྐྱེས་མའི་དུས་ཆེན་ལ་ཕུལ།

ལྷབ་ལྷུབ་ཁ་བས་མི་སེམས་ཀྱི་ཕྱི་ནང་བརྒྱུད་དེ་ཞོགས་པ་འདིའི་ངོ་གདོང་ལ་བྱིལ་བྱིལ་བཏང་། ལུས་རྟེན་བོར་བའི་རྣམ་ཤེས་མང་དག་ཅིག་རླུང་གིས་གཡོ་བཞིན་མཁའ་རུ་ཁུར་ཏེ་དེ་རིང་གི་འོད་སྣང་སྒྱུ་འཕྲུལ་གྱིས་གཡོགས། གྲང་ངར་རུས་ལ་ཟུག་པའི་རྫ་འདབས་ཀྱི་འབྲོག་ཕྲུག་མ། ཚེ་རིང་དབྱངས་སྐྱིད། སྤང་གི་གཞུང་ན་བཞད་མེད་ཀྱང་མེ་ཏོག་གི་དྲི་བསུང་འཐུལ་བའི་མཛངས་མ་ཁྱོད། དུས་ཆེན་འདི་མ་གཞི་ནས་ཁྱོད་ཁོ་ན་ལ་དབང་བའི་ཉིན་མོ་ཞིག་ཏུ་ངེས།

དཔྱིད་རླུང་བསིལ་མོ་འདིའི་ལྟེབ་ཁུགས་ནས། རྟེན་འབྲེལ་ཞུ་ཡིག་ཅིག་ལ་མགོ་རྐང་སྒྲིག་བཞིན། མ་གཞི་སྐྱེས་མའི་དུས་ཆེན་བསུ་གྲབས་བྱས་མོད། ཡང་སྙིང་སྐྱེས་མའི་རྫུ་བག་དང་གཅོང་སེམས་ཀྱིས་ལྗང་ལོའི་ལང་ཚོ་བཅོམས་ཤིང་ངང་བ་འདམ་ལ་ཟུག་པའི་གཏམ་རྒྱུད་དེ་དག་ཡིད་ལ་དྲན་༌པ་དང་། དྲན་པ་དེའི་གསེང་གི་གདུང་བ་དེས་དེ་རིང་གི་བསྟོད་ཚིག་ལ་ཆོག་མཆན་ཅིག་རག་མ་བྱུང་། སྤང་གི་གཞུང་ན་ནོར་ཁྱུ་སྲུང་བའི་འབྲོག་ཕྲུག་མ། ཚེ་རིང་གཡང་སྐྱིད། རྟག་བརྟན་གྱི་རི་བོ་དང་གཞུང་དྲང་གི་མཛངས་མ་ཁྱོད། དུས་ཆེན་འདི་མ་གཞི་ནས་ཁྱོད་ཁོ་ནར་འཚམ་པའི་ཉིན་མོ་ཞིག་ཏུ་ངེས།

རླབས་རིས་དང་གཡོར་གྲུ་ལྷན་གཅིག་ཏུ་ཡོམ་ཡོམ་འགུལ་བའི་མི་ཚོགས་ཀྱི་གྲུ་ཁ་འདི་ནས། གཙང་གཞུང་ན་དཀྱེལ་ཡངས་གིས་བསྐྱོད་པའི་གཡོར་གྲུ་ལ་མཚོ་རླབས་ཀྱིས་ཁྲེལ་མེད་མི་བྱེད་པ་བདེན་དུ་གྲུབ་ཅིང་། ནམ་ཞིག་མཚོ་མོའི་འཇིངས་སུ་ཟུག་པའི་གསེར་མིག་ཉྭ་མོའི་བསླུ་བྲིད་དེ་ཡིས། དཔའ་ངར་གྱིས་བསྐྱོད་པའི་གྲུ་གཟིངས་ལ་མགོ་བསྐོར་ཐེབས་ཨེ་འགྲོ་བསམ་ཚེ་དེ་རིང་གི་དུས་ཆེན་འདི་རོལ་རྒྱུ་ཡང་སྐྲག་དགོས་པ་ཞིག་རེད། རི་ཚོགས་ཀྱིས་བསྐྱོར་ཞིང་བསྐྱིལ་བའི་འབྲོག་ཕྲུག་མ། ཚེ་རིང་གཡང་སྐྱིད། གཞུང་བཟང་གི་སྐྱེས་མ་དང་ལྷིང་འཇགས་ཀྱི་རྫིང་བུ་མ་ཁྱོད་ལྟ་བུ་མང་ཚེ། རྒྱང་རིང་ལ་བསྐྱོད་པའི་གཡོར་གྲུ་དེ་ཡང་སེམས་བདེ་མོའི་ལོག་ཕེབས་གནང་སྲིད་པས། དུས་ཆེན་ཅིག་མཆོད་ཅིང་བཀུར་བའི་མེ་ཏོག་ཆུན་པོ་དེ་ཁྱོད་ཁོ་ནར་གཏོར་ཡོད།  

                         གཟི་མིག་དགུ་བ།

                                              _______གློག་བརྙན་《རྒྱུད་སྐུད་སྟེང་གི་རྣམ་ཤེས》ལ་བལྟས་རྗེས།

རྔོན་པ་རི་ལ་ཤོར་སོང་།།
ཤྭ་ཕྲུག་ཆུ་ལ་བསྐྱུར་སོང་།།
རྩྭ་ཆུ་འཛོམས་པའི་སྤང་ན།།
ཤེའུ་དྭ་ཕྲུག་ཡིན་པ།།

ཕ་དེ་འདས་པའི་འཁོན་ལ།།
དགྲ་འདུལ་དགྲ་རུ་ལངས་སོང་།།
ལག་དམར་རི་ལ་འཁྱམ་ནས།།
རི་དྭགས་མང་དུ་རྔོན་པ།།

ལུག་ཁྱུ་རི་ལ་ཞོགས་སོང་།།
ཟུར་མིག་རྔོན་པར་ཤོར་སོང་།།
ལུག་རྫི་བུ་མོ་ཁྱུང་ལགས།།
མི་སྡོད་འགྲོ་རྒྱུ་ཡིན་པ།།

བླ་ནོར་གཟི་མིག་དགུ་བར།།
སེམས་ཀྱི་མདུད་པ་བརྒྱབ་ཡོད།།
གནས་ཆེན་འཕགས་ཡུལ་སྙེག་ནས།།
ཡིད་ཀྱི་སྡུག་ཡུས་སེལ་བ།།

ཕ་མེས་ལན་སོང་མ་གསུངས།།
ཤ་འཁོན་ཆེ་སོང་མ་ཟེར།།
ཤ་འདྲེས་པགས་པའི་བར་ན།།
ཤ་ཁྲག་གཅིག་གིས་སྦྲེལ་ཡོད།།

                        ཕ་ཡུལ། 

ཕ་ཡུལ་ནི། བརླན་ཤག་ཤག་གི་དཔྱིད་མགོའི་ལྗང་ལོ་དེ་ཡིན་ལ་དེ་ཁོ་ན་མིན།
ཕ་ཡུལ་ནི། འཇམ་ཤིག་ཤིག་གི་བལ་དཀར་གྱི་མལ་གདན་དེ་ཡིན་ལ་དེ་ཁོ་ན་མིན།
ཕ་ཡུལ་ནི། རྫ རི་དང་སྤང་རིའི་སྡེ་ཚན་དེ་ཡིན།
ཕ་ཡུལ་ནི། འབྲུ་ལྡན་སྙེ་མའི་མགོ་འཕང་དེ་ཡིན།
ཕ་ཡུལ་ནི། རྨ་ཆུ་ལུ་མའི་བཞུར་རྒྱུན་དེ་ཡིན།
ཡང་ན། ངལ་དུབ་དང་སུན་སྣང་རྒྱབ་གང་ཁུར་འོངས་ཏེ་ངལ་གསོ་ཐེངས་གཅིག་བྱེད་ཆོག་སའི་གནས་མལ་དེ་ཕ་ཡུལ་ཡིན།

ཕ་ཡུལ་ནི་ཉི་འོད་དང་མཁའ་དབུགས་འཇམ་སའི་སྤང་ལྗོངས་དེ་ཡིན་ལ། དེ་ཁོ་ན་མིན།
ཕ་ཡུལ་ནི་མེ་ཏོག་ལུ་གུ་འཚར་སའི་འབྲོག་སྡེ་དེ་ཡིན་ལ། དེ་ཁོ་ན་མིན།
ཕ་ཡུལ་ནི་rapདང་S.Dའཁྲབ་སའི་ཁྲོམ་སྲང་དེ་ཡིན་ལ། དེ་ཁོ་ན་མིན།
ཕ་ཡུལ་ནི་barདང་IBམང་སའི་རྫོང་དེ་ཡིན་ལ། དེ་ཁོ་ན་མིན།

འཁོར་བ་རྩེད་ཤོག་གིས་གཙེས་པའི་རྩེད་རིགས་མང་ས་དེ་ཕ་ཡུལ་ཡིན།
ཚེ་སྲོག་ཆང་ཕོར་ལ་བརྗེ་བའི་ར་བཟི་དེ་ཡང་ཕ་ཡུལ་ཡིན།
ལྕི་འདམ་གྱི་ཁྲོད་ན་སྐྱོ་བ་བསང་བའི་མིག་ཟུང་ཆ་གཅིག་དེ་ཕ་ཡུལ་ཡིན།
སྟོང་ལུག་གི་མཐའ་ན་ཀི་སྒྲ་སྒྲོག་གིན་པའི་གད་རྒྱངས་དེ་ཡང་ཕ་ཡུལ་ཡིན།

གང་ལྟར་དེ་ན་དགོད་སྒྲ་ཡོད། མིག་ཆུ་ཡོད།
དེ་ན་རྨི་ལམ་ཡོད། རྗེས་ཤུལ་ཡོད།
བདག་ག་ལེར་འཛུམ་ཆུང་ཤིག་ཤིག་གིས་ཁྱོད་ཀྱི་པང་ལ་ལོག་འདོད་པ་དེ་ཡང་།
ཁྱེད་ཀྱི་མཛེས་སྡུག་གི་བསླུ་བྲིད་ཅིག་ཡིན་ལ།
ཁྱེད་གཏན་དུ་སྒྲིབ་གཡོག་མེད་པར་ངའི་མཐོང་ལམ་དུ་མངོན་དོན་དེ་ཡང་།
ངའི་དུངས་ཞེན་གྱི་འཇུ་ཐག་དམ་དྲགས་པས་ཡིན།

                               ༢༠༡༦ལོའི་ཟླ་༣པའི་ཚེས་༢༢ཉིན།

                      བགྲོད་ལམ།

ལྷགས་རླུང་ཡང་མོ་ཞིག་ས་ཆེན་གྱི་སྲུབས་ཀ་ནས་དལ་གྱིས་ལྡང་དུས། བྱ་ཁྱུ་རྒྱང་རིང་དུ་འཕུར་ཞིང་སྡོང་ལོའི་རྒྱང་བཞུད་ཀྱི་ཟིན་ཐོ་ཡང་སེར་བོ་ས་ལ་འཐིམ། སྨུག་ལང་ལོང་དུ་འཐིབ་པའི་དུས་ཚིགས་དེར། ཁྱོད་ཀྱིས་གཞི་ནས་རང་ཉིད་ལ་ཁ་ཕྱོགས་ཤིག་བཙལ་ཏེ་ཉིན་མཚན་གྱི་སྒེའུ་ཁུང་ཡངས་མོར་ཕྱེས། བགྲོད་ལམ་གྱི་རི་མོ་དེ་མ་གཞི་ནས་ཀྱག་ཀྱོག་ཅིག་ཡིན་མོད། ལྷིང་འཇགས་ཀྱི་འགྲུལ་བཞུད་ཁྲོད་ལ་བསམ་གཞིག་གི་གོ་སྐབས་མང་དུ་ཐོབ་ཅིང་། རེ་དོགས་ཀྱི་ཁྲོད་ནས་ཁྱོད་ཀྱིས་འཛུམ་མདངས་དང་གཅོང་སེམས་བསྟུད་མར་རྙེད། ཁྱོད་རང་འཚང་ཁ་དང་འུར་ཟིང་ཆེ་བའི་མི་ཚོགས་ཀྱི་གྲུ་ཟུར་ནས་འགྲེང་སྟེ། ཕ་རོལ་ཕ་རོལ་གྱི་ལམ་སྣེ་མིག་གིས་འཕྲེང་ཞིང་སེམས་ཀྱིས་ཉར་ཡང་། ཁྱོད་ལ་དབང་བའི་ལང་ཚོར་ཕུགས་འདུན་རི་ཚོགས་ཀྱི་རླུང་བུས་ཡང་ཡང་གཙེས་བས། ཁྱོད་ལ་ཅི་ཡང་ལྷག་མེད། 

                     ལོ་དེ་ལ།

   སྒེའུ་ཁུང་ལས་འཕྲོས་ཡོང་བའི་འཇམ་ལྷོད་ལྷོད་ཀྱི་ཉི་ཐིག་སྒོར་སྒོར་དེ་ནི་༢༠༡༦ལོའི་ཆེས་མཇུག་མཐའི་དྲོད་ཀྱི་ལྷག་མ་རེད། དུས་ཚོད་ནི་ཕ་ཡུལ་ལུང་པའི་ཉེ་འདབས་ན་བཞུར་བའི་རྨ་ཆུ་ལུ་མ་དང་ཅི་འདྲའི་མཚུངས་ཏེ། ཉིན་དང་མཚན་ལ་ཆད་པ་མེད་པར་མདུན་ནས་མདུན་དུ་རྒྱུ་བ་ལས་ལྡོག་ཕྱོགས་སུ་བཞུར་མི་སྲིད། དེ་རིང་ཡང་ཏག་ཏག་བགྲང་བྱ་གཅིག་གི་འདས་ཟིན་པའི་འགྲུལ་བཞུད་ཀྱི་གོ་རིམ་མཐའ་དག་ལོ་ཟླའི་ལྡེབས་རིས་སུ་བཀོད་དེ། གནམ་ལོ་གསར་བ་ཞིག་གི་རྟེན་འབྲེལ་བསུ་བའི་ང་ཚོ། ཡང་བསྐྱར་རེ་བ་དང་ཡིད་ཆེས་ཁྲོད་ནས་དུས་ཀྱི་ས་ཚིགས་གསར་བ་ཞིག་ཏུ་སླེབས། 

   ༡༣ལོའི་དཔྱིད་ཀ། བསིལ་རླུང་དང་ལྷན་དུ་འབུས་པའི་ལྗང་ལོ་ཡིས་རི་སྡེ་ཕྲ་མོའི་ཁོ་ར་ཁོར་ཡུག་གཡོགས། མི་རྣམས་ཀྱིས་ཕུགས་བསམ་གླེང་ལ། འཚོ་བའི་རི་མོར་སྐྱ་ཐིག་འགོད། དཔེ་ཁུག་རྒྱབ་ཏུ་འཁུར་བའི་ང་ཡང་སྡེ་གྲོང་ནས་ལམ་ལ་ཆས་ཏེ་རང་ཉིད་ལ་དབང་བའི་སློབ་སྦྱོང་གི་ལམ་ཁར་སྙེག། དེ་ནི་ལོ་དེའི་ཆེས་ཐོག་མའི་དཔྱིད་མགོའི་ལྗང་ལོ་འབུས་ཚུལ་དང་མི་སོ་སོ་རེ་བའི་ཁྲོད་ལམ་ལ་ཆས་པའི་འོད་སྣང་ཅིག་གི་མངའ་ཐང་རེད། 

    ༡༦ལོའི་དབྱར་ཁ། ཆར་ཟིམ་ཁྲོད་ཀྱི་མེ་ཏོག་སྙིང་དུ་སྡུག། སྨུག་ལོང་ཁྲོད་ཀྱི་གྲོང་ཚོ་ཡིད་དུ་འོང་། ལྗོན་ཤིང་རྩེ་ཡི་བྱེའུ་ཆུང་གིས་དབྱངས་རྟ་ངག་ལ་དྲངས་ཏེ་ཅི་ཞིག་ཀློག་གིན་འདུག་ལ། དཔེ་ཁུག་འཁུར་བའི་ངའི་མཐོང་ལམ་གྱི་ཁོ་ཚོས་ཀྱང་བྲེལ་བྲེལ་ཚུབ་ཚུབ་ཀྱི་ཁྲོད་ནས་གང་ཞིག་འཚོལ་བཞིན་ཡོད།དུས་ཚིགས་དེ་མ་གཞི་ནས་རྨི་ལམ་མང་སའི་འཚོལ་སྙེག་གི་ལམ་བུ་ཞིག་ཏུ་ངེས་ལ། ངས་འཇའ་ཚོན་ལ་འཁྲེང་བཞིན་ཆུ་ཆར་ཁྲོད་ནས་རང་ཉིད་ལ་འོས་འགན་ཞིག་གི་མིང་བྱང་བསྩལ། དེ་ནི་དབྱར་སྡོང་གི་གྲིབ་བསིལ་འོག་ནས་ནམ་རྒྱུན་ལུས་སེམས་གཡེང་བར་གོམས་པའི་ཁོ་བོས། ལོ་ཟླ་དེ་ཚོད་ཚོད་ལ་ཆུད་ཟོས་སུ་མ་བཏང་བའི་རྔུལ་ཆུ་ཐིགས་པ་གཅིག་གི་རིན་ཐང་ངོ་།

    ༡༦ལོའི་སྟོན་ཁ། སྡོང་མགོའི་ལོ་མ་སེར་བོར་གྱུར་བའི་གསེར་མདོག་གི་དུས་ཚིགས་དེར། ཏག་ཏག། ཆེས་ཡི་གར་འོང་བ་ནི་རིགས་རྒྱུད་དང་དད་མོས་མི་འདྲ་བའི་མི་རྣམས། མ་གྲོས་གཅིག་མཐུན་སྒོས་སྟག་ལ་སྐྱ་བོར་འཛེགས་ཏེ་དགའ་མགུས་ངང་ཤོག་བྱ་སྤུར་བའི་རྣམ་པ་རེད། གོ་ཐོས་སུ། ཤོག་བྱ་སྤུར་བ་ནི་རྨི་ལམ་ལ་གཤོག་པ་ཐོགས་ནས་གནམ་འཕང་གཅོད་ཚུལ་གཞན་ཞིག་ཡིན་པས། གཙང་བོའི་རབ་ཁ་དང་མཐོན་པོའི་རི་སྒང་ནས་མི་རྣམས་ཤོག་བྱ་གཏོང་རྒྱུར་དགའ་བོ་ཡོད། ཤོག་བྱ་དག་རི་མགོའི་རླུང་གིས་བསྐྱོད་དེ་རྒྱང་ནས་རྒྱང་དུ་འཕུར་ཞིང་།སློབ་ཆེན་སློབ་མཐར་ཕྱིན་ལ་ཉེ་བའི་མི་རྣམས་རྒྱང་རིང་གི་ཤོག་བྱ་ལ་འཁྲེང་བཞིན། སྟོན་གྱི་སད་སེར་ཁྲོད་ནས་ལམ་ཁ་མི་འདྲ་ནའང་ཕུགས་འདུན་གཅིག་ལ་བཅོལ་ཏེ་རང་ཉིད་ཀྱི་རྒྱང་རིང་ལ་གསེར་གྱི་ཤོག་བྱ་རེ་བཟོ་བར་བྲེལ། 

  ༡༦ལོའི་དགུན་ཁ། ཕྱི་རོལ་གྱི་ཁོ་ར་ཁོར་ཡུག་འཁྱག་རེངས་སུ་གྱུར་ཞིང་། ས་ཆེན་གྱི་གཞི་ན་འཚོ་བའི་བྱ་ཁྱུའི་ཚོགས་ཀྱང་ཁྱུ་དང་ཁྱུ་བྱས་ཏེ་ལྷོ་རུ་འཕུར། ཉི་ནུབ་ཀྱི་ཕྱི་མིག་ལ་གུས་པོས་གྱེས་ཕྱག་གཏོང་བཞིན། ད་ནི་ཕ་ཡུལ་ཞེས་ཐ་སྙད་སྙི་ས་སྙི་ས་དེའི་པང་ལ་ལོག་འགྲོ། སྲིད་ཇུས་འགྱུར་ཡོད་སྟབས་སྡེ་གྲོང་གི་རྣམ་པ་ལ་ཡང་འགྱུར་ལྡོག་གསར་བ་བྱུང་ཡོད། མ་ཟད་ཡུལ་མིའི་རྟོགས་སད་ཀྱི་ཚོར་བ་ཇེ་རྒོད་ཡིན་མོད། ཕ་ཡུལ་ལ་སྔར་བཞིན་རླུང་འཚུབ་ཆེ་ལ། རླུང་ནག་འཚུབ་མ་ལྟ་བུའི་གསར་འགྱུར་ཤིན་ཏུ་མོད། 

   ༢༠༡༦ལོ། སྔར་བཞིན་འཚོལ་སྙེག་གི་ལམ་ཁ་ན་གྲུབ་འབྲས་ཆུང་ཡང་རེ་བཞག་གི་འདུན་མ་མ་དོར་བའི་སེམས་ཀྱི་དཔྱིད་ཀ་ཞིག་སྒྱུ་འཕྲུལ་གྱིས་བཏེགས་པའི་འཚོ་བའི་ལམ་ཁ་ན་སྐབས་རེར་དཔྱིད་མགོའི་ལྗང་ལོ་ལྟ་བུའི་དྭངས་གཙང་གི་དགའ་མགུའི་འཛུམ་མདངས་ཡོད་ལ། ལན་རེར་ལུས་ཀྱི་སྙུང་གཞི་དང་ཡང་ཕམ་བསྐྱར་ཕམ་ཁྲོད་ནས་སྡུག་ཡུས་རུམ་གང་ཁུར་ཏེ་ཨ་ཆད་འུ་ལ་ཐུག་མྱོང་། 

   ཕ་ཡུལ་ནས་མི་སེམས་ལྷབ་ལྷུབ་གཡོ་བའི་ཕྱི་རོལ་གྱི་རླུང་བུས་གཤོག་པ་ལྡེབ་ཙམ་ལྡེབ་ཙམ་གྱིས་སྒོ་ཁའི་དར་ལྕོག་ཀྱང་ཕར་གཡོ་ཚུར་གཡོ་བཏང་། གང་ལྟར། ངས་རླུང་བུའི་དར་དིར་འཁྲོལ་བའི་གདུང་དབྱངས་དང་ལང་ཚོའི་མངའ་ཐང་སྦྲུམ་པའི་འོད་ཀྱི་འཛུམ་དམུལ་ཁྲོད་ནས་འདས་སོང་གི་བགྲང་བྱ་གཅིག་ལ་ཕྱིར་མིག་ཐེངས་གཅིག་བལྟས། 

    ཡོད་ཚད་འགོ་རྩོམ་པ་དང་འདྲ་བར་ཡོད་ཚད་མཇུག་བསྡུ་བའི་གནམ་གང་གི་དེ་རིང་། ཏག་ཏག་ལང་ཚོ་དང་ལྷན་དུ་བཞུད་ཅིང་མེ་ཏོག་དང་ལྷན་དུ་སླེབས་པའི་ལོ་འདིའི་ཆེས་མཇུག་མཐའི་ཉིན་མོ་རེད། ངས་ཉི་ཐིགས་ཤིག་གི་དྲོད་ཁོལ་འོག་ནས་ལོ་ཟླའི་འགྲུལ་བཞུད་ལ་ཕྱིར་མིག་ཅིག་འཕངས་པ་དེ་རང་ཉིད་ཀྱི་མུན་པ་བརྟོལ་བའི་འོད་སྣང་ཉག་མ་ཞིག་གི་ཡང་སྙིང་དུ་འགྱུར་བར་སྨོན། 

                                                                                                             ༢༠༡༦ལོའི་བོད་ཟླ་༡༢་པའི་ཚེས་༣༠ཉིན།

                       ཟླ་ཚེས་མེད་པའི་ཉིན་ཐོ། 

   འོད་ཀྱི་ཟེགས་མ་རེ་རེ་མལ་ཁྲིའི་ཐོག་འོག་ལ་འཕྲོས་ཏེ་ལུས་སྨད་འདི་ཚ་བེར་བེར་དུ་བཏང་། གྲིབ་མའི་ནང་དུ་ལུས་པའི་མགོ་སྐོགས་ཡར་དགྱེ་དུས། ནམ་སྔ་མོ་ནས་ལངས་ཟིན་ལ། མལ་ཁང་ཕྱི་ནང་གི་མི་སྐད་དག་ཀྱང་སྔ་ནས་འཇམ་སྲིད། ངས་ད་གཟོད་མིག་ཟུང་གཉིས་ཕྱེ་མ་བཙུམ་གྱིས་ཡར་འགྲེང་ཞིང་འཁྱར་མ་འཁྱོར་གྱིས་སྤྱོད་ཁང་གི་ཕྱོགས་སུ་སོང་ནས་གཅིན་པ་རྫོགས་མེད་ཅིག་བཏང་།

དཔེ་ཁུག་ཁུར་ནས་ཟ་ཁང་གི་ཕྱོགས་སུ་འགྲོ་དུས། ཁོར་ཡུག་དེ་ལྟར་འཇམ་ཅག་གེར་གནས་ཤིང་། ཉི་འོད་ནི་སྔར་ལས་དྲོ་ཞིང་འཇམ། དྭངས་གཙང་ཟ་ཁང་གི་ཞོགས་ཟས་སྔ་ནས་ཟོས་ཚར་བས། ངས་སྣུམ་བཙོས་གོ་རེ་ཞིག་ལ་སོ་འབྲད་བྱེད་ཞོར་ཞོགས་པ་འདིའི་ལྷིང་འཇགས་ཉམས་སུ་མྱངས། 

   གློ་བུར་དུ། ཁ་པར་ལས་རོལ་དབྱངས་སྙན་མོ་ཞིག་གྲག་བྱུང་། ང་རང་གཞས་དེའི་འགྱུར་ཁུགས་ཁྲོད་བཟི་ནས་ཡུན་རིང་འགོར། ཧ་གོ་དུས་ཁ་པར་ད་དུང་འཕགས་འཚམས་བཞག་མེད་ལ་འདྲིས་ཆ་ཆེ་བའི་རོལ་དབྱངས་དེ་ཡང་ནས་བསྐྱར་དུ་ཁོར་ཡུག་འདིའི་ཁྲོད་ན་སིང་སིང་གྲགས། མ་གཞི་དེ་ནི་ཞོགས་པ་འདིའི་ལས་ཀ་གང་ཞིག་གི་བརྡ་རྟགས་ཡིན་པ་གཞི་ནས་ཚོར། ཁ་པར་དལ་མོར་རྣ་སྒོར་བརླན་ཚེ་ད་གཟོད་གཞུང་ལས་ཁང་གི་སྒོ་ཕྱེས་མེད་རབས་དང་། རེའུ་མིག་གང་མང་ཞིག་མགྱོགས་མགྱོགས་མྱུར་མྱུར་གྱིས་བསྐྱར་དཔར་བྱེད་དགོས་ཚུལ་སོགས་འགྲུབ་རྒྱུ་མེད་ལ་སྒྲུབ་རྒྱུ་མང་བའི་བྱ་བ་མང་དག་ཅིག་ཐོས་འཛིན་གྱི་ལམ་དུ་གཅིག་འཕྲོར་གཅིག་བསྒྲགས། ངས་ཁ་པར་སྒོ་གཏན་ཏེ་ཨམ་ཚུགས་སྒོས་དཔེ་ཁང་གི་ཕྱོགས་སུ་གོམ་པ་སྤོས། ཡང་སྐབས་ལ་རེར་དོར་མའི་གློ་ཁུག་ཏུ་ཡོད་པའི་ལྡེ་མིག་དེར་ཐུག་ཐུག་ཙམ་གྱིས་མཇུག་མཐར་གོམ་པ་ཡང་སྤོ་མཚམས་བཞག

   ཕྱི་དྲོའི་སློབ་ཐུན་གྱི་ཅོང་བརྡ་གྲགས་དུས། ང་དུས་ལྟར་དཔེ་ཁང་གི་འདུག་གནས་དང་དཔེ་ཆ་སྲུང་དུ་ཐོན། ཉིན་འདི་དག་ལ་ལས་བཟོ་བ་ཚོར་དཔེ་ཆ་གང་འདོད་དུ་འཁྱེར་འགྲོ་བའི་གོམས་གཤིས་ཤིག་ཆགས་འདུག མ་གཞི་དཔེ་དེབ་ཅིག་ཁྱེར་ནས་གང་འདོད་དུ་འཕངས་ཀྱང་དེ་དཔེ་དེབ་ཙམ་དུ་ཟད་མོད། དེའི་གསེང་གི་ལོ་ཟླའི་རྔུལ་ཆུས་བསྐྲུན་པའི་གསེར་རྡོག་ལྟ་བུའི་ཡིག་འབྲུ་རེ་རེ་བསམ་ན་ང་ལ་ནམ་རྒྱུན་འདོར་མི་ཐུབ་པའི་ཕངས་སེམས་ངེས་ཅན་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་ཡོང་བས་ཉིན་གུང་འདིར་ང་ཡོང་བ་ཧ་ཅང་དུས་ལྟར་ཡིན། 

   དཔེ་ཁང་དུ་ཐོན་མ་ཐག་ནས་མགོ་བོ་དུད་དུད་ཀྱིས་ཤོག་བུའི་ཕྱི་ནང་གི་རི་མོ་ཡན་གར་བ་དེ་ཚོར་མིག་ཟུང་ཆེ་ཆེར་བགྲད་དེ་བལྟས། ལྟ་བཞིན་ལྟ་བཞིན་དེ་ཚོ་ཡང་ཚེ་སྲོག་རེ་རེ་ཡིན་པའི་ཚོར་སྣང་མཚར་བོ་ཞིག་སྐྱེས་ཡོང་བས་ང་ཁོ་ཚོ་དང་འགྲོགས་ཏེ་ཡུན་རིང་བསྡད། སྐབས་ལ་ལར་ང་ཡང་དེ་ཚོའི་ཁྲོད་ཀྱི་ཡིག་འབྲུ་གཅིག་དང་ཅི་འདྲའི་མཚུངས་ཨང་། རི་མོ་འདི་ཡང་རི་མོ་ཙམ་ག་ལ་ཡིན་ཏེ། རི་མོ་འདི་དག་ལས་འཇིག་རྟེན་གྱི་རི་མོ་ཇི་སྙེད་ཅིག་འཚོལ་ཐུབ་པས། ང་ཚོ་ཞོགས་པ་ནས་ཉི་ནུབ་བར་དུ་རི་མོ་རེ་འགའི་ཁྲོད་ན་བྲེལ་ཞིང་འཚུབ་དོན་ཡང་འདི་ལས་ལྷག་པའི་རི་མོ་གང་མང་ཞིག་གི་བདག་པོ་རྒྱག་ཆེད་ལས་གཞན་ཅི། དེ་ལྟར་བསམ་བཞིན་མགོ་བོ་ཡར་དགྱེ་དུས་ངའི་ཉེ་འཁོར་ཡང་རི་མོ་ཡན་གར་བ་དེ་ཚོར་ཧད་དེ་དགོད་མཁན་དང་ངུ་མཁན་གང་མང་ཞིག་གིས་བསྐོར་འདུག

     ནུབ་ཕྱོགས་ཀྱི་གནམ་མཐའི་མཚམས་སུ་ཉི་སྒོར་དེ་ཡང་ཧ་ཅང་ཐང་ཆད་ནས་རང་མལ་དུ་ལོག་གྲབས་བྱེད། མཁའ་མཐའི་ཚེས་རིས་མག་མོག་དེའི་མིག་ཟུང་ཡང་ང་སར་ཕྱེས་ཡོང་བས། ངས་ད་བཟོད་མིག་མདུན་གྱི་རི་མོ་དེ་ཚོར་བདེ་མོ་བཞག་སྟེ་འཇིག་རྟེན་གཞན་ཞིག་འགྲིམ།

                                                                                  ཆོས་དགའ་རུ་འབོད་པའི་མྱི་བོ་དེས་གཡུ་གྲོང་ནས་སྦྱར་བ་དགེ་གྱུར་ཅིག

                     སེམས་ཁུར་ལྷག་མ། 

  སྤྲིན་ནག་ལང་ལོང་འཁྲིགས་པའི་ཕྱི་དྲོ་ཞིག་ལ། ང་ལ་རྒྱུ་མཚན་མེད་པར་སེམས་ཁུར་ལྷག་མ་ཞིག་སྐྱེས་ཡོང་། བདག་གི་ཁོ་ར་ཁོར་ཡུག་ལ་གློ་བུར་དྲག་ཆར་བབས་སོང་། ང་གྲ་སྒྲིག་ཅི་ཡང་མེད་པར་ཕྱི་རོལ་དུ་ཅེར་ཏེ་ཚོད་ཚོད་ལ་ཡར་འགྲེང་ནས་བསྡད། ལག་མགོ་ལྟ་བུའི་སེར་བ་གཅིག་རྗེས་གཉིས་མཐུད་དུ་འཐོར་ཡོང་བས་ངའི་སེམས་ལ་རྒྱུ་མཚན་མེད་པར་འཚིག་པ་ཟོས། ཏག་ཏག་སྐར་མ་བཅུ་ཡས་མས་ཀྱི་དུས་ཡུན་ཐུང་ཐུང་དེའི་ནང་དུ་བདག་གི་སྒོ་ཁྱིམ་མཐའ་དག་ལ་གཏོར་བཤིག་ཚད་མེད་བྱས། ཨ་ཁ་་་ སྐད་ཅིག་གི་རང་བྱུང་གནོད་འཚེ་ནི་ཆེས་མཐར་ཐུག་གི་འཇིགས་ཉེན་ཚབས་ཆེ་ཤོས་དེའོ།

  ནམ་རྒྱུན་མུན་རུབ་རྗེས་ངས་གློག་འོད་ལ་བརྟེན་ནས་རང་ཉིད་ཀློག་པར་སྤྲོ་བའི་དཔེ་ཆ་ཁ་ཤས་ཀློག་ཞོར་སང་ཉིན་དང་མ་འོངས་པ་གླེང་། གློག་སྐུད་བཅད་པའི་དགོང་མོ་དེར་ང་རང་ཧ་ཅང་མུན་ནག་ཏུ་གྱུར་ཞིང་། སང་ཉིན་དང་མ་འོངས་པ་ཟེར་བ་ཡང་མེད་པ་འདྲ་བས་ང་ལ་ཁེར་རྐྱང་དང་རེ་ཆད་ཀྱི་མུན་པ་ཇེ་མཐུག་ཏུ་གྱུར། 

    ད་ལོའི་སྟོན་ཁར་རླུང་འཚུབ་དང་སེར་བ་ལས་ཅི་ཡང་མི་འདུག ལྷག་ཏུ་ངའི་ཁོར་ཡུག་གི་སློབ་གསོའི་ཁ་དབུགས་ནི་སྟོན་ཟླ་ལྟ་བུའི་དྲག་ཆར་རྒོད་པོ་ཞིག་ཡིན་ལ། ཁང་བ་མེད་པའི་མི་རྣམས་མགོ་རྗེན་དུ་བུད་ནས་དེ་ཡི་ཟུག་གཟེར་སྲན་དགོས། མདོར་ན་དྲག་ཆར་འབབ་རྒྱུ་ནི་ངའི་ད་ལྟའི་འཚོ་བའི་ནང་དོན་ཧྲིལ་བོ་ཡིན། 

    འུར་ཟིང་དང་ཆོ་ངེ་ཆེ་བའི་ཕྱི་དྲོ་ཞིག་ལ། ཁ་པར་ལས་ཕ་ཡུལ་ནས་རྡུང་རེས་ཚབས་ཆེན་བྱས་པའི་དོན་དག་ཞིག་རླུང་འཚུབ་བཞིན་གང་སར་ཁྱབ་ཡོང་། མ་ཟད་རལ་གྲི་ལག་ལ་འཕྱར་བའི་འབྲོག་པ་ཚོས་ནང་འཛིང་བྱས་ནས་མི་སྲོག་ལ་འཇིགས་པ་བཟོས་སྐད། 

    ངས་ཁོ་ཚོ་དེ་འདྲའི་ངོ་གསལ་བོ་ཤེས་ཀྱིན་མེད། དེ་ནི་ཧ་ཅང་ངོ་ཤེས་ཡིན་པ་འདྲ་སྟེ། ངས་ཁོ་ཚོ་མི་རེ་རེའི་ཁོག་ཏུ་བཅུག་པའི་ཞེ་སྡང་གི་མེ་ལྕེ་དང་མིག་ཟུང་ཆ་གཅིག་ལས་འཚེར་བའི་ཞེ་སྣང་གི་མུན་པ་མཐོང་བྱུང་། ད་ནི་ཁོ་ཚོར་གདམ་གསེས་ཀྱི་གོ་སྐབས་མེད་ལ།ཆུང་མ་དང་བུ་ཕྲུག་བསྐྱུར་ནས་མུན་ནག་འགྲིམ་སྟེ་ཁེར་རྐྱང་དང་སྡུག་ཡུས་འདོན་མཁན་རྐྱང་རྐྱང་དུ་གྱུར། ང་ལ་ངང་ངམ་ཤུགས་ཀྱིས་སེམས་ཁུར་ལྷག་མ་ཞིག་སྐྱེས་ཡོང་།   

                          ནུབ་བྱང་དང་གྱེས་རྗེས། 

    མུན་པ་ཧ་ཅང་སྟུག་པའི་མཚན་གུང་ཞིག་ལ། ངས་རྨི་ལམ་མིན་ལ་རྨི་ལམ་ཡིན་པའང་འདྲ་བའི་སློབ་ཆེན་གྱི་ལོ་ཟླ་དེ་ཡི་ཟིལ་ཤུགས་དྲན། ཧ་ཅང་རང་དབང་ཡིན་ལ་ཤིན་ཏུ་བྲེལ་འཚུབ་ཆེ་བའི་སློབ་ཆེན་གྱི་འཚོ་བ་ནི་ང་ཚོ་མི་མང་པོ་ཞིག་གི་མཛེས་སྡུག་གི་ཕྱིར་དྲན་དང་ལས་དབང་གི་དཀྱོགས་མཚམས་ཅིག་སྟེ། གནས་དེ་ནས་ང་ཚོས་རང་གི་ལང་ཚོ་ངོ་ཤེས་ཤིང་། མི་ཚེའི་བརྒྱུད་རིམ་ཁྲོད་དུ་ང་ལའང་ང་ཡི་འཚོ་བ་དང་སྐད་ཆ་ཡོད་པ་ངོས་ཟིན། 

    ད་ནི་ཏག་ཏག་ནུབ་བྱང་གི་སྒོ་ཐེམ་དང་གྱེས་ནས་དགུན་ཟླ་ཞིག་སླེབས་བྱུང་། དགུན་ཟླ་འདི་སློབ་མཐར་ཕྱིན་རྗེས་སྤྱི་ཚོགས་ཀྱིས་ང་ལ་བཞག་པའི་བག་ཆགས་ཐོག་མ་དང་མྱོང་རྟོགས་ཆེས་ཟབ་མོ་སྟེ། གསོག་གསོབ་ཀྱི་སྐད་ཆ་དང་གཡོ་ཟོལ་གྱི་རང་གཤིས་ལ་གོམས་པའི་མི་རྣམས་ཧ་ཅང་བག་ཡངས་ངང་འཚོ་ཞིང་། སྐབས་རེར་གཉའ་ཞུམ་ཞུམ་གྱིས་གུས་མདོག་དང་ལན་རེར་མགོ་འཕང་མཐོ་བོས་ཁེངས་རློམ་གྱིས་དུས་རྟག་ཏུ་རང་ཉིད་བཅོས་མ་ཞིག་བྱ་ཤེས་རྒྱུ་ནི་སྤྱི་ཚོགས་ཀྱི་བླང་བྱ་ཐོག་མ་དེའོ།།

   དེ་ནི་བསིལ་རླུང་ཡང་མོ་ལྡང་བའི་སྟོན་མགོ་ཅིག་སྟེ། ངས་རེ་བ་རུམ་གང་འཁུར་ནས་ནུབ་བྱང་གི་སྒོ་ཐེམ་འགྲིམ། རྒྱུགས་འབྲས་ཀྱི་གནོན་ཤུགས་དང་སྒྲིག་ལམ་གྱི་བཙིར་གནོན་དང་རེ་ཞིག་རིང་དུ་གྱེས་ཤིང་། གུ་ཡངས་དང་སོས་དལ་གྱི་ངང་ནས་སློབ་ཆེན་གྱི་འཚོ་བ་ལ་དབུ་ཁྱུད་བྲིས། ལོ་ངོ་བཞི་འགོར་རྗེས་ང་རང་སྤྲོ་དགའི་ངང་སློབ་མཐར་ཕྱིན་ལ། འཁྲེང་ཞེན་གྱིས་ཁྱེད་དང་གྱེས། ངས་འདི་ལྟར་བསམ་མྱོངས་ཏེ་ནར་སོན་གྱི་བརྒྱུད་རིམ་ཁྲོད་དུ་ང་ལ་ཐོབ་བྱ་ཅི་ཡང་མེད་ལ། འཚོ་བའི་རིན་ཐང་ངོ་མ་ཡང་ག་འདྲ་ཞིག་ཡིན་པ་ཧ་གོ་གི་མེད། ཡིན་ཡང་ནུབ་བྱང་ཚང་ནི་ངའི་མི་ཚེའི་བརྒྱུད་རིམ་ཁྲོད་དུ་ཆེས་ཡི་གར་འོང་པའི་གཏམ་རྒྱུད་ཀྱི་ས་བོན་ཞིག་གམ་མཛེས་སྡུག་གི་ས་ཚིགས་ཅིག་ཏུ་བསྒོམ་ཡོད། རྒྱུ་མཚན་ནི་གནས་དེ་ན་བོད་ཀྱི་སྤྱི་ཚོགས་སྟེང་སྐར་འོད་བཞིན་ལམ་ལམ་དུ་འཚེར་བའི་རྒན་བདུད་ལྷ་རྒྱལ་གཙོ་བྱས་པའི་སྐྱེས་བུ་དམ་པ་མང་བོ་ཞིག་གིས་རང་གི་འཚོ་བ་ནས་འགོ་བརྩམ་ཏེ་སློབ་མ་ཚོར་རིག་གནས་ལ་དགའ་ཞིང་ཤེས་རིག་ལ་དུངས་པའི་འདུ་ཤེས་ཤིག་ངང་ངམ་ཤུགས་ཀྱིས་སྤྲད་ཡོང་ལ། མ་ཟད་ཆེ་ཚུགས་དག་ཁེངས་རློམ་ཅི་ཡང་མེད་པར་རང་གི་སྨྱུ་གུའི་རང་གི་སྐད་ཆ་དག་ལྷད་མ་འདྲེས་པར་གཟུགས་སུ་ཕབ་ཆོག་པའི་གནས་ལུགས་ལ་ངོ་སྤྲད། གནས་དེ་རུ་དཔེ་ཆར་དགའ་བའི་གསར་བུ་ཧ་ཅང་མང་ལ། ཇ་ཁ་ཆང་ཁའི་ཁྲོད་ནས་བསམ་བློ་དང་ལྟ་ཚུལ་བརྗོད་ནས་ནམ་རྒྱུན་བསམ་བློའི་གདོང་གཏུག་རྒྱག་སྲིད། བརྒྱུད་རིམ་དེའི་ཁྲོད་ནས་རང་ཉིད་ཀྱི་ངོ་གདོང་རང་གིས་མཐོང་ཞིང་རང་ཉིད་ཀྱི་ལང་ཚོ་རང་ལ་ངོ་འཕྲོད། དེ་ནི་དེ་ལྟར་གལ་ཆེ་ཞིང་དེ་ལྟར་རླབས་ཆེ་བ་ལ།

ནུབ་བྱང་དུ་ཡོད་དུས། ང་ཚོ་དཔེ་ཆར་དགའ་ཞིང་རང་ཉིད་ལ་རང་གི་སྨྱུ་གུ་དང་སྐད་ཆ་ཡོད། རང་ཉིད་ཀྱི་ལང་ཚོ་དེ་ལྟར་ཟིལ་ཤུགས་ལྡན་ལ་སྤོབས་ལའི་གད་རྒྱངས་དེ་ལྟར་མཐོ། ནུབ་བྱང་དང་གྱེས་རྗེས་གློ་རྡེག་ཏུ་ལོ་ཟླ་རྒས་གྱིན་པ་འདྲ། དེ་ཡང་མིན་ཏེ་དགུན་ཟླ་ཞིག་སླེབས་རྗེས་ཁྱེད་ཀྱི་སྨྲ་བ་གྲང་ལྷགས་ཀྱིས་བསྡམས་ཡིད་པ་འདྲ།            

                      རླུང་ཨེན་ཙམ་ལྡང་རྗེས། 

མདང་ནུབ།
ཟིན་དུ་མེད་པའི་ཁ་བ་དག
རྐང་འཇབ་ལག་འཇབ་ཀྱིས་ཕ་ཡུལ་གྱི་ངོ་གདོང་ལ་ལྷུང་།
དགུན་ཟླ་རིང་མོ་ཞིག་ལ་ཙག་གིས་གཙེས་པའི་ང་ཡི་གྲོང་ཚོ།
སྤྲིན་དཀར་ལྟ་བུའི་ཁ་བའི་འདབ་མའི་ཁྲོད།
ས་རྡུལ་དག་མི་སྣང་བར་གྱུར།
རྒས་ཁོག་ཏུ་གྱུར་བའི་སྡོང་བོའི་ཡལ་ག
ཚོད་ཚོད་ལ་ནེམ་ཤ་འཁྱུད།
ལྷགས་རླུང་ཨེན་ཙམ་ལྡང་ཤུལ་དུ།
ཕ་ཡུལ་གྱི་ཉི་འོད་ལ་དྲོད་ཁོལ་རྒྱས།
སེམས་སུ་དཔྱིད་ཀ་ཉར་བའི་གྲོང་ཚོའི་མི་རྣམས།
ངལ་དུབ་དང་སུན་སྣང་བསྐྱུར་ཏེ།
ད་ནི་མ་གཞི་ནས་བག་ཡངས་ངང་གནས་ཆོག  

                    ༢༠༡༨ལོའི་སྤྱི་ཟླ་༡པའི་ཚེས་༧ 

                      རྒྱལ་མོ་ཚ་བ་རོང་གི་འགྲུལ་བཞུད།

ཉི་ཤར་གྱི་སྔ་རྗེས་སུ་ངས་ཅ་ལག་དག་བསྡུ་གསོག་བརྒྱབ་སྟེ་ལམ་ལ་ཆས། རྫོང་མཁར་དེ་ཡི་ཉི་འོད་ནམ་རྒྱུན་ལྟར་འཇམ་ཞིང་དྲོ་མོད། ཞོགས་པ་འདིའི་མི་རྣམས་ཧ་ཅང་བྲེལ་ཞིང་འཚུབ། རླངས་འཁོར་ས་ཚིགས་སུ་སླེབས་རྗེས་ཕ་ཡུལ་རྔ་བ་ནས་ཡིན་པའི་ཨ་མ་རྒན་མོ་ཞིག་སྟབས་སྟབས་པོར་གྱུར་ཏེ་རླངས་འཁོར་ཁ་ལོ་བར་མྱུར་མོར་འགྲོ་བའི་རེ་བ་ཡང་ཡང་ཞུས། 

   ལམ་བར་དུ་ཁོང་མོས་རླངས་འཁོར་ཁ་ལོ་བར་ཁ་བརྡ་མང་པོ་བྱས་སོང་། མདོར་ན་སྐྱེས་པ་མེད་པའི་བུད་མེད་ཞིག་གི་མི་ཚེའི་མྱོང་བ་སྟེ། ནམ་རྒྱུན་རི་ཁ་ཁྱིམ་མཚེས་ཀྱིས་མཐོང་ཆུང་དང་དམའ་འབེབས། བརྙས་བཅོས་དང་བཙན་གནོན་ཐེབས་ཚུལ། ཁོང་མོའི་སྐྱེས་པ་ཚེ་ལས་འདས་རྗེས་ཐ་ན་རང་གི་བུ་མོར་མག་པ་ཞིག་ཀྱང་རྙེད་ཐབས་མེད་ཚུལ་བཅས་ཁོང་མོའི་འཚོ་བའི་ཕྱི་ནང་གསང་གསུམ་སྦ་གསང་ཅི་ཡང་མེད་པར་འགྲུལ་བཞུད་པ་དག་གི་སྙན་ལམ་དུ་གསལ་ལེར་བསྒྲོན། ཁོང་མོས་དེ་ལྟར་གཏམ་རྒྱུད་རིང་མོ་ཞིག་ལབ་ཚར་དུས། ཁ་ལོ་བས་དངན་པ་ཞིག་འཐེན་ཞོར་དུ་བ་རྐང་གཅིག་མེ་རུ་བསྒྲོན། གཞན་དག་གིས་སྔུར་བ་འཐེན་ཞིང་ང་ལ་ངག་ལྐུགས། 

   ཉིན་གུང་ཆུ་ཚོད་བཅུ་གཉིས་ཡས་མས་སུ་ང་ཚོ་རྔ་བ་རྫོང་ཐོག་ཏུ་འབྱོར། ཁོང་མོས་ཅ་ལག་དག་གཡས་ཁུར་གཡོན་འཁུར་གྱིས་སྲང་ལམ་བཅད་དེ་བུད་སོང་། རྒས་འཁོགས་སུ་གྱུར་བའི་རྒྱབ་གཟུགས་དེ་དེ་ལྟར་མི་ཚོགས་ནས་ཡལ་རྗེས། བསྐྱར་དུ་ཁོང་མོས་བཤད་པའི་མི་ཚེའི་སྐྱོ་གར་དག་མིག་གི་ལམ་དུ་འཆར་འོང་། དེའི་མོད་ལ་ལོ་ན་བཞི་བཅུ་བརྒལ་བའི་བུད་མེད་ཅིག་ང་ཚོའི་རླངས་འཁོར་དུ་བུད། 

  ངལ་གསོ་ཏོག་ཙམ་བྱས་རྗེས་ང་ཚོ་ཡང་བསྐྱར་ལམ་ལ་ཆས་ཤིང་། ཅུང་ཙམ་འགོར་རྗེས་བུད་མེད་དེའི་ཁ་པར་གྱི་འབོད་བརྡ་གྲགས་བྱུང་། ཁོང་མོས་ཁ་པར་སྒོ་ཕྱེས་ཏེ་སྐད་ཆ་རེ་གཉིས་བཤད་ཐུབ་མ་ཐུབ་ཀྱིས་མགྲིན་པ་མཆི་མས་བརྣངས་སོང་། དེ་ལྟར་ཁ་པར་སྒོ་གཏན་ཏེ་ཕྱི་རོལ་ལ་ཡང་ཡང་བལྟས། ཕྱི་རོལ་གྱི་དགུན་རླུང་ཤིན་ཏུ་རྒོད་ན་ཡང་ང་ཚོའི་ཁ་ལྕེ་སྐམ་ཐན་དུ་གྱུར། དུས་ཡུན་ཅུང་ཙམ་རིང་ང་ཚོར་སྨྲ་བ་མེད་ལ་རྨི་ལམ་ཡག་པོ་ཞིག་ག་ལ་ཡོང་ཐུབ། འགྲུལ་བཞུད་ཀྱི་ལམ་སྣེ་དེ་ལྟར་དལ་ཅག་གེར་ལས། རིམ་གྱིས་ཁོ་ཚོའི་སྐད་ཆ་རེ་གཉིས་ལབ་འགོ་བརྩམས། ལབ་གྱིན་ལབ་གྱིན་ཁོང་མོ་ལབ་བྱུང་། ཁོ་མོའི་མིག་ཆུ་ལབ་ཡོང་། ཁོང་མོས་ཧ་ཅང་ཉམ་ཐག་དང་འུ་ཐུག་ངང་རང་ཉིད་ཀྱི་སྐྱོ་བ་དང་དཀའ་ངལ་གླེང་ཡོང་སྟེ། ཁྱིམ་དུ་ལོ་ན་བརྒྱད་ཅུ་ལོན་པའི་ཨ་མ་རྒན་མོ་ཞིག་གཉོར་ཡོད་ལ། མདང་ནུབ་འབར་ཁམས་མི་དམངས་སྨན་ཁང་དུ་ཡོད་པའི་རང་གི་བུ་མོ་སྦྲུམ་མར་བྱིས་པ་བཙས་རྗེས་བྱིས་པ་འཇིག་རྟེན་དང་གྱེས་ཤིང་། ད་ལྟ་བུ་མོའི་ཚེ་སྲོག་ལ་ཉེན་ཁ་ཆེ་བས་ཁོང་མོས་མ་རྒན་ཁྱིམ་མཚེས་ལ་བཅོལ་ནས་བུ་མོར་བལྟ་རུ་འགྲོ་བའི་ཚུལ་གསལ་བོར་ལབ། ཁ་ནས་ཡང་དང་བསྐྱར་དུ་དཀོན་མཆོག་ལ་གསོལ་འདེབས་བྱས་ཤིང་རྒས་གཉེར་གྱིས་ཁེངས་པའི་བཞིན་མདངས་ལས་འཚོ་བའི་རེ་ཆད་དང་འོ་དོད་དག་གསལ་ལེར་མངོན་ཡོང་། 

    མུན་རབ་ཁར་ང་ཚོ་མཇུག་མཐའི་ས་ཚིགས་ལ་སླེབས། ཁོ་ཚོ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་རང་རང་སར་ཞོགས་ཤིང་། ཡུལ་འདིའི་དུས་ཚིགས་ཀྱང་དགུན་ཟླ་ནང་བཞིན་ལྷག་ཏུ་གྲང་། དེ་ལྟར་ཡང་ཡིན་སྲིད་ལ་ད་ལྟ་ཏག་ཏག་དགུན་ཟླ་གཉིས་པ་རེད། འཚོ་བ་ཡང་དེ་ཙམ་དུ་ངེས་ལ་མི་རྣམས་ཀྱི་ནང་སེམས་ཡང་དེ་ལྟར་རོ།།

                                                                                                                                 ༢༠༡༨ལོའི་སྤྱི་ཟླ་༢པའི་ཚེས་༤ཉིན་འབར་ཁམས་ནས་ཤར་མར་སྦྱར་བའོ།། 

                    རྒྱ་ལོའི་ལོ་སར། 

དེ་རིང་ཡང་། གནམ་ལོ་གསར་ཚེས་ཀྱི་ཉིན་མོ་རེད།

དེ་རིང་ཡང་། ནམ་རྒྱུན་གཡར་ནས་རོལ་བའི་རྒྱ་ལོའི་ལོ་སར་རེད།

མི་ལོ་ཉེར་ལྔའི་ལང་ཚོ་དཔེ་ཁུག་དང་མཉམ་དུ་བསྐྱལ་རྗེས། ང་རང་གཞི་ནས་སློབ་མཐར་ཕྱིན། དེ་ཡང་བཞུད་ནས་ཡུན་རིང་འགོར་བའི་ལོ་ཟླ་ཞིག་གི་འགྲེལ་བཤད་ཙམ་ལས་ང་ལ་ཅི་ཡང་མེད། ཐ་ན་ཨ་མའི་ནུ་རིན་ཙམ་ཡང་། འོན་ཀྱང་དེ་རིང་ཏག་ཏག་མདོག་མི་འགྱུར་བའི་ཕྱིར་དྲན་དང་བཞུད་མི་ཚར་བའི་རྨི་ལམ་གྱི་ས་ཚིགས་ཅིག་ཏུ་སླེབས་ཡོད་སྟབས་ངས་ཅི་ཡང་མ་བསམ་པར་ང་རང་ཧ་ཅང་དགའ་ནས་ཡོད། ཁྱེད་ཚོ་ཤིན་ཏུ་སྤྲོ་འོས།

 ཐོ་རངས་ཚེས་ཆུའི་ཁྲོད་ན། དྲིན་མ་ལོའི་རྟེན་འབྲེལ་གྱི་མཚོད་པ་དང་འཚོ་བའི་རེ་སྣང་ཡོད། 

  ཞོགས་པའི་བསང་དུད་ཀྱི་གསེབ་ན། དྲིན་ཕ་ལོའི་ལོ་མགོའི་སྨོན་འདུན་དང་ལྷག་བསམ་གྱི་རང་མདངས་ཡོད། 

   ཏག་ཏག་ཉིན་འདི་ལ། སྐྱེས་ཕོ་མོ་དང་རྒན་གཞོན་དར་ཡོད་ཚད་ཁྱིམ་གྱི་ཐལ་ལས་རྡུལ་ལས། ཟས་གཡོ་འཚེམ་དྲུབ། ཆུ་ལེན་ལྕི་འཕུད། ནོར་འཚོ་ཕྱུགས་སྐྱོང་། ཁྱིམ་གཞིས་གཙང་སྦྲ། ཁྱོ་གའི་གཡོག་རྒྱུག བྱིས་པ་གཉོར་སྐྱོང་། སློབ་སྦྱོང་གི་བྲེལ་འཚུབ། ལས་ཀའི་གནོན་ཤུགས་སོགས་ཀྱི་ལས་ཀ་རྫོགས་མེད་ཅིག་དང་རིང་དུ་བྲལ་ཞིང་མཐའ་ན་འདོད་ཆགས། ཞེ་སྡང་གཏི་མུག་སོགས་ཀྱི་དུག་གསུམ་དང་ཡང་རྨང་ནས་དོར་ཏེ་གུ་ཡངས་དང་བག་ལྷོད་ངང་གནས། དེ་རིང་ངས་རྒྱ་ལོའི་ལོ་སར་ལ་བཀའ་དྲིན་ཇི་ལྟར་ཞུ་ན་འོས། 

ཉི་འོད་ཤིན་ཏུ་འཇམ་པའི་ཉིན་འདི་ལ། ང་ཕ་ཡུལ་ལུང་བ་ན་ཕ་མ་གཉིས་དང་ལྷན་དུ་ཡོད། ཕུ་ནུ་མིང་སྲིང་གི་གྲས་ན་ཡོད། ཚ་བོ་ཚ་མོས་བསྐོར་ནས་ཡོད། ཡུལ་མི་ཚོ་དང་མཉམ་དུ་འདྲིས་ཤིང་གོམས་པའི་རྒྱ་ལོའི་ལོ་སར་ལ་རོལ་གྱིན་ཡོད། དེ་རིང་ང་ཚོ་ཧ་ཅང་དགའ་ཆོག  ང་ཚོ་ཤིན་ཏུ་སྤྲོ་འོས། 

ད་ལོ་ང་དང་མིང་གཅིག་པའི་སྡེ་བའི་རྒད་པོ་ཞིག་ཡུལ་གྲུ་འདི་དང་གཏན་དུ་གྱེས་ཤིང་། ཁོ་རང་གྱེས་ཁའི་རྣམ་པ་དང་ནད་ཀྱིས་གདུང་བའི་མནར་གཅོད། རྗེས་སུ་ཕ་ཡུལ་ལུང་བའི་ལུགས་སྲོལ་ལྟར་བདག་གི་རུས་མིང་བརྗེས་ཚུལ་སོགས་འཁོར་བའི་མི་རྟག་པའི་སྣང་ཚུལ་ཡོད་དོ་ཅག་དེ་རིང་ང་ཚོའི་སེམས་ནས་བརྗེད་པར་བྱས། མི་སྣང་བར་བྱས་ཏེ། ང་ཚོ་ཧ་ཅང་དགའ་འོས། ང་ཚོ་ཤིན་ཏུ་སྐྱིད་འོས། 

  དེ་རིང་སེམས་ཀྱི་མི་གཙང་བ་ཡོད་ཚད་དག་པར་བྱེད་ཅིང་ཕམ་ཁ་དང་འུ་ཐུག་གི་གནས་ལ་མིག་ཆུ་ཡང་འདོན་མི་འོས། 

  སློབ་མཐར་ཕྱིན་པ་ནི་དགའ་འོས་དོན་དོན་དག་ཅིག་ཡིན་ལ། དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་ཅིག་གི་འགོ་ཚུགས་ས་ཞིག་ཀྱང་ཡིན། མཐོན་པོའི་དཔུང་སྡེ་ཡི་བརྗིད་ཉམས་དང་དྲག་པོའི་རུ་དཔུང་གི་འཇིགས་སྣང་། མངོན་གྱི་སྨྲ་ལྕེ་རྒོད་པོ་དང་ལྐོག་གི་གཏམ་ཚིག་ཚ་བོ། དེ་རིང་ཡོད་ཚད་གསང་ཞིང་བརྗེད་འོས། 

   ཕོ་ལོ་ཉེར་ལྔར་སོང་རྗེས། ང་ད་དུང་ཁ་ཕྱོགས་དང་དམིགས་ཡུལ་མེད་པའི་ཡུལ་གྱུར་བ་ཞིག ཡིན་ཡང་དེ་རིང་དེ་དག་ཡོད་ཚད་ལ་བསམ་བློ་གཏོང་མི་འོས། 

  དེ་རིང་། དྲིན་ཆེ་བའི་ཕ་མ་དང་ཕུ་ནུ་མིང་སྲིང་རྣམས་ལ་ལོ་སར་གྱི་ཤིས་ཚིག་འབུལ་འོས། ནམ་རྒྱུན་བདག་གི་དགའ་སྐྱོའི་གཏམ་རྒྱུད་ལ་མཉམ་དུ་རོལ་བའི་སེམས་ཀྱི་སྤུན་ཟླ་དག་ལ་སྐད་གསེང་མཐོན་པོའི་ངང་གླུ་ཞིག་ལེན་འོས། ལང་ཚོའི་ལོ་ཟླ་མཉམ་པོར་བཞུད་པའི་གྲོགས་པོ་གྲོགས་མོ་དག་ལ་ཁམས་བདེ་ཞུ་འོས། གཏན་དུ་བྲལ་སྲིད་པའི་བོད་ས་ཕོ་ཁྱི་ལོའི་ལོ་སར་ལ་ཁ་གཡེང་བརྗོད་འོས། 

  དེ་རིང་། ངས་ཅི་ཐུབ་ཀྱིས་ལོ་སར་གྱི་སྐྱིད་སྣང་འཚོལ་གྱིན་ཡོད། ལོ་ན་ཕྲ་དུས་སུ་ཡོད་མྱོང་བའི་ལོ་སར་གྱི་སྤྲོ་སྣང་ལྟ་བུའི་ཚོར་བ་ཡན་གར་བ་དེ་དག་ང་ལ་ཐོབ་ན་འདོད་ཡོད། ཏག་ཏག་སྐབས་འདི་ལ་ངས་རང་གི་རྡོག་ཁྲེས་དང་རྨི་ལམ་ཡོད་ཚད་བརྗེད་པར་བྱས་ཏེ།ང་ཧ་ཅང་དགའ་ཆོག ང་ཤིན་ཏུ་སྐྱིད་འོས།

     དེ་རིང་ང་ཚོ་ལྷན་དུ་མཚོ་སྔོན་དང་ལྷ་སའི་རྒྱང་སྒྲོག་བརྙན་འཕྲིན་གྱི་ལོ་སར་སྤྲོ་ཚོགས་ལ་རོལ་ཏེ། ལོ་སར་སྤྲོ་ཚོགས་ལྟ་བུའི་དགའ་སྣང་སྐྱེས་ཆོག  ལོ་སར་སྤྲོ་ཚོགས་ལྟ་བུའི་སྐྱིད་སྣང་ཡོད་འོས་སོ།།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པ་འདས་པོ་རྨ་སྔགས་ཆོས་དགའི་རྩོམ་ཡིག་བདམས་བཀོད།

2018-02-28 རྨ་སྔགས་ཆོས་དགའ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།