ཐོ་རེངས་ཀྱི་སྙན་ངག་བདམས་བཀོད།

ཐོ་རེངས། རྡོ་ཕ་བོང་དང་མིང་མེད་ཅེས་ཀྱང་འབོད། རེབ་གོང་རྒྱལ་པོ་རུ་སྐྱེས། 《གངས་རྒྱན་མེ་ཏོག》དུས་དེབ་ཀྱི་གདན་ཞུའི་རྩོམ་སྒྲིག་པ་དང《རང་གྲོལ》དུས་དེབ་ཀྱི་རྩོམ་སྒྲིག་པ། སྙན་དེབ་ལ་《ཚོར་བའི་འཇིག་ཉེན》དང《1987》གཉིས་པར་དུ་བསྐྲུན། 《མིང་མེད་སྙན་ངག་བརྒྱ་རྩ་བརྒྱད》དང《རྡོ་ཕ་བོང》《ཆོ་མེད་པའི་འགྲུལ་བཞུད》བཅས་སྙན་དེབ་གསུམ་དཔར་སྐྲུན་བྱ་འཆར་ཡོད། 2022ལོར་སྐབས་བདུན་པའི་ཟླ་ཟེར་རྩོམ་རིག་བྱ་དགའ་ཐོབ།
གདུག་རྩུབ་ཀྱི་གཏེར་ཁ།
རླུང་དང་སྤྲིན་པར་ཚ་བ་རྒྱས་པས་ཆར་ཆུ་སྐམ
ལུས་དང་སེམས་ཀྱི་བཞུར་རྒྱུན་ཆད་པས་རྒྱང་རིང་བོར
ཉིན་མོ་རིང་དྲགས་པ་རྩིད་སྐུད་ཀྱི་ཐག་པ་ཞིག་ལྟར
མཚན་མོ་ཐུང་དྲག་པ་ཕམ་ཉེས་ཀྱི་རྨི་ལམ་ཞིག་ལྟར
རྨ་ཁ་ཡོད་ཚད་ལ་འཚེར་སྐད་ལྡན་པའི
བརྗེད་ངས་མཐའ་དག་ལ་ངུ་དགོད་སྐྱེན་པའི
སེམས་དང་བསམ་པའི་ཆག་རོ་དག་གིས་གདོང་ཐུག་རྒྱག་གིན
ལས་དང་ལམ་བུའི་མཁར་རྫོང་དག་ལ་འགས་གཏོར་ཐེབས་ཀྱིན
ཤེས་རབ་དང་བྱམས་བརྩེའི་རི་མོ་དབུལ་ཕོངས་དུ་གྱུར་ནས
རང་དབང་དང་ཚེ་སྲོག་གི་ཡུལ་ལྗོངས་རྡུལ་དུ་བརླགས་ནས
ལན་རེ་སྐྱིད་ལ་ལན་རེ་སྡུག་པའི་སྣང་བ་ཅུང་ཙམ་བསྲིངས་ཏེ
སྐབས་རེ་རྟག་ལ་སྐབས་རེ་འཇིག་པའི་བཟོ་ལྟ་ཨན་ཙམ་བཅོས་ཏེ
རྡོ་དང་གཟུ་ཡི་རྒྱལ་ཁམས་སྡོམ་སྐུད་ཀྱིས་བཙེམ་ནས
སྐད་དང་བརྡ་སྤྲོད་ཀྱི་ནགས་ཚལ་ཚེར་མས་འགམ་ནས
གཡོ་དང་སྒྱུ་མའི་སྡེ་ཚན་རེ་རེ་བ་སྤུའི་བུ་གར་འཚང་སྟེ
རྫུན་དང་ཁྲ་མའི་མདུད་པ་སྦོམ་པོ་ནག་ཡུག་ཡུག་བྱེད་དུས
ཟླ་བཞི་བའི་གདུག་རྩུབ་ཀྱི་གཏེར་ཁའི་ནང་ནས
“ནད་པ་ལྗང་ཁུ”ཟེར་བའི་རྒྱུད་མངས་ཚོན་ཁྲ་མ་ཞིག་རྙེད་བྱུང
དེས་ན རྔམ་ནག་གི་འཇིག་རྟེན་འདི་ནས
སླར་ཡང སྒེའུ་ཁུང་ཐེངས་གཅིག་ཕྱེས་ནས་རང་བྱུང་ཁམས་ལ་འགྲོ
24/4/2025
ལམ་རྙིང་འཚོལ་བ།
ཉི་འོད་ཀྱིས་གསོ་ནུས་པའི་ཤ་ལྤགས
ཕྱིར་ས་གཞི་ལ་སྤྲོད
ཚིག་ཙམ་གྱིས་གསོ་ནུས་པའི་སེམས་ཁ
ཕྱིར་སྟོང་བསམ་ལ་འབུལ
ཁྲག་དང་གཅིག་ཏུ་འདྲིས་པའི་ཁེར་རྐྱང
རང་གིས་དྲུད་ནས་འགྲོ
རང་བྱུང་ཁམས་གཅིག་པོ
རུམ་ལ་འཛིན་ཆོག་པའི་ལམ་ཡིག་ཡིན་ན
བློས་མི་ཐུབ་པ་ཅི་ཡོད
འགྲོ
2/11/2024

ནུབ་རླུང་ལ་ཕུལ་བ།
ནག་པོ་རང་ཡིན་བསམ་ནས
དཀར་པོ་ཁྱོད་ཀྱི་གདོང་ལ་བགོས
ལོང་བ་རང་ཡིན་བསམ་ནས
མཐོ་སར་ཁྱོད་རང་འཕུར་དུ་བཅུག
དོ་ནུབ ནུབ་རླུང་ཁྱོད་ལ་ལེགས་སོ་ཞུ
ཉིན་གཅིག་གི་ཞེད་སྣང་དང་ཚེ་གཅིག་གི་སྐྱོ་ངལ
སྒེའུ་ཁུང་ངོས་ལ་ཤེད་ཀྱིས་བྲབས
ང་རང་ཆ་ཤས་མང་པོའི་ནང་ནས་ཕྱིར་ལ་བོས
ཁྱིམ་གཞིས་ཤོར་མཁན་དང་རྨ་ཁ་ཅན་ཚོས
མུན་པ་འཐུང་གིན་འཐུང་གིན
ནུབ་རླུང་ཁྱོད་ལ་ལག་པ་བཟེད
དེ་ཚོའང་གས་ཆག་མང་པོའི་ཁྲོད་ནས་ཕྱིར་ལ་ཐོན
གལ་ཏེ ནུབ་རླུང་རྒྱང་དུ་བགྲོད་བྱེད་ན
ང་ཚོ་ཁང་ཆུང་འདི་ལས་འཁྲིད་པར་མཛོད
ང་ཚོའི་ཉིན་མཚན་གནས་འདིར་མེད་པར་བསམ
མལ་ཁྲི་གཅིག་པོ་དོ་ནུབ་སྨྱོ་རུ་ཆུགས
20/5/2025
གས་སྲུབས།
མཚམས་རེར་སྤྲིན་དཀར་ཚོམ་བུ་དེས་ཀྱང་ཆོག་སྙམ
ཆུ་རྒོལ་འཁྱག་པ་ལྟ་བུའི
ཐག་རིང་གི སྔོ་བསངས་གཞན་ཞིག་མཐོང་ཐུབ
ལན་རེར་ཆར་གྱི་ཐིགས་པ་དེར་གནས་ཚང་བྱས་ཆོག་སྙམ
ཚེར་མ་བཞིན་ཟུག་འོང་བའི
ལས་དབང་གི གྲིབ་གཟུགས་སེར་པོ་དེ་གྱོན་ཆོག
ད་ལྟ རྨི་ལམ་ཟེར་བ་དེ་ལའང་ཡིད་ཆེས་བྱས་ཆོག་སྙམ
ཚོན་རྩི་བཞིན་འགོས་འགྲོ་བའི
དུངས་ཞེན་གྱི ཡལ་འདབ་དང་ལོ་མ་དག་ལྷུང་གིན་འདུག
ཏག་ཏག
“མི་ཞིག་འཇིག་རྟེན་དུ་འཚོ་རྒྱུ་ཧ་ཅང་གིས་དཀའོ་སྙམ”
10/6/2025

སྙན་ངག་པ།
---རྡོ་ཕ་བོང་ལ་ཕུལ་བ།ཁོའི་སྙན་ངག་ནི་རྡོ་དང་རྡོ་ཡིས་གྲུབ་པས
དེའི་ནང་རོལ་དུ་ཕ་ཡུལ་དང་ཁྱིམ་མི་ཟེར་བ་མཐོང་དུ་མེད
ཁོའི་སྙན་ངག་གི་གསེབ་ན་སེངྒེ་དང་སྤྱང་ཀི་མེད
འགྱུར་ཁུགས་ལྟ་བུའི་ཁྭ་ཏ་ཁོ་ན་འཕུར་སྐྱོད་བྱེད་ཀྱིན་ཡོད
ཁོའི་སྙན་ངག་ཁྲོད་ཀྱི་ཉི་མའི་ཁ་དོག་ནག་པོ་ཡིན
ཁེར་རྐྱང་ནི་སྙན་ངག་གི་རྨ་ཁ་འོད་དུ་འཚེར་བ་རེད
ཁོའི་སྙན་ངག་གིས་ལྷ་སྒྲུང་དང་ལོ་རྒྱུས་བསྐྱུར་ཟིན
ཐ་སྙད་ཀྱི་ཆར་བས་ཞིང་ཁམས་གཞན་ཞིག་བརླན་འདུག
མྱ་ངན་ཐང་ནི་ཁོང་གིས་རྙེད་པའི་གསེར་དངུལ་གྱི་རྒྱལ་ཁམས་རེད
རྒྱང་རིང་ནི་ཁོང་གིས་བློ་གྲོས་ཀྱིས་བཞེངས་པའི་ཕོ་བྲང་རེད
ཁོའི་སྙན་ངག་གི་ཁྲོད་ན*ང*ཟེར་བའི་ཡི་གེ་ནག་པོ་ཞིག་བཞུར་གྱིན་འདུག
དེ་ལ་འཇིག་རྟེན་གྱི་མི་རྣམས་དེ་འདྲའི་ཆ་རྒྱུས་མེད
ཁོའི་སྙན་ངག་གི་ལྟོ་བར་ས་གཞི་དང་རི་རབ་བཅས་པ་ཤོང་གིན
ཁྱོད་ཀྱིས་མཐོང་བ་ཐམས་ཅད་སྙན་ངག་གི་གཟུགས་དང་གྲིབ་མ་རེད
ཁོའི་སྙན་ངག་དག་སྐྱེས་མ་ཐག་དབུགས་ཆད་ནས་ཤི་འགྲོ
ཉག་ཕྲ་བའི་མཛེས་པ་དག་ཁྱོད་ཀྱིས་དེ་ལྟར་ཕྱི་ལ་འཁྱེར་ཆོག
30/5/2025
སྨོན་ལམ་བོར་བ།
རློན་ཤིག་ཤིག་གི་གློག་ལྗང*ཁོ་ན
གྲོང་ཁྱེར་འདིའི་ལམ་ངོས་སུ་འཚེར་བའི་ཞོགས་པ་ཙམ་རེད
གནས་འདིར་བབས་པའི་ན་ནིང་གི་ཁ་བ
ད་ལྟ མིག་ཆུ་རྡོག་གཅིག་གམ
ཕུག་རོན་ཁྱུ་ཞིག་ཏུ་སྤྲུལ་ནས་ཐག་རིང་དུ་འཕུར་ཟིན
འཚོ་བཞིན་པའམ་ཤི་ཟིན་པའི་སྐྱེ་བོ་དག་ཀྱང
ད་ལྟ བདེ་བར་གནས་པའམ
ཡུལ་རྒྱུས་མེད་ཅིག་ཏུ་སྡུག་བསྔལ་གྱིས་མནར་ནས་ཡོད་ངེས
ལམ་འདི་བརྒྱུད་མྱོང་བའི་སྐྱེས་པ་དང་བུད་མེད་དེ་ཚོའང
ད་ལྟ བུ་ཕྲུག་གི་ཕ་མར་གྱུར་པའམ
གཉེན་ཐོར་ནས་འཁྱམ་བསྐྱོད་ཀྱི་ལམ་དུ་ཕྱིན་ཟིན
ཨེ་ལུའུ་ཐཱིའི་མྱ་ངན་ཐང*དང
ཁེ་ལོ་ཡཱ་ཁིའི་ལམ*ལྟ་བུ་ནི
ཤིན་ཏུ་ཟབ་པའི་མཛེས་སྡུག་ཅིག་སྟེ
དུས་རབས་འདིའི་སྐྱེ་བོ་སུས་ཀྱང་མཐོང་རེ་དཀོན
ལམ་འདིའི་ཆེས་གཏིང་ཟབ་སའི་རྒྱབ་རོལ་ཏུ
རིགས་གཅིག་ནི་འདས་པོ་དང
རིགས་གཅིག་ནི་རང་ཡུལ་མེད་པ་དག་གི་མཚན་མོ་ཡིན
ཁོ་ཚོས་སྒོ་རྟགས*ཟེར་བའི་བརྡ་མཚོན་ལ་རེ་བ་འཆང་མྱོང་མེད
ལོ་ངོ་དུ་མའི་རྗེས་སུ
ཤ་ཁྲག་ཟད་པའི་གཟུགས་ཁམས་ཀྱི་ཚོགས་ཤིག་མཐོང་བྱུང
དེ་ནི་འབྱོར་ཕྱུག་དང་དབུལ་ཕོངས་གང་ཡིན་ཆོག
ད་ལྟ ངས་ཀྱང་ལམ་སྣེ་ཟིན་པའི་སྨོན་ལམ་བོར་ཟིན
29/5/2025
སྐོར་ལམ་གྱི་ཁ་བ།
༡
དབེན་སིམ་སིམ་ཞིག
འགུལ་ནས་ཉེ་སར་སླེབས་བྱུང
ཞིབ་ཏུ་བལྟས་པས
ཁྱོད་དང་ཁྱོད་ཀྱི་ངོ་བོ་རེད་འདུག
༢
གཏམ་རྒྱུད་ཆེས་རྙིང་པ་ཞིག་ནི
ན་ནིང་གི་ཁ་བ་དེའི་ནང་ལ
སྐྱུང་ཀ་འགའ་ཤས་མ་གཏོགས
ཁྱོད་ཀྱི་གླེན་རྟགས་ཚ་བའི་འཛུམ་ཞལ་ཡོད་མ་རེད
༣
ཁ་བ ལག་པས་རེག་མ་ཐག
སེམས་པ་འཕུར་ཤེས་ཀྱིན་འདུག
ཁྱོད་ལ སེམས་པས་རེག་མ་ཐག
ལམ་དེའང་རང་དབང་ན་མི་འདུག
༤
ཞོགས་པར
ཁ་བའི་ཚལ་དུ་ཕུག་རོན་གྱི་ཁྱུ་འཕུར་ཞིང་ལྡིང
ཁྱོད་ཀྱི་རྐང་རྗེས་གསར་པ་དེའི་ནང་དུ
ང་ཡི་རྟོག་བཏགས་ཀྱི་སང་ཉིན་ལྷུང་གིན་འདུག
༥
ལས་ཀྱི་མདུན་པ
ལྐོག་གྱུར་གྱི་གདུང་ཚིག་ལགས
ཚིག་གི་མདུད་པ
མགྲིན་པའི་སྒྲོག་གུ་བཞིན
༦
བར་སྐོར་གྱི་གཅོང་རོང་གཏིང་ཟབ་ཅིང
ང་ཡི་མིག་ཟུང་སྨོན་ལམ་ཐེངས་ཤིག་ལ་གཏད
དབུལ་ཕོངས་ཀྱི་ང་རང་རི་མོ་ཞིག་སྟེ
མུན་པ་ལས་གསལ་འོང་བའི་ཁྱོད་ཀྱི་སྐར་མ་དེ་བཞིན
༧
བྲང་ཁོག་དོག་པས་མ་རེད་པས
སྙིང་ཁམས་ལ་སེར་ཐིག་ལྷུང་འདུག
མི་ཡུལ་སྐྱོ་བས་མ་རེད་པས
ཁྱོད་ཀྱི་སེམས་གསོ་དང་བརྩེ་འདང་གིས་སྲུང་འདུག
༨
འཇམ་དྲགས་པ་ཁ་བས་གནང་སོང
མིག་ཡ་གཅིག་གིས་འཇིག་རྟེན་ལ་ལྟ་བཞིན
བརྗེད་དཀའ་བ་ལས་ཀྱིས་བྱས་སོང
ང་ཚོ་སྒོ་ཐེམ་དེའང་ལ་སླེབས་ཐུབ་ཀྱིན་མེད་ཚོད་རེད
༩
ལམ་ནི
སྒེའུ་ཁུང་དང་རྒྱང་རིང་ཇི་བཞིན
ལམ་ནི
མེ་སྟག་དང་ཚག་སྒྲ་ཇི་བཞིན
༡༠
ཁོད་ཡངས་པ་ཞིག་བྱུང་ན
དོན་སྙིང་གི་ཆེས་ཐོག་མ་ལགས
ཤ་ཁྲག་ཟད་པ་ཞིག་བྱུང་ན
དཀར་གཙང་གི་ཁ་བས་བཀྲུ་རོགས་མཛོད
6/2/2024

ཁྱོད་རང་མེད་པར་གྱུར་ཚེ།
གལ་ཏེ་ཁྱོད་རང་མེད་པར་གྱུར་ཚེ
འཚོ་བ་ནི་རྨི་ལམ་ངན་པ་ཞིག་ཏུ་འགྱུར་ངེས་རེད
དེ་ནས ཉི་མ་དང་ཟླ་བ
སྐར་མའང་ནག་པོ་གྱུར་ཏེ
མྱ་ངན་ཐང་ཞིག་ཏུ་ལྷུང་འགྲོ་གིན་རེད
དེ་ནས རྩྭ་རྩི་ཤིང་དང་ལྗོན་པ
པདྨ་སོགས་ཀྱང་སྐམ་ནས
ཐལ་བའི་རྡུལ་དུ་གྱེས་ངེས་རེད
དེ་ནས ཁང་པ་དང་ཡུལ་ལྗོངས
སྐྱེད་ཚལ་བཅས་ཀྱང་སྟོང་བར་གནས་ཏེ
སྐྱོ་སྣང་གི་ཤུགས་སྒྲ་གཏང་གིན་རེད
དེ་ནས སེམས་ཁ་འཁྱག་ཅིང་རུལ་ནས
མིག་ལའང་ལིང་ཏོག་སྟུག་པོས་བསྒྲིབ་སྟེ
རྒྱང་རིང་གི་དོན་སྙིང་བོར་སྲིད་ངེས་རེད
དེའི་ཕྱིར
བརྩེ་དུང་ཅན་གྱི་མི་དེའི་རྨི་ལམ་ནང་ལ
ས་བོན་དང་ཉི་འོད ཆར་ཆུ་བསྐྱིལ་ནས
ས་གཞི་དང་ནམ་མཁའ རི་ལུང་ཡོད་ཚད་ཀྱི་ངོས་ལ
ཁོ་མོའི་མིང་ཡིག་བརྐོས་ཏེ
ཁུ་སིམ་མེར ཆང་ས་རྒྱག་གིན་ཡིན
དེ་ནས ངས་ཁྱོད་ཀྱི་ཚབ་ཏུ
བོར་སྟོར་དང་མཇལ་འཕྲད་ལ་ལག་འཇུ་བྱེད་ངེས
འཚོ་བ་དང་དུས་ཚོད་ཡོད་ཚད་བྲང་ལ་སྦྱོར་ངེས
རབ་རིབ་སྔོན་པོའི་ནང་ནས
འཚོ་བའི་རྡུལ་དང་སྨུག་ལོང་ཡུན་གྱིས་འབྱིད་ངེས
4/6/2024
སྐྱོ་གདུང་མ་ལུས་འཕུར་བསྐྱོད་བྱེད།
འདི་ལས་དོན་སྙིང་ཆེས་ཡག་ཤོས་ཤིག་གང་དུ་ཡོད
འདི་ལས་སྨག་རུམ་ལྡན་པ་ཞིག་ཀྱང་གང་དུ་འཚོལ
ནད་རིགས་དང་མནར་གཅོད
ཐ་ན་འཆི་བའི་མཚན་མོ་བསླེབ་ནའང
ཞི་འཇམ་དང་བརྩེ་དགོད
གླུ་སྐད་དང་ཞབས་བྲོ་ཁོ་ན་འདི་ཡིན
ལག་པས་འཛིན་ནུས་པའི
སྤང་ལྗོངས་དང་ཉི་འོད
སེམས་ཀྱིས་གསོ་ནུས་པའི
ནས་སོན་དང་ལྗང་བུ
མིག་ཟུང་ལས་སྐྱེས་པའི
ཟིལ་བ་འཛིན་པའི་ཨུཏྤལ
ཁྲག་རྒྱུན་ནས་མཆེད་པའི
མེ་ལྕེའི་རུས་པ
སྐྱོ་གདུང་མ་ལུས་འཕུར་བསྐྱོད་བྱེད་ཅིང
དགའ་འབོད་ཡོད་དགུ་རླབས་བཞིན་འཕྱོ
ཏག་ཏག
ཚེ་སྲོག་གི་འབྱུང་གནས་ཤིག་ལ་འཁེལ་ཡོད་མོད
ལས་སྐལ་ནི་གནོད་འཚེ་ཕོག་པའི་སེམས་ཁ་འདི་ཡིན་ན
སླར་ཡང ཁྱོད་རང་མཐོང་ཐུབ་བམ
19/3/2024

ཟླ་དགུ་བའི་ས་སྲོད་ཅིག་ལ།
བདག་གི་ཕུང་པོའི་ནང་རོལ་དུ།
གཙང་པོ་ཞིག་འབབ་ཀྱིན་འདུག
གཙང་པོའི་ཁ་གཏད་དུ་འགྲེང་བའི་ཁྱོད།
རླུང་བུ་སྲབ་མོ་དེས་འཁུར་འགྲོ་གིན་འདུག་གམ།
བདག་གི་ཁེར་རྐྱང་གི་ནང་རོལ་དུ།
སྐར་མ་རེ་གཉིས་ལྷུང་འོང་གིན་འདུག
སྐར་མའི་ངོགས་སུ་ལུས་པའི་ཁྱོད།
རྡོ་བ་འཇམ་པོ་དེས་རེ་དོགས་བྱེད་ཀྱིན་འདུག་གམ།
ལམ་བུ་འདི་བརྒྱུད་སྐབས།
ང་ཡི་གོམས་སྟབས་ཀྱི་ནང་རོལ་དུའང་།
མེ་ལྕེ་ལྷུབ་ལྷུབ་འབར་གྱིན་འདུག
ངས་བསམ་པར། ལམ་གྱི་མཐའ་ལ་སླེབས་སོང་སྙམ་མོད།
ཏག་ཏག
ཁྱོད་ཀྱི་དུས་ཚིགས་དང་བར་ཐག་གི་ནང་དུ་བསྐྱོད་ཀྱིན་འདུག
དེ་ལྟ་ནའང་།
ཟླ་དགུ་བའི་ནང་གི་པེ་ཅིན་གྱི་ས་སྲོད་ཅིག་ལ།
གཤོག་པ་ནག་པོ་ཅན་གྱི་བྱེའུ་ཆུང་ཞིག་མཐོང་བས།
བདག་གི་དྲན་པའི་ནང་རོལ་དུའང་།
སྐྱོ་གདུང་གི་བསུང་ངད་ཅིག་ཆེས་ཆེར་ལྡང་བྱུང་།
ཆར་བ།
---ང་རང་ཆང་གིས་མ་བཟི། ཆར་བའི་གར་གྱིས་བཟི།
ཁྱོད་ཀྱི་ཁོག་པའི་ནང་དུ།
དུག་སྤྲུལ་གྱིས་འཚང་ཁ་བྱེད་པ་བཞིན།
ང་ཡི་དྲན་པའི་ནང་རོལ་ན།
ཆར་གྱི་གར་མས་ཞབས་བྲོ་རྒྱག
མཐོ་ས་ནས་ཕེབས་པའི།
སེམས་ནང་གི་བདུད་རྩི་གཅིག
དམའ་ས་ན་འཁྱིལ་བའི།
སྤྲིན་དཀར་གྱི་མེ་ལོང་གཉིས།
ལག་པ་མཁྲེགས་པོ་དག་གིས་བཟུང་ན།
ཤོར་འགྲོ་བའི།
སེམས་པ་སྙི་མོ་དག་གིས་གཉོར་ན།
སྨིན་འོང་བའི།
རླུང་ནང་གི་གཡུ་མཚོ།
བྲང་ཁོག་རེ་ཞིག་བརླན་པའི་སྐྱིད་སྣང་དེ་རྟག་ན།
སྤྲང་པོའི་སེམས་ཁ་གཅེར་བུར་བུད་པ་བཞིན།
ང་ཡི་མིག་དང་སེམས་དང་ལུས་པའི་ནང་རོལ་ལ།
ཤག་ཤག་བབས་ནས་ཡལ་འགྲོ་བའི་འཇའ་ཚོན་གྱི་སོས་ཀ
རྩྭ་ཟིལ།
འཚོ་བ་འཁྱག་རོ་འདི
ལྕགས་ཐབ་འཁྱག་པ་ཞིག་དང་མཚུངས
དྲོ་ན་ལག་པ་སྲོ་ས
འཁྱག་ན་ཐལ་བ་གཏོར་ས
ལམ་ནི་རྐང་མཐིལ་དུ་འབྱར་མོད
རྒྱང་རིང་རྙེད་པར་དཀའ
གདོང་ནི་ཁྱོད་ཕྱོགས་སུ་གཏད་མོད
སེམས་ཁ་ནུབ་ལ་ཉེ
སྒེའུ་ཁུང་རྙིང་བ་ཞིག་ལས
འཇིག་རྟེན་བཅོས་མ་ཞིག་ཕར་ལ་གཡུགས
རྒྱུད་སྐུད་ཆད་རོ་ཞིག་ལས
ཁེར་རྐྱང་ཆ་ཚང་ཞིག་ཚུར་ལ་འཕྲོག
བྱང་ཕྱོགས་ཤམ་བྷ་ལའི་བྱ་རྒོད་བཞིན་དུ
རླུང་གིས་གསེད་ཅིག
ལྷོ་ཕྱོགས་རྒྱ་མཚོའི་རླབས་རྒྱུན་ནང་བཞིན
ཆུ་ཡིས་འཁྱེར་ཅིག
ས་གཞིའི་བུ་ཕྲུག
རྡོ་ཡི་རྒྱལ་པོ
རང་བྱུང་དང་རང་བྱུང་བསྙེག་ནས་འགྲོ་བ་ན
རྩྭ་ཟིལ་འདི་ཇི་འདྲའི་སྙིང་དུ་སྡུག་པ་ལ
5/1/2025
རྩེ་ཁོག
རུམ་ལ་བཅུག་པའི་རྡོ་བ་དེ།
གནས་འདི་ནས་བསྐྱུར་ཞིང་བརྗེད།
ཁྱོད་ཀྱི་སེམས་ཁ་ནས་ལྷུང་བའི་དྭངས་གཙང་དེ།
ང་ཡིས་ཧབ་གང་འཐུང་བས་བཟི།
སྤང་ལ་འཁྱིལ་བའི་ས་སྲོས་ཀྱི་ངོགས་སུ།
འབྲོག་མོའི་མིག་མདངས་ལས་འཛུམ་པའི་འཇའ་ཚོན་བཀྲ།
རྩེ་ཆུས་འཁྲིད་བཞིན་པའི་གྲོང་བརྡལ་འདི་མཚར་ཨང་།
སྤྲིན་པ་རེ་གཉིས་ཀྱིས་ང་ལ་རྒྱང་རིང་གི་གཏམ་རྒྱུད་འཆད།
བྲང་གཞུང་ན་འབབ་ཀྱིན་མུན་པ་ཡོད་ཚད་ཞུམ་ཞིང་།
རླུང་བུ་པྲ་ཚགས་ཤིག་གིས་ང་རང་གནའ་བོའི་སྦྲ་ནང་དུ་བོས།
ཕྱིར་ལམ་འདེད་པའི་ལམ་ཁ་དོག་མོ་བོར་ནས།
མཚན་གཅིག་གནས་མལ་གཡར་བའི་སྐྱིད་སྣང་དེ་རྟག་ན།
གཏམ་རྒྱུད་འཁྱག་པ།
ཆང་ཚར་བས་མགྲོན་པོ་འཁྱགས།
གཞས་ཚར་བས་རྨི་ལམ་རྒས།
གངས་དང་བླ་མཚོ་མ་མཐོང་བས་སྐོམ་པ་སྐྱེས།
ཞོ་དང་འོ་མ་ཚར་བས་ཤ་མདོག་འགྱུར།
ཀླད་རྩ་དང་ཁྲག་རྒྱུན་སྐམ་པས་རུས་པ་ཚིག
རྟ་ཕོ་དང་ཀི་སྒྲ་ཆད་པས་ང་རྒྱལ་བཅོམ།
སེམས་དང་ཐ་སྙད་འཇིག་པས་བརྩེ་དུང་བཤིག
རེ་སྒུག་དང་གཏམ་རྒྱུད་རྫོགས་པས་མཚར་སྡུག་ཉམ།
ས་ཆེན་གྱི་རྩེ་མོ།
སྨྲ་བ་མེད་པའི་རྡོ་བའི་འཇིག་རྟེན།
སྤྲིན་དཀར་གྱི་འབྱོར་ཕྱུག་ཁུར་བའི་མཐོ་སྒང་གི་མི་ཨང་།
སྨོན་ལམ་ག་ཚོད་ཅིག་བཏབ་རྗེས་ཕྱིར་ལོག་ཡོང་ངམ།
ཆེས་དོན་སྙིང་མེད་པ་ནི།
ད་ལྟ་བའི་ཁ་ཕྱོགས་དང་སེམས་གཅོང་ངམ།
དགུན་གྱི་རླུང་ནང་ལ་སིམ་པའི་ཐག་རིང་གི་གླུ་སྐད་དང་།
དར་ངོས་ལ་ལྷུང་བའི་ཉི་འོད་ཀྱི་ཁུ་སིམ་དེའོ།།
བརྩེ་ལྡན་གྱི་མི།
མང་པོའི་ནང་ནས་ལག་པ་བསྲིངས་འོངས་པའི
མུན་པའི་ཁྲོད་ནས་འཛུམ་ཆུང་མངོན་ཡོང་བའི
ཆང་ལ་དེ་ཙམ་དགའ་ཞིང་དེ་ཙམ་ལས་མི་དགའ་བའི
གཞས་དེ་ཙམ་ལེན་ཞིང་དེ་ཙམ་ལས་མི་ལེན་པའི
ཙན་དན་གྱི་དྲི་མ་ཚོད་མེད་དུ་སྟེར་བའི
ཞི་འཇམ་གྱི་ངག་སྒོ་ཤིན་ཏུ་ལྷོད་པའི
དགུན་ཁ་ཞིག་དང་ཤིན་ཏུ་ཉེ་བ་འདྲ་བའི
སྟོན་མཇུག་ཅིག་དང་ཡོངས་སུ་མཚུངས་པ་འདྲ་བའི
ཁ་རླངས་དེའང་བརྩེ་དུང་རེད་སྙམ་པའི
སྐྲ་ལོ་དེའང་སྙན་ངག་རེད་བསམ་པའི
གོམ་སྒྲ་དེས་རྣམ་ཤེས་ཁྲིད་འགྲོ་བའི
ཕྱིར་མིག་དེས་གསང་བ་སྨྲ་ཤེས་པའི
མཆུ་རྩི་དེའང་རྒྱ་སེ་མེ་ཏོག་གིས་བརླན་པ་འདྲ་བའི
མྱོས་བུམ་དེའང་རྨ་ཁ་བཟོ་བྱེད་ལ་ཆེད་དུ་སྐྱེས་པ་འདྲ་བའི
རོལ་ཆ་མང་པོ་དང་མཉམ་དུ་རང་ཉིད་དཀྲོལ་ཤེས་པའི
གྲིབ་མ་མང་པོ་དང་ལྷན་དུ་རང་ཉིད་འདོར་ཤེས་པའི
སྒེའུ་ཁུང་གཅིག་ལས་ཁེར་རྐྱང་ལ་ཡང་ཡང་ལྟ་བའི
གླུ་གཞས་ཤིག་ལས་ཞོགས་པ་གཞན་ཞིག་བསྐྱར་དུ་འཚོལ་བའི
བརྩེ་ལྡན་གྱི་མི་དེས
ང་ལ་ཅི་ཡང་ཤོད་ཐུབ་ཀྱིན་མི་འདུག
“མྱ་ངན་དག་དངོས་གནས་ཟབ་པ་ལ་ཨང”
2022/1/18
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།

