གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསེར་གུར་གྱི་སྙན་ངག་བདམས་བཀོད།

2018-07-17 09:37:20 གསེར་གུར།(པེ་ཅིང) ཀློག་གྲངས། མཆན ཡོད།

IMG_2298.JPG

ང་ནི་མི་ལོ་དུ་མ་ཞིག་གི་ཡར་སྔོན་དུ། མ་དངུལ་བུ་ལོན་དུ་བླངས་ཏེ། དཔར་གྲངས་སྟོང་གསུམ་ཅན་གྱི་སྙན་དེབ་ཅིག་ཀློག་པ་བོའི་སྤྱི་ཚོགས་སུ་བཀྲམ་ཡང་། ཕྱེད་ཀ་མ་ཚོང་བས་རང་ཁྱིམ་དུ་བརྩིགས།  མཐར་བུ་ལོན་དེ་དག་ཞབས་ཞུ་བ་བྱས་ཏེ་འཇལ་དགོས་བྱུང་བའི་ཡིག་འབྲི་བ་སྡུག་ཐུག་ཅིག་གི་སྐྱེ་བར་གྱུར་མོད། གནའ་ཞིག་ལ་ངས་སྐད་ཆ་འདི་འདྲ་ཞིག་བཤད་པ་ཡིན། ད་རུང་ཡང་དེ་ཡིན། ངས་སྨག་ནག་པའི་མི་ཚེའི་ཉིན་སྲིབ་དག་ཏུ། རང་གི་རྡོག་ལམ་གསལ་བའི་ཕྱིར་དུ་སྙན་ངག་བྲི་རྒྱུ་ཡིན། ངས་ཁེར་རྐྱང་གི་རྒྱ་མཚོའི་ནང་དུ་ལྷུང་བའི་རང་ཉིད་སྐྱོབ་ཕྱིར་སྙན་ངག་བྲི་རྒྱུ་ཡིན་ཞེས་བཤད་མྱོང་། གསེར་གུར་ཞེས་པའང་དེ་ནས་ཐོགས་པ་ཡིན། མདོར་དྲིལ་ན་ངའི་འཚོ་བ་ནི་ཡོང་འབབ་མེད་པའི་སྒྱུ་རྩལ་གྱི་རིགས་ཤིག་ཡིན་ལ། ཡོང་འབབ་མེད་ན་ཆོག་པའི་སྒྱུ་རྩལ་གྱི་རིགས་ཤིག་ཀྱང་ཡིན་ནོ།  །

                      སྐྱོ་བས་ཁེངས་པའི་སྙན་ཚིག

རི་སྣ་མི་གཅིག་ཆུ་ཕྲན་ཆུང་ཆུང་དག  །
རྐོ་འབུར་གཞུང་གསུམ་མེད་པར་བཞུར་ན་ཡང་།  །
མཇུག་གི་ཐ་མར་ཆུ་བོ་ཆེན་པོ་ཡི།  །
ཆུ་སྣ་གཅིག་ལ་ལྷན་ཅིག་འདྲེས་པ་རེད།  །
འདྲེས་པའི་ཚུལ་དེ་བརྗོད་ཀྱིས་མི་ལངས་པས།  །
ཞིབ་ཏུ་སོམས་དང་ཅི་འདྲའི་སྐྱིད་པ་ལ།  །

དེ་ལྟ་མོད་ཀྱི་ཁྱོད་དང་ང་གཉིས་ནི།  །
ཡུལ་སྡེ་རི་ལུང་གཅིག་ཏུ་སྐྱེས་གྱུར་ཀྱང་།  །
ཐ་མར་ལས་ཀྱི་དབང་གིས་ཡིན་ནམ་ཅི།  །
འུ་གཉིས་ལྷན་དུ་གཏན་ནས་ཆད་⁶མ་བྱུང་།  །
མ་ཆད་པ་འདི་བསམ་པར་མི་ནུས་པའི།  །
སྐྱོ་བའི་ནང་གི་ཅི་འདྲའི་སྐྱོ་བ་ལ།  །

                ⁶ ཡུལ་སྐད་དེ། ལྷན་དུ་གནས་པའི་དོན།༢༠༡༨|༣|༢༩ ལ།

IMG_2296.JPG

                     
                     ཁྱོད་ལ་བླངས་པའི་ལ་གཞས།

ང་དགའ་སའི་རྫིང་བུ་མེ་ཏོག་གི་ཕྲ་ཅན།  །
མཐོང་དཀོན་ཡང་སེམས་ཀྱིས་ཡང་དང་ཡང་རིག་གི  །
ནང་སེམས་ལ་ཐོགས་པའི་མིག་ཟུང་གིས་རིག་ན།  །
དམྱིག་སྔོན་པོས་རིག་དང་མ་རིག་གིས་ཅི་བྱེད།  །
དེར་རྐྱལ་རྒྱུའི་གོ་སྐབས་ལོ་རེ་ཡི་ནང་དུ།  །
ཐེངས་གཅིག་གཉིས་ཙམ་ལས་རེག་ཐབས་ཤིག་མེད་ཀྱང་།  །
ནང་ཚོར་བའི་ཟིན་པའི་བདག་ལུས་ཀྱི་ཕུང་པོ།  །
དུས་ངེས་པ་མེད་པར་ཡང་དང་ཡང་རྐྱལ་ཡོད།  །
བློ་ཡིད་གཉིས་མེད་པའི་ཚོར་བ་ཡིས་ཟིན་ན།  །
ཕྱི་ཤ་དང་ཁྲག་གི་གདོས་བཅས་ཀྱི་ལུས་འདི།  །
དེར་རྐྱལ་དང་ཡང་ན་མ་རྐྱལ་ཞིག་ཅི་ཡོད།  །
དེའི་ཅི་ཚད་ད་རུང་བསུང་ཞིམ་གྱི་དྲི་ངད།  །
སྣ་གཏན་ནས་བསྣམས་ཀྱང་དྲི་ཞིམ་གྱིས་ཁྱབ་ཀི  །
དྲི་དུ་མོས་⁶ཞིམ་པོ་རྩོལ་མེད་དུ་བྲོ་ན།  །
ཕྱི་བུ་ག་དོད་པའི་ཁུང་བུ་འདི་གཉིས་ཀྱིས།  །
དྲི་ཚོར་དང་ཡང་ན་མ་ཚོར་ཞིག་ཅི་ཡོད།  །

         ⁶ ཡུལ་སྐད་དེ། དེ་འདྲ་ཞེས་པའི་དོན།༢༠༡༨|༤|༡ལ་པེ་ཅིན།

                    ལག་པའི་ནང་གི་ལྗོན་ཤིང་།

དབྱར་དྲུག་པའི་མེ་ཏོག་ལྗང་ཡག་མ།  །
ཁྱོད་དབྱར་ཟླ་དྲུག་པར་མ་ཐོན་གོང་།  །
ཟླ་གསུམ་པའི་ནང་ནས་སྐྱེས་བཏང་ཟིག །
ཟླ་བཞི་བ་ཚེས་པའི་ནངས་མོ་ལ།  །
ས་པེ་ཅིན་གྲོང་ནས་བཞད་བཏང་ཟིག  །
ང་དབྱར་ཟླ་དྲུག་པར་འཁྲེང་འཁྲེང་གི  །
དབྱར་དྲུག་པའི་ཁྱོད་ལ་དགའ་དགའ་ཀི  །
ཁྱོའི་མཛེས་སྡུག་དེ་ག་དྲན་དྲན་གི  །
ངའི་ཆེད་དུ་ཟླ་བ་གཉིས་ཀྱི་སྔུན།  །
ཁྱོད་བཞད་པ་ཨེ་ཡིན་ལྗང་ཡག་མ།  །

                        ༢༠༡༨|༤|༢ལ།

                      སྐྱེད་མོས་ཚལ།

ང་ཡི་ཁེར་རྐྱང་མེད་པའི་གནས་དེ་ནི།  །
འདི་འདྲ་རེད་ཅེས་ཁྱོད་ལ་བཤད་གྱུར་ན།  །
ཁྱོས་ཀྱང་ཡུན་རིང་སེམས་ལ་རྐྱ་འཐབ་པའི།  །
རང་གི་ཁེར་རྐྱང་ཁྱོད་དང་རེ་ཞིག་ལ།  །
རྩོམ་འདི་ཀློག་པའི་མོད་དེར་འབྲལ་བར་ངེས།  །
ང་ཡི་ཁེར་རྐྱང་མེད་པའི་གནས་དེ་ན།  །
ལྗང་ནག་ལྟེམ་ལྟེམ་འཁྱིལ་བའི་མཚོ་ཞིག་ཡོད།  །
མཚོ་དེའི་མཐའ་ན་སྡོང་བོ་མང་པོ་ཡོད།  །
སྡོང་བོ་དག་གི་ཡལ་ག་ཕྱོགས་བཅུར་བརྐྱངས།  །
ཡལ་འདབ་རེ་རེས་ཉི་འོད་ཚ་བོ་ལས།  །
བརླན་ཞིང་གཤེར་བའི་བསིལ་བ་འཇམ་པོ་འདྲེན། །
ང་ནི་སྡོང་བོའི་དཀྱིལ་གྱི་ཡལ་གའི་སྟེང་།  །
ཙོག་པུར་བསྡད་དེ་མིག་གཉིས་མཚོ་ལ་ཆགས།  །
མཚོ་མོའི་མཐའ་ན་ཆ་དང་ཆ་བྱས་པའི།  །
འདབ་ཆགས་མང་པོས་འཚོ་བ་རོལ་གྱིན་ཡོད།  །
ང་ནི་འདབས་ཆགས་དག་ལས་ངང་བར་དགའ།  །
ཁྱོ་ཤུག་ངང་བ་དེ་ཚོ་བརྩེ་དུང་ཟབ།  །
མཚོ་ཁ་ཀན་ན་གཅིག་རྗེས་གཅིག་གིས་འདེད།  །
ང་ཡི་མིག་གཉིས་བཀག་ཀྱང་མི་ཁོག་པར།  །
མཚོ་དང་ངང་བ་གཉིས་ལ་རེས་མོས་ཀྱིས།  །
ཆགས་ཤིང་རང་གི་ཁེར་རྐྱང་དེ་ནས་བོར།  །
ཕྱི་དྲོ་ངང་བ་ཚང་ལ་འཕུར་ཤུལ་དུ།  །
ང་ཡང་མཚོ་ཁ་དེ་ཡི་ཉེ་འགྲམ་གྱི།  །
ཁང་པའི་ནང་དུ་ལོག་ཅིང་མཛའ་མོར་སྒུག  །
ཡུན་རིང་སེམས་ལ་བཅངས་པའི་མཛའ་མོ་ཡིས།  །
ང་ཡི་སྒོ་མོ་རྡུང་ཞིང་ང་ལ་འབོད།  །
སྐབས་འདིར་ངེད་གཉིས་འཇིག་རྟེན་འདི་ངོགས་ལས།  །
གདུང་བ་ཆེན་པོས་བྲལ་བའི་ཕོ་མོ་གཉིས།  །
འཇིག་རྟེན་ཕྱི་མའི་ཡུལ་ནས་འཕྲད་པ་བཞིན།  །
ངག་མི་སྨྲ་བར་གཅིག་ལ་གཅིག་འཁྱུད་ཀྱིས།  །
དམ་པོར་འཐམས་ཏེ་ཇ་ཡུན་ཙམ་དུ་འང་།  །
གྱེས་པར་སྐྲག་པས་གཏོང་དུ་མ་ཕོད་ཅིང་།  །
སླར་ཡང་ང་ཡི་ཁྱེར་རྐྱང་དེ་ནས་བོར།  །
ཨེ་མ་སྐྱིད་མོས་ཚལ་འདི་ཉམས་རེ་སྤྲོ།  །
ང་ཡི་སེམས་པ་ཨ་སྔོན་དགུང་དང་འདྲ།  །
སྤྲིན་དང་སྨུག་པ་མེད་ལ་ཤིན་ཏུ་དྭངས།  །

                       ༢༠༡༨|༥|༦ལ།
IMG_2297.JPG

                      ཚིགས་བཅད་ནང་གི་གྱེས་བྲལ།

འུ་གཉིས་སྡུག་བསྔལ་མེད་པའི་གནས་ཤིག་ཏུ།  །
ལྷན་ཅིག་འཕྲད་དེ་ཉིན་ནི་བཅུ་གྲངས་འདས།  །
འདི་གར་དྲན་གདུང་དང་ནི་འདུ་འབྲལ་སོགས།  །
ཅིར་ཡང་མེད་པར་བདེ་སྐྱིད་ཤར་ནས་བསྡད།  །

ཅི་སྟེ་དུས་ཚོད་རེ་རེས་གཤོག་ལྷབ་ཀྱིས།  །
མིག་ཟུང་མཐའ་རུ་ཅི་ཙམ་འཕུར་ན་འང་།  །
ལུས་ནི་གཡོ་བ་ལྟ་ཅི་སེམས་ལ་འང་།  །
གཡོ་བ་ཕྲ་མོ་ཙམ་ཡང་མི་འབྱུང་ངོ་།  །

རིག་པ་གཞན་ལ་མ་གཡེང་རྩེ་གཅིག་ཏུ།  །
གཞོལ་ཏེ་གཅིག་སེམས་གཅིག་ལ་འཐམ་པ་ཡིས།  །
ཉིན་མཚན་ཆུ་བོ་བར་མེད་གཤར་བ་འང་།  །
མིག་གིས་མ་རིག་རྣ་བས་ག་ལ་ཚོར།  །

བདག་སེམས་སྨག་གིས་བཏུམ་པའི་ནམ་མཁའ་འདྲ།  །
ཁྱོད་ནི་དེ་རུ་གསལ་ལེར་ཤར་བ་ཡི།  །
ཟླ་བ་བཞིན་དུ་སྙིང་ལ་སྡུག་པ་འདིས།  །
བློ་ཡིས་མི་ཐོང་ན་འང་ཐབས་ནི་ཅི།  །

                                   ༢༠༡༨|༣|༩ལ།

IMG_2299.JPG


                      ལུམ་བིའི་ཚལ་གྱི་སྙན་ངག

གནས་འདིའི་ཉེ་འདབས་ཀུན་ཏུ་མེ་ཏོག་བཞད་བྱུང་།  །
གང་ནས་བལྟས་ཀྱང་མིག་ལ་མེ་ཏོག་འཚེར་ཡོང་།  །
ང་ཡིས་མེ་ཏོག་ནང་ལ་རྐང་པ་བཞག་ནས།  །
དེ་དང་ལྷན་དུ་སེམས་ལ་ཁྱོད་ཉིད་བཅུག་སྟེ།  །
ཁྱོད་ནི་ང་ཡི་གང་དུ་ཡོད་དོ་སྙམ་ཞིང་།  །
མགོ་བོ་ང་ཡི་པང་དུ་བསྙལ་ཡོད་བསམས་ནས།  །
ཁྱོད་ཀྱིས་ལྟོས་དང་ཡུལ་འདི་ཡག་ག་ཞུས་པས།  །
རླུང་གི་ནང་དུ་གནས་པའི་མེ་ཏོག་དེ་ཚོས།  །
འཛུམ་དམུལ་དམུལ་གྱིས་མགོ་ལྕོག་ལྡེམ་ལྡེམ་བྱས་བྱུང་།  །
ང་ཡིས་མེ་ཏོག་དེ་ཚོ་ཁྱོད་ལ་འཁྲུལ་ནས།  །
ཕར་ལ་ཧ་ཅང་དགའ་བའི་ཉམས་ཤིག་བསྟན་ཙང་།  །
དེ་ཡི་མོད་ལ་འཛུམ་མདངས་ལྷུག་གེར་གྲོལ་བའི།  །
མེ་ཏོག་དེ་ཚོ་སྙན་ངག་ཅིག་ཏུ་གྱུར་སོང་།  །
ལྟ་བའི་ཆོག་མི་ཤེས་པའི་སྙན་ངག་འདི་དག  །
ང་རས་ཁོ་ནའི་མིག་གི་སྤྱོད་ཡུལ་རེད་ཤག  །

                           ༡༠༡༨|༥|༢༤ལ།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།