གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔོན་ཚང་རྡོ་རྗེ་ཚེ་བརྟན་གྱི་སྙན་ངག་བདམས་བཀོད།

2018-06-13 11:20:07 དཔོན་ཚང་རྡོ་རྗེ་ཚེ་བརྟན། ཀློག་གྲངས། མཆན ཡོད།

 དཔོན་ཚང•རྡོ་རྗེ་ཚེ་བརྟན། 1992ལོར་མདོ་སྨད་གཅན་ཚ་རུ་སྐྱེས།སྒྱུ་རྩལ་གྱི་རྣམ་པ་ཡོད་དོ་ཅོག་ལ་དགའ་བོ་ཡོད།སྔ་ཕྱིར་བོད་ཀྱི་དུས་དེབ<<གངས་རྒྱན་མེ་ཏོག>>དང་། <<སྦྲང་ཆར།>><<བོད་ཀྱི་རྩོམ་རིག་སྒྱུ་རྩལ།>><<ལྷོ་ཁའི་རྩོམ་རིག་སྒྱུ་རྩལ>> <<བོད་ཡིག་གསར་འགྱུར།>><<གཞིས་རྩེའི་ཚགས་པར།>><<ཟླ་ཟེར>>སོགས་སུ་རྩོམ་རིག་བརྩམས་ཆོས་གང་མང་བཀོད་མྱོང་།ད་ལྟ་པེ་ཅིན་དུ་གློག་བརྙན་འཁྲབ་ཁྲིད་དང་བརྙན་ལེན་གྱི་ཕྱོགས་ལ་སློབ་སྦྱོང་བྱེད་མུས་སུ་ཡོད།

IMG_1550.JPG


                     མི་རྟག་པ་འམ་ཚིག་གི་ལྡ་ལྡི་ནག་པོ།

དཔེར་ན    འུར་ཟིང་ཁྲོད་ཀྱི་ཁེར་རྐྱང
ཆར་ཟིམ་ཁྲོད་ཀྱི་མིག་ཆུ
ཅི་ཙམ་བལྟས་ཀྱང་ངོམས་པ་མེད་པའི་འདོད་སྲེད་ཀྱི་བྲིས་རིས
རྨི་ལམ་ནང་གྲུབ་པའི་སྟོང་བསམ་གྱི་ཕོ་བྲང
རྟ་ཕོར་བཅིབས་ཤིང་རྒྱང་རིང་དུ་ཆས་སོང་བའི་ཁོ་མོ
 
ཀུན་སྤྱོད་དང་ཆབ་སྲིད་ཀྱི་ཐིག་ཤིང་བཟུང་བའི་མི
རིན་ཐང་ཡོད་ཚད་དངུལ་ལོར་གྱིས་འཇལ་བའི་མི

མི་གསོད་བྱེད་ཀྱི་སྨྲ་ལྕེ་ཕྲ་ལ་མཉེན་པ
རྫུབས་གསེང་གི་དུག་སྦྲུལ་དང་འདྲ་བ
ཚྭ  ནད་འབུ  ཨེ་ཛི  ཉལ་ཐ

དབང་ཤེད་མཚོན་བྱེད་ཀྱི་ཐམ་ག་དང་རིང་ཐུང་མི་འདྲ་བའི་དབྱུག་པ་སྣ་ཚོགས
རུལ་སོངས་སུ་གྱུར་བའི་སྲིད་ཀྱི་ཁྲིམས་ལུགས
མི་སེར་གྱི་མཉམ་སྒྲོག་རོལ་དབྱངས་སྟེ  ཆོས་ཀྱི་མགུར་མ
བར་དོའི་འཇིགས་དངངས་སེལ་བྱེད་ཀྱི་གཟུངས་སྔགས
སྐྱབས་བསླུ་མེད་གོས་ཆེན་སེར་པོས་བཏུམས་པ་དེ་ཉིད་ཀྱི
གཏན་དུ་བདེན་ཐོག་ལ་མི་ཁེལ་བའི་ལུང་གི་བསྟན་པ
རྩ་ལམ་ཧྲིལ་བོར་སྒེར་གཅོད་ཀྱི་ཁྲག་ནུར་རྒྱུགས་ཀྱིན་པའི
བཙུན་གཟུགས་བཙའ་རོ་མ་དག
དེ་དག་གི་བློ་ངོར་འཐིབས་པའི་ཤེས་མེད་ཀྱི་ས་རྡུལ་མཐུག་པོ
ཆོས་ལུགས་ནི་རང་གི་ཡིན་སྙམ་གྱི་ཧམ་ཤེད་དང་གླེན་ཉམས་ཚ་བོ
སྟོང་བ་ཉིད  ཐིག་ལེ་ཡར་འདྲེན
སྐྱེ་བ་ཕྱི་མ  སེམས་ཅན་ཐམས་ཅད

ཡུགས་ས་མའི་མོ་མཚན་དང་ཤན་པའི་ལག་པར་འཆང་བའི་རལ་གྲི་ལས་ཀྱང
སྡིག་པ་དང་མི་དགེ་བ་མཚོན་བྱེད་ཀྱི་རྣམ་གྲངས་མཐའ་ཡས་པ
 
མི་མངོན་པའི་སྡིག་སྒྲིབ་ཀྱི་འཆིང་ཐག་རིང་མོ
ལག་དམར  ཁྲམ་པ  འཆལ་མོ  
འདས་ལོག་གི་གཏམ་རྒྱུད་འཆད་ཀྱིན་པའི་དར་ལྕེ་ཟད་པོ
སྣང་ལ་མ་ངེས་པ  ཡི་གེའི་མེ་རིས་མ་འཚིག་པ
སྨྲ་བསམ་བརྗོད་འདས་ཀྱི་སེམས་བྱུང་སྒྱེ་མོ་གང་བོ

ཁོག་པ་སྦོས་པའི་དབུགས་ལྒང་དེ་ཚོ་དང་འདྲ་བར
ཡངས་དྲགས་ཏེ་མཐོ་སར་ལྡིང་བཞིན་པའི་སྐྱེ་བོ་དེ་དག
ལང་ཚོའི་མེ་ཏོག་ནེམ་མོ
གཞུང་ལུགས་ཀྱི་ཐན་པས་བཅོམ་ཟིན་པའི་སློབ་ཆེན་པ་དེ་དག
བཀྲིས་བདེ་ལེགས་ཡང་ཡང་བཟློ་བའི
གར་སྟེགས་སྟེང་གི་གཞས་པ་ནེ་ཙོ་འདྲ་བ་དེ་དག

སྐར་ཚོགས་བྱེ་བའི་མིག་འཛུམ་མི་མཐོང་བའི་ནམ་མཁའ་སྐྱ་བོ
རྫོངས་མཐུག་པའི་ཨར་འདམ་དང་རྣོ་ལྕགས་ཀྱི་ནགས་ཚལ་ཡངས་པོ
སའི་གོ་ལའི་སྒལ་བར་བརྡབས་པའི་གཟེར་མའི་ཚོགས་སྟེ
འདོད་ཧམ་ཆེན་པོས་བརྩིགས་པའི་སྡོད་ཁང་གྲངས་མེད
མི་སེར་ཚོའི་རྨི་ལམ་དུ་ཟུག་པའི་དབྱར་རྩྭ་དགུན་འབུ
ཁེར་རྐྱང་བ་ཚོའི་སྡུག་གི་མཆི་མ་འཐག་སའི་ཆང་ཁང
བདེ་རུ་འབབ་ཐབས་མི་རྙེད་པའི་སྙིང་ཁམས་ཀྱི་འཕར་ལྡིང

སྲང་ལམ་གྱི་ཚགས་པར་དེ་ཚོ་དང་འདྲ་བར
རླུང་གིས་ཡང་ཡང་བསེད་ཀྱིན་པའི་ལམ་འགྲོ་བ་ཚོའི་ངོ་གདོང
དངོས་ཡོད་ཀྱི་མྱ་ངམ་ཐང་ཆེན་པོར
བྱེ་རྡུལ་གྱིས་བརྣད་པའི་རྨི་ལམ་གྱི་མིག་ཟུང
འཚོ་གནས་ཀྱི་རྐྱང་རྒོད་ནག་པོས་འཕྲས་བརྒྱབ་སྟེ
ང་རྒྱལ་གྱི་རུས་རྐང་བཅག་པའི་ཕལ་བའི་མི་སེར

དཔེར་ན   སྤྲིན་པ་སེར་བོའི་གསེབ་ཀྱི་འཇའ་ཚོན་ནག་པོ
ཐ་སྙད་ཀྱི་རུས་པ      ཚོར་བའི་གློག་ཞགས
བརྡ་སྤྲོད་ནད་པ་ཞིག་གི་ཚད་ཤིང་ཁུར་ནས
སྙན་ངག་ཀློག་འགྲེལ་བྱེད་ཀྱིན་པའི་ཁོ་དང་མོ   ཡང་ན་ཁྱོད

ཟླ་བའི་མེ་ལོང་དུ་ཤར་བའི་མ་སྐྱེས་ཨ་མ
སྐྱིད་ཆུའི་རབ་ཁ་ན་འཕྱོ་བའི་མགུར་གླུའི་ཟེགས་མ
སྒོམ་བརྒྱབ་ཀྱང་ལུས་སེམས་གཉིས་འདྲེས་ཐབས་མ་བྱུང་བའི
འཁྱམས་པོ    ཡང་ན་འཆལ་བོ་ཚངས་དབྱངས་རྒྱ་མཚོ
 
ཡང་ན  དམག་འཐབ་ཁྲོད་བྱོལ་ཀྱིན་པའི་འཇིགས་སྐྲག
རང་དབང་གི་ཟིལ་བས་མ་བརླན་པའི་ནང་སེམས
ཡུན་རིང་བཟའ་བཏུང་མ་རེག་པའི་མཆུ་སྒྲོས་ཀྱི་ཚོགས
བྲན་གཤིས་ཀྱིས་ཡང་ཡང་འཁུམས་པའི་ཤེས་རྨོངས་ཀྱི་ཚོ་ཁག
སྐྲ་ལོ་བཞིན་འཛིངས་པའི་སྒྱུ་རྩལ་པའི་སྐྱོ་གདུང
ཡིད་སེམས་སྨྲེང་བར་བྱེད་པའི་སྨད་འཚོང་མའི་གཏམ་རྒྱུད
མིང་དང་བརྗོད་པས་མཚོན་ཐབས་བྲལ་བའི
མིའི་ནང་སེམས་ཀྱི་འགྱུར་བ་གྲངས་ཀྱིས་མི་ཟིན་པ་དག

འཆི་བདག་གི་ལག་ཟུང་ཚོམ་མེད་དུ་བརྐྱངས་ནས
གཞན་ཡུལ་དུ་དྲུད་སོང་བའི་ཡིད་འོང་གི་མི་དེ་དག

སྒྲུང་འདི་ཡག་གོ
སྙན་ངག་འདི་མཚར་རོ
ཆེས་མཆོག་དང་ཕུལ་ནི་འདིའོ་ཟེར་མཁན་གྱི
ཡིག་ཉོག་རྩྭ་དོས་ལྟར་སྤུངས་མཁན་གྱི་འུ་ཅག
 
དཔེར་ན    དྲན་པའི་ངོས་ཀྱི་ལམ་དང་རྒྱང་རིང
སྐྱོ་གཉེར་བརྩེགས་པའི་ས་སྲོད་ཀྱི་ངོ་གདོང
ལྷིང་འཇགས་ངང་ཡི་གེ་འགའི་མགོ་རྐང་བསྒྲིགས་ཀྱིན་པའི་ང་རང
            
                         2015.5.26ཉིན་པེ་ཅིན་དུ།

                     ཨ་ཐང་ཆད་པ།

ཁྱོད་ཉིད་འབོད་པར་སེམས་དུས
དྲན་པ་གཞན་ཞིག་སྙིང་ཁར་འཚངས
རྨི་ལམ་ཞིག་རྨི་འགོ་བརྩམས་ཀྱང
གཉིད་ཀྱི་ཕོ་བྲང་ནི་ཉིལ་སོང

ལམ་སྐྱ་མོ་རྟ་ཕོས་གཞལ་ཀྱང
རྨི་ལམ་ནང་གི་རྒྱང་རིང་དེར་སླེབས་མ་ཐུབ
ཞེན་ཆགས་ཀྱི་གོམ་ཁ་ཕྱིར་ལ་འཁོར་དུས
ཕ་ཡུལ་སྔར་གནས་སུ་མི་འདུག་པ་མཐོང

གཞར་ཡང་བརྗོད་འདོད་མེད་པ་དག
མཆུ་སྒྲོས་ལས་ཤུགས་ཀྱིས་ཕྱི་རུ་མཆོངས
གཞར་ཡང་དྲན་འདོད་མེད་པ་དག
རྨི་ལམ་གྱི་ཆུ་རྫིང་དུ་ཡང་ཡང་ལྡིང

འཆི་འཕོས་སུ་གྱུར་བའི་མི་དག་གི་ངོ་གདོང
རྟ་ཕོའི་མཆུ་འོག་གི་ཟླ་བདུན་པའི་ཁ་བ་བཞིན
སེམས་ཀྱི་ས་གཞི་སྟེང་ཞུ་སླ་བ་ལ

ལྷ་སའི་ཉི་འོད་ཚ་བོ་འདི་མིག་ལ་གཙེ་ཨང
ཕྲེང་གོག་འབྲད་ཀྱིན་པའི་མཛུབ་མོ་འདི་ན་ཨང   
འཆི་བར་ཕྱོགས་པའི་སེམས་པ་འདི་སྟོངས་ཨང

ལྷ་སའི་སྟོད་གཞས་གཏོང་མཁན
བུ་མོ་ཟླ་བ་དབྱངས་ཅན
དྲན་པའི་ཕྱི་རུ་འདོར་ཐབས་དཀའ་ཨང

བཀྲ་ཤིས་བདེ་ལེགས
གཟུངས་སྔགས་ཤིག་ལྟར་བཟློ་བཞིན
མི་ཆ་མེད་དག་གིས་རྒྱུས་ཡོད་མདོག་བསྟན་ན་སུན་ཨང

ང་ཡི་བརྩེ་དུང་གི་མེ་ཏོག་ཆུན་པོ
བསྐུར་ཡུལ་མེད་པའི་འཕྲིན་ཡིག་བཞིན་རང་སར་ལུས

ཤོག་བུའི་ངོས་སུ་སྨྱུ་གུའི་ཆག་ཆག་བཏབ་ཀྱང
ཐ་སྙད་ཀྱི་རྡོ་བ་དག་ཕན་ཚུན་བརྡར་བ་ལས
ཚོར་བའི་ནགས་ཀློང་དུ་སྙན་ངག་གི་མེ་ཏོག་བཞད་མ་བྱུང

རྨི་ལམ་དང་འཚོ་བ
དངུལ་སྒོར་གྱི་ངོས་གཉིས་ཡིན་མི་འདུག

དངོས་ཡོད་ཀྱི་ས་རྡུལ་དྲག་ཏུ་འཁྲིགས
སེམས་ཀྱི་འདུན་པ་མཐའ་དག་མོག་པོར་གྱུར
ཡུལ་ལ་ལོག་པའི་ལམ་ཐག་རིང་ཞིང
མི་ཚེ་འདི་ཡང་ཇི་འདྲའི་རིང་ཨང་སྙམ

དུས་ཚོད་ཀྱི་ལྕག་ཚན་ནག་པོས
མི་རྣམས་ལ་འབྲབ་ཅིང་རྡེག
སྲང་ལམ་དོག་མོ་འདི་རུ
བྲེལ་ཟིང་ཁོ་ན་མིག་ལ་འཚང

ང་ཡི་བྲིས་པའི་སྙན་ངག་དག་ལ
ཀློག་འདོད་ཀྱི་མིག་ཟུང་བགྲད་མཁན་མི་འདུག
ངུ་འམ་དགོད་དམ
ངས་ནི་ཆ་མ་འཚལ

ལམ་ནི་ལན་ཆགས་དང་འདྲ་སྟེ
གཞར་ཡང་རྫོགས་རྒྱུ་མེད་པ་དེའོ

ཅིའི་ཕྱིར་ཡིན་ནམ
འདི་ནས་གང་དུ་འགྲོ་དགོས་པར
སུ་ལའང་གསལ་ཆ་མི་འདུག

ཞུ་བའི་གངས་རི
འཆི་བའི་རྨི་ལམ
འཇིག་པའི་རྒྱལ་རབས
ཟག་པའི་བརྩེ་བ

ཀོ་གྱོང་ལྟ་བུའི་སེམས་དེ
མིག་ཆུས་བང་མི་སྲིད
སེམས་པའི་ངོས་ཀྱི་རྡུལ་ཡང
མིག་ཆུས་དག་པར་མི་འདུག་གོ

ཡོམ་ཡོམ་འདར་བའི
ཆུ་ཡི་མེ་ལོང་ནང་གི་མི་ཚེ
ཇི་ལྟར་འཕག་འཚག་མང་དུ་བྱས་ཀྱང
ལས་ཀྱི་སྡེར་འོག་ནས་ཐར་བ་མི་འདུག

ང་ཡི་སྙིང་ཉེ་བའི་ཁྱོད་ཚོ
ང་ཡི་རྒྱབ་ཕྱོགས་སུ་འདུས
མཉེན་ལྕུག་ལྡན་པའི་ཁ་ལྕེས
ང་ལ་འཕྱ་ཞིང་བར་མེད་དགོད

འཁོར་བའི་བྱང་ཐང་འདི་རུ་མི་ཚོགས་སྤྲིན་པ་སྟུག་ཀྱང
ང་ཡི་ཁེར་རྐྱང་ཉིད་གཙང་བོའི་རྒྱུན་བཞིན་ཆད་པ་མི་འདུག
དེ་བཞིན་འཇིག་རྟེན་འདི་ཡང་ཇི་འདྲའི་རྒྱ་ཆེ་ཡང
ངས་རང་སྲོག་གཅོད་པར་འཚམས་སའི་ས་ཞིག་རྙེད་པར་མི་འདུག་གོ

                     གཏོལ་མེད།
 
དཔེར་ན  རླུང་ལ་བཅིབས་པའི་སེམས
གཤོག་པ་དཀར་པོ་ཐོགས་པའི་རྟ་ཕོ
མཛུབ་བར་ནས་ཟགས་ཚར་བའི་ལང་ཚོའི་བྱེ་རྡུལ་བཞིན
དུས་ཚོད་ཀྱི་རྒྱ་རྙིས་གཞར་ཡང་ཟིན་དུ་མེད་པ་འདི་དག
 
འཚོ་བའི་ནགས་ཀློང་དུ་ང་ཚོས་སྤྲེལ་ལད་དང
སྐད་ངག་འཇམ་པོས་སྐུ་མཁྱེན་ལབ་རྒྱུར་གོམས་དགོས་པ་ལྟ་བུ
 
རླུང་གི་ལག་ཟུང་ནག་པོ་ཚོམ་མེད་དུ་བརྐྱངས་པས
ལོ་མ་དག་གིས་ཕན་ཚུན་ལ་ཤུགས་ཀྱིས་རྡེག་པ་ལྟ་བུ
རྨི་ལམ་གྱི་བྱ་ཁྱུ་མཐའ་དག་རྒྱང་དུ་བདས་ཤིང
དབུལ་ཕོངས་ཀྱི་ཐ་སྙད་དག་སྙན་ངག་པའི་སེམས་ནང་དུ་སྤུར་བ་ལྟ་བུ

རྣོ་ལྕགས་ལྟ་བུ་དག་ས་རྡུལ་བཞིན་ཆད་ཅིང
ཀོ་གྱོང་ལྟ་བུ་དག་མིག་ཆུས་བངས་ཐབས་མེད་པ་ཇི་བཞིན
ཡང་ན་སྙིང་ཉེ་བའི་ཁྱོད་ཀྱང་རྨི་ལམ་དུ་འཁོར་ཐབས་མེད་པ་ལྟ་བུ
 
མེ་ཏོག་རེ་རེ་བཞད་ཅིང་ཤི་འགྲོ་བ་ནང་བཞིན
དུས་ཚོད་ཀྱི་འདམ་མྱགས་ཁྲོད་ང་ཚོའི་དབུགས་ཀྱང་འགག་འགྲོ་བ་ལྟ་བུ
 
དཔེར་ན  ང་ཡི་ཁེར་རྐྱང་སྲ་འཐས་སུ་གྲུབ་ཅིང
ཁྱོད་ཀྱི་སྐྱོ་གདུང་ཡང་ཐེར་ཟུག་གིས་མངོན་པ་ལྟ་བུའོ

                      འཆི་བ།

གཟུངས་སྔགས་ཀྱིས་སེལ་མ་ནུས་པའི་འཇིགས་དངངས་མཐུག་པོ
སྐབས་དང་སྐབས་སུ་གཞོན་ནུ་མའི་ནུ་འབུར་བཞིན་རེག་འདོད་ཀྱང
རླུང་དང་མཁའ་དབུགས་ཇི་བཞིན་རེག་ཐབས་མེད་པའི་སྟོང་བ
མཐར་གཏུགས་ན་སུས་ཀྱང་རེག་དགོས་པའི་ཆོས་ཉིད་ཀྱི་ཕོ་མཚན

                      མཚན་གུང་ཞིག་ལ་ངུ་སྙིང་དྲག་པོས་གཟིར་བ།

མཚན་གུང་ཞིག་ལ་ངུ་སྙིང་དྲག་པོས་གཟིར་དོན
སེམས་ཀྱི་རྩིག་ལྡེབས་སུ་རྒྱང་རིང་ཞེས་པའི་ཡིག་འབྲུ་དེ་བརྐོས་པས་རེད
ནམ་ལངས་རྗེས་མུ་མཐུད་དུ་འགྲོ་དགོས་པས་རེད
ཇི་ལྟར་སོང་ནའང་ལམ་འདིའི་ཕར་སྣེ་མཐོང་མི་ཐུབ་པས་རེད
ལམ་བར་ནས་རང་སེམས་རྟོགས་མཁན་ཞིག་དང་མ་འཕྲད་པས་རེད
དེ་ལྟ་ནའང་ད་དུང་ཨུ་ཚུགས་ཀྱིས་གསོན་དགོས་པས་རེད

མཚན་གུང་ཞིག་ལ་ངུ་སྙིང་དྲག་པོས་གཟིར་དོན
རྨི་ལམ་ནང་གི་དབྱངས་རྟ་དེ་ཆད་པས་རེད
མེ་ལོང་ནང་གི་བུ་མོ་དེ་བོར་བས་རེད
རྣམ་ཤེས་ཀྱི་རོལ་དབྱངས་དེ་སུ་ལའང་དཀྲོལ་ཐབས་མ་བྱུང་བས་རེད
རླུང་གི་ལག་པ་རྩུབ་མོས་ནང་མི་ཚོའི་མིག་ཟུང་གཙེས་པས་རེད
ལམ་འགྲོ་བ་ཚོའི་ངོ་གདོང་ལ་འཛུམ་མདངས་ཀྱི་ཐན་པ་བྱུང་བས་རེད

མཚན་གུང་ཞིག་ལ་ངུ་སྙིང་དྲག་པོས་གཟིར་དོན
མུན་པ་མཁྲེགས་པོ་དེས་ཁྱོད་ཀྱི་སྙིང་ཁ་མནན་པས་རེད
རེ་ཆད་ཀྱི་ཚོས་ཁ་སྟུག་པའི་སྙན་ངག་ཅིག་བཀླགས་པས་རེད
དབུལ་ཕོངས་ཀྱི་སྐྲ་ལོ་འཛིངས་པའི་སྙན་ངག་པ་ཞིག་དྲན་པས་རེད
ཅིས་ཀྱང་བདེ་སྐྱིད་ཀྱི་མྱོས་བུམ་ལ་རེག་ཐབས་མ་བྱུང་བས་རེད
དུས་ཚོད་ཀྱི་ཕུང་བོ་དག་རྡུལ་ཕྱེ་བཞིན་ཟགས་སོང་བས་རེད

མཚན་གུང་ཞིག་ལ་ངུ་སྙིང་དྲག་པོས་གཟིར་དོན
ཨ་མ་དྲན་པས་རེད   ལྷ་ས་དང་རྒྱལ་རྩེ་དྲན་པས་རེད
སྐྱོ་གདུང་དང་ན་ཟུག་མོད་པས་རེད
ཁེར་རྐྱང་དང་རེ་ཆད་ལས་ཅི་ཡང་མེད་པས་རེད

                     འོད་ཀྱི་མུན་པ།

ངུ་ཤུམ་བྱེད་ཀྱིན་པའི་ངས   ཁ་རོག་གེར
སྲང་ལམ་དུ་རྒྱུ་བའི་རླུང་ལ་ཅེར་ནས་བསྡད
ཐ་མག་རྐང་གཅིག་སྐྱོ་ཉམས་ཀྱིས་ཐལ་བར་གྱུར་དུས
སྙིང་ཉེ་བ་ནི་འོད་དུ་འཚེར་བའི་མུན་པ་ཁོ་ནའོ

                      སྙན་ངག་ཚིག་རྐང་བཅུ་བཞི་མ།

མིག་ཟུང་བཙུམས་ནས་རེ་ཞིག་བསྡད་པས    
གཟུགས་མེད་པ་དག་སེམས་ལ་ཡང་ཡང་ཐོགས
ཁྲག་རྩར་འཁྱིལ་བའི་རྟ་ཕོའི་རྨིག་སྒྲ
རལ་གྲིའི་དབལ་ཁ་ན་དྲག་ཏུ་འཕྱོ་བའི་ཞེ་སྡང
བཀྲེས་སྐོམ་གྱི་མཆེ་སྡེར་བགྲད་པའི་འཆི་བདག
ཕྱོགས་སོར་འཁྱར་བའི་ཡབ་མེས་ཀྱི་རྣམ་ཤེས
ཟླ་འོད་ཀྱི་ཟེར་མ་ལྟ་བུའི་ཟ་ཟིའི་ཆོས་སྒྲ

དེ་ལས་ལྡོག་སྟེ་མིག་ཟུང་ཕྱེས་ནས་ཡུན་རིང་བསྡད་ཀྱང
ལྗོན་རྩེར་ལྷུང་བའི་སྲིང་བལ་གྱི་སྤྲིན་པ་ཕོན་པོ་དག་མཐོང་མ་སོང
ཡ་ཐོད་ཀྱི་གཉེར་མདུད་འགྲོལ་བའི་རླུང་གི་ལག་པ་དེ་མཐོང་མ་སོང
དུ་སྨུག་གྱ་གྱུ་ཁྲོད་ཀྱི་ཚོ་ཁག་སྣུམ་ཞག་ཅན་དེ་མཐོང་མ་སོང
ལག་མཐིལ་གྱི་རི་མོ་རབ་རིབ་ལས་མི་ཚེའི་ལམ་བུ་མཐོང་མ་སོང
བརྩེ་བའི་འཛུམ་ཟེར་བཀྱེས་པའི་ཨ་མའི་ངོ་གདོང་དེ་མཐོང་མ་སོང
མེ་ལོང་གི་ཁ་གཏད་དུ་བསྡད་ནས་རང་ཉིད་ཀྱི་གྲིབ་གཟུགས་མཐོང་མ་སོང

                        མཐའ་མི་མངོན་པའི་དཀྱིལ་འཁོར་ནག་པོ།

མཚན་སྨག་ནི་བྱི་ལ་ནག་པོ་ཞིག་གི་ཟོལ་གྱིས་འཇབ་ཡོང
ཐང་ག་ཞིག་ལྟར་ལྡེབས་ངོས་སུ་དཔྱངས་པའི་མེ་ལོང་དུ
སྔོ་སངས་ཀྱི་ནམ་མཁའ་གཡའ་དག་པ་ཞིག་པ་ཤར
འཕུར་བསྐྱོད་ལ་འཁྲེང་བའི་བྱ་ཁྱུ་ཞིག་གི་གཤོག་རུ་མངོན
ཉི་འོད་འཁྱིལ་བའི་མཐའ་ཀླས་ཀྱི་མཚོ་འགྲམ་ཞིག་མངོན
འཛུམ་གྱིས་རབ་ཏུ་མྱོས་པའི་མི་ཚོགས་མང་པོ་སྣང
ཁ་བས་ཡང་ཡང་བསེད་པའི་སྐྲ་ལོ་རིང་བོ་ཞིག་འགུལ
རེག་བྱས་ཟིན་ཐབས་མེད་པའི་ཟླ་འོད་ཀྱི་ཉག་མ་རེ་ཡང་འཕྲོ
 
སྐབས་འདིར་ང་སླར་ཡང་ལམ་ལ་ཆས་འགྲོ
མེ་འཁོར་འདིས་ང་རང་ཅ་ལག་ཞིག་གི་ཚུལ་གྱིས
གྲོང་ཁྱེར་ཞིག་ནས་གྲོང་ཁྱེར་གཞན་ཞིག་ལ་བསྐྱལ་སྲིད
 
རླབས་བཞིན་འཕྱོ་བའི་རྒྱུས་མེད་ཀྱི་མི་ཚོགས་ཀློང་ནས
ངས་སྣང་བར་སྣུམ་བཞིན་སིམ་པའི་མི་ཞིག་དྲན་སྲིད
སོ་སོའི་སྙིང་མགོར་སེན་འབྲད་བྱེད་སྟངས་ཀྱིས
སྐྱོ་བའི་སྨུག་ཀློང་དུ་མགོ་བོ་བསྲིངས་ཚུལ་གྱིས
 
ངས་རྒྱང་རིང་གི་བདེ་སྐྱིད་མཐོང་སྲིད་དམ
 
ཚ་བས་གདུང་བའི་དབྱར་གཞུང་ཞིག་ལ
བདེ་སྐྱིད་ནི་རླུང་དང་ཆར་བའི་བྱིལ་བྱིལ་ཇི་བཞིན
སུས་ཀྱང་མྱོང་ཐུབ་པ་ཞིག་གཞར་ཡང་ཡིན་མི་འདུག
 
ཡང་སྙིང   སུ་ཞིག་གིས
དབུལ་ཕོངས་ཀྱིས་རལ་གྱིན་པའི་རྣམ་ཤེས་མང་པོའི་གཟུགས་མཐོང་ངམ
ས་རུ་འགྱེལ་བའི་གྲིབ་རིས་དག་གི་སྒྲ་ཐོས་སམ
སྐྱོ་ངལ་གྱིས་འཚིག་གིན་པའི་སེམས་པ་མང་པོའི་དྲི་གཟུང་ངམ
ཡུགས་ས་མའི་བརླ་སྒོ་ན་བཞུར་བའི་ཁུ་ཁྲག་གི་རོ་ཚོར་རམ
གློག་བཞིན་འཁྱུག་པའི་འཆི་བདག་གི་སྲོག་རྩར་རེག་ཐུབ་བམ
 
རྡོག་ཁྲེས་ཞིག་ལྟར་རྒྱ་ཁར་བཞག་ན
སྙན་ངག་པའི་བདེ་སྐྱིད་དང་སྡུག་བསྔལ་གང་གིས་ལྕི་འམ
སྤར་མོས་ཟིན་ཚད་ཀྱིས་ཚིག་དང་ཐ་སྙད་བཏུས་ཀྱང
རུས་རྐང་གི་སྐྱོ་གདུང་ནག་པོ་སེལ་ཐབས་དཀའ་ཨང
 
མཚན་སྨག་ནི་བྱི་ལ་ནག་པོ་ཞིག་གི་ཟོལ་གྱིས་འཇབ་ཡོང
ཐང་ག་ཞིག་ལྟར་ལྡེབས་ངོས་སུ་དཔྱངས་པའི་མེ་ལོང་ལས
སྐྱོ་གཉེར་བབས་པའི་ངོ་གདོང་ཐེད་པོ་ཞིག་གྲུབ
ཁེར་རྐྱང་གིས་བསྣད་པའི་མིག་ཟུང་ཆ་གཅིག་མངོན
དར་ལྕེ་སྟེང་གི་སྔགས་ཡིག་བཞིན་འབོར་ཐབས་མ་རྙེད་པའི
དཀྱིལ་འཁོར་ནག་པོ་མཐའ་མི་མངོན་པ་ཞིག་ཡང་ཡང་མངོན
 
ཀྱེ  སྐྱོ་གདུང་ཁོ་ན་ང་ཚོའི་ཐེར་ཟིག་གི་ནོམ་པ་ཡིན་ཨང

                    ཟླ་དགུ་བ།
 
ཚེ་སྲོག་ནི་ཁ་བའི་འདབ་མ་ལས་ཀྱང་ཆུང་སྟེ
དུས་ཚོད་ཀྱི་རླུང་བུས་རེག་ཙམ་ནས་འཐོར་འགྲོ་བ་འདྲ
ལོ་ཟླ་དང་ལྷན་དུ་རྒྱང་རིང་ལ་ཆས་སོང་བའི་མི་མང་པོ་ཞིག
ངའི་དྲན་པའི་མེ་ལོང་དུ་འཚང་ག་བརྒྱབ་བྱུང
དེ་དུས  ཏག་ཏག་ཟླ་དགུ་བ་ཡིན་འདུག་པ་ཚོར
                 
                      —སྙན་རྩོམ་འདིའི་སྣ་ཐིག
 

ཟླ་དགུ་བ  རེ་ཆད་ཀྱི་ཚོས་ཁ་སྟུག་པའི་སྙན་ངག་ཅིག་རེད
ངས་བཞི་མདོ་རུ་ཁེར་རྐྱང་དུ་ལུས་ཡོད་པའི་རང་ཉིད་མཐོང
སྟོན་རླུང་ནི་གཅུ་འཛེར་ཞིག་ལྟར་ངའི་ལུས་ལ་ཟུག་གིན་པ་མཐོང
 
ལམ་ངོས་སུ་འགྱེལ་བའི་གྲིབ་གཟུགས་མཐའ་དག
སྟོན་རླུང་གི་ལག་པས་བསུབ་ཀྱིན་པ་མཐོང
 
ཟླ་དགུ་བ  སྐྲ་ལོ་རིང་བོ་ཅན་གྱི་སྙན་ངག་པ་ཞིག་ལ་མཚོན་ན
སྟོན་འབྲས་གཡུར་དུ་ཟ་བའི་དུས་ཚིགས་ཤིག་ཡིན་མི་སྲིད
 
སྟོན་རླུང་ནི་མིའི་རིགས་ཀྱི་ཧམ་སེམས་ལྟར་ལྡང་དུས
ང་དོང་འཁོར་ལ་བསྡད་ནས་རང་མལ་སྙེག་གིན་ཡོད
ཟླ་ཕོགས་ཕྱེད་ཙམ་གྱིས་གླས་པའི་ཁང་མིག་རོ་སྒམ་འདྲ་བོ་དེར
ངས་ཁང་མིག་འདི་ཡི་གེར་འགོད་ཐབས་ལ
འདི་ལས་ལྷག་པའི་དཔེ་འཇོག་འོས་མོ་ཞིག་རྙེད་མ་བྱུང་ནའང
 
སྐབས་དེར  ཐོན་བྱུང་ངམ་ཟེར་མཁན་ཞིག་ཡོད་ན
ཨེ་དཀའ་ཐལ་ཟེར་མཁན་ཞིག་ཡོད་ན
ངས་ཀྱང་མི་ཚེ་ནི་མེ་ཏོག་ཅིག་ཏུ་འཁྲུལ་ངེས
 
ཟླ་དགུ་བ  རྨི་ལམ་ལྟ་བུའི་ལམ་སྒྲོན་མག་མོག་དེའི་མཐའ་ནས
ངས་གྲང་འདར་རྒྱག་གིན་པའི་དགུན་ཟླ་མཐོང
རང་ཉིད་ཀྱི་ངལ་དུབ་སྒྱེ་མོ་ཞིག་ལྟར་འདྲུད་ཞོར
ཤར་རྒྱུགས་ནུབ་འདུར་བྱེད་ཀྱིན་པའི་མི་དག་མཐོང
 
ཟླ་དགུ་བ  ཆར་ཐིགས་སྔར་བཞིན་བྱ་འདབ་བརྒྱུད་ནས་ཟགས
ངས་རྫུབ་ཅིང་མཐུག་པའི་རྩྭ་ཤིང་གི་ལོ་མའི་ཚོགས
ཇ་ལོ་ཞིག་ལྟར་ཡང་ཡང་སྦངས་ནས་རུལ་གྱིན་པ་མཐོང
 
ཆེས་མཐའ་མཇུག་གི་ཤོག་ལྷེ་དེ་ཕར་ལ་བསློགས་དུས
ངས་སྒྲུང་ནང་གི་བུ་མོ་དེ་ལྕེབས་འདུག་པ་མཐོང
མཆི་མའི་ཐིགས་པ་འགའ་ངའི་མིག་ཟུང་ལས་མར་འགྲིལ་གྱིན་པ་མཐོང
 
ཟླ་དགུ་བ  དྭངས་ཤིང་གསལ་བའི་མེ་ལོང་ཞིག་དང་འདྲ་བར
ངས་དེ་ལས་ནག་ནོག་གོས་པའི་རང་གི་མིག་ཟུང་མཐོང
ནུར་ཞིང་རལ་བའི་འཛུམ་མདངས་རྙིད་པ་མཐོང
ད་དུང་སྙིང་ཉེ་བའི་ཆུང་དུས་ཀྱི་རྩེད་རྭ་ཇི་བཞིན
རྨང་ནས་ཞིག་བཞིན་པའི་རྒྱང་རིང་དང་རྨི་ལམ་མཐོང
 
ཟླ་དགུ་བ   ངས་རྒྱང་རིང་སྔར་བཞིན་རྒྱང་རིང་དུ་ཡོད་པ་མཐོང
བདེ་སྐྱིད་ཀྱི་བསིལ་རླུང་ཡོད་ཚད་དེ་གར་ལྡང་བཞིན་པ་མཐོང
དེ་དག་ང་ལ་འབྲེལ་བ་ཅི་ཡང་མེད་པ་མཐོང
 
འཚོ་བས་ང་ལ་བར་མེད་དུ་འགྲམ་ལྕག་བཞུས་ཀྱིན་པ་ཚོར་ནའང
ངས་སྔར་བཞིན་ངོ་ཚ་མེད་པར་སྙན་ངག་འབྲི་བཞིན་པ་མཐོང
 
ཟླ་དགུ་བ   སྐྲ་ལོ་རིང་བོ་ཅན་གྱི་སྙན་ངག་པ་ཞིག་ལ་མཚོན་ན
ཏག་ཏག་སྙིང་རླུང་ལྡང་བའི་དུས་ཚིགས་ཤིག་ཡིན་འདུག

                       དུས་ཚོད།
 
མུན་པ་འཐིབས་པའི་ཉི་ཟླའི་རྣ་ཆ་དང་བསྐལ་བའི་ཕུག་པ་རིང་བོ
སྐྱེ་འཆིའི་གཏམ་རྒྱུད་ལས་བཞད་པའི་སྡིག་པའི་མེ་ཏོག
ལོ་བརྒྱའི་ཁེར་རྐྱང་དང་བསྐལ་བ་དུ་མའི་སྐྱོ་གདུང
སྡུག་བསྔལ་བརྩེགས་མ་དག་འཁྲུངས་སའི་མྱ་ངམ་ཐང་ཆེན་པོ
 
གསང་བའི་སྒྲོག་མདུད་རྒྱག་མཁན་གྱི་ལག་ཟུང་མཐོང་དུ་མི་གཏུབ་པ
ལང་ཚོའི་མེ་སྟག་དང་དྲན་པའི་མིད་པ་སྒོག་བྱེད་ཀྱི་ཁེ་གྲི
འཁོར་བའི་རྩ་ལམ་དུ་རང་དབང་གིས་རྒྱུ་བའི་ཁྲག་གམ
མཁའ་དབུགས་སམ་དུ་སྤྲིན    ཡང་ན་སྨུག་པ
མཚོ་དང་ནགས་ཚལ་གྱི་བར་སྣང་ཀུན་དུ་ཡངས་པོར་ཁྱབ་པ་དེ་ཉིད
 
བྲག་ཅར་བསྐྱིལ་ཐབས་མེད་པའི་གླུ་སྐད
ཐ་གུ་བཞིན་གཅོད་ཐབས་བྲལ་བའི་སྐར་ཕྲན་གྱི་ཐག་པ
སྐྱེན་པོའི་རླུང་དང་རྟ་ཕོ་གང་གིས་ཀྱང་ཟིན་དུ་མེད་པ
མུན་པའི་གཡང་ལས་འགྲིལ་ཡོང་བའི་གཟུར་མེད་ཀྱི་རྦབ་རྡོ
 
ཚེ་སྲོག་གི་རི་མོ་ཡང་ཡང་འབྲི་ཞིང་ཡང་ཡང་སྣོག་པའི
ཐེར་ཟུག་གི་བྱེད་པོ་གཅིག་མིན་མེད་པ་དེ་ཉིད
 
སྣང་བའི་ཡོལ་གོ་རུ་འདོད་པའི་ལྕགས་ཚ་བླུགས་རྗེས
གར་སོང་གི་རྗེས་ཤུལ་མ་རྙེད་པའི་ཁྲམ་པ
དུས་ཚོད   དུས་ཚོད   དུས་ཚོད

                     གྲོགས་འདས་པོ་ཞིག་དྲན་པ།

བྲག་རྡོའི་སྟེང་གི་མཚན་སྨག་སྟུག་པོས
ཁྱོད་ཀྱི་སྐྱོ་གདུང་མཚོན་ཐུབ་བམ
ང་རང་ཡི་གེའི་ནགས་ཚལ་དུ་མགོ་འཐོམས

མཆི་མས་བརླན་པའི་ངོ་གདོང
རླུང་བུ་ཡང་མོས་བསྲད་ཀྱང་སྐད་ཅིག་ཙམ་མོ
གལ་ཏེ    ང་རང་ཉ་མོ་ཞིག་ཡིན་ཚེ
འཆི་འཕོའི་མྱ་ངན་བརྗེད་པར་འགྱུར་རམ

དུས་ཚོད་ཀྱི་རྡོ་རྩིག་ངོས་སུ
ཟླ་དྲུག་པའི་མཚོ་སྔོན་པོ་སྔར་བཞིན
གཤོག་པའི་ནམ་མཁའ་སྔར་བཞིན
ཁྱོད་ཀྱི་ཁེར་རྐྱང་དང་འཛུམ་མདངས་སྔར་བཞིན

དྲན་པའི་མེ་ལོང་དུ་ཁྱོད་རང་འཆར་བར་བྱེད་དུས
སེམས་ཀྱི་སྙི་ས་ཞིག་དྲག་ཏུ་གཟེར་བ་དེ་སྔར་བཞིན

ང་ཡིས་ཁྱོད་ལ་གདུང་སེམས་མཚོན་བྱེད་དུ
ཐ་སྙད་ཀྱི་ཤོག་བྱ་སྤུར་བ་ལས་ཅི་ཡང་མི་ནུས་པ་དེ་སྔར་བཞིན

                      འཆི་བ།
 
འཆི་བ   ཆར་རྗེས་ཀྱི་འཇའ་ཚོན་ནམ་ཉི་འོད
མུ་མེད་ཀྱི་བྱེ་ཐང་དུ་བཞད་པའི་མེ་ཏོག་ཁེར་སྐྱེས
སྨུག་ཀློང་ཁྲོད་ནས་ཕྱིར་ཐར་རྗེས
མིག་ལ་ལྷུང་ཡོང་བའི་ཡུལ་ལྗོངས་སྣུམ་པོ
སྲོད་ཀྱི་ལྡེབས་ངོས་སུ་རྒྱུ་བའི་བསིལ་རླུང་འཇམ་པོ
 
ལུས་པོའི་བཙོན་རྭ་བརྒལ་བའི་འོད་ཀྱི་གཤོག་ཟུང
རང་དབང་གི་མཁའ་དབུགས་སྟུག་པའི་སེམས་ཀྱི་ལོག་མལ
 
འཆི་བ   འུ་ཅག་ཐུན་མོང་ལ་དབང་བའི་སྤྱི་ནོར་གཅིག་པུ
ཐར་བ་ཆེན་མོའི་ཕོ་ཕྲང་བརྗིད་ཅིང་མཛེས་པ་དེའོ


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།