རྐང་ཐང་བའི་སྙན་ངག་དང་རི་མོའི་བརྩམས་ཆོས་བདམས་བཀོད།

རྐང་ཐང་བ། མིང་དངོས་ལ་གནམ་ལྷ་བཀྲ་ཤིས་ཟེར། ལོ་རབས་དགུ་བཅུ་པའི་སྟོད་ལ་ཨ་མདོ་རེབ་གོང་བྱང་ཆུབ་སྡེ་བ་ནས་སྐྱེས། ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། མཚོ་སྔོན་མི་རིགས་སློབ་ཆེན་ནས་དེང་རབས་རྩོམ་རིག་གི་རབ་འབྱམས་པའི་བསླབ་གནས་བླངས། ད་ལྟའི་བར་དུ་སྙན་ངག་དང་ལྷུག་རྩོམ། ལྷུག་མའི་སྙན་ངག བརྩམས་སྒྲུང་། བསྒྱུར་རྩོམ། བྱིས་པའི་སྙན་ངག བྱིས་སྒྲུང་། ཕྲན་བཤད། བཅར་འདྲི་བཅས་འབེལ་པོ་བྲིས་པ་དང་། དེ་དག་ལས་སྐོར་ཞིག་དེབ་ཚགས་དྲ་གསུམ་དུ་བཀོད། ཞོར་དུ་རི་མོ་དང་གློག་བརྙན། ཇུས་འགོད། ཡིག་གཟུགས་བཅས་ལའང་འཇུག་པར་བྱེད།
རེའུ་མིག་གི་གཡང་གཟར།
ལུས་ཀྱི་བུ་ག་སོ་སོའི་སྣེ་མོས་ཡི་འོག་ལ་དྲངས
ས་ཉིལ་བ་དང ཆུ་མིག་བརྡོལ་བ་དེ
ངའི་སྙིང་གི་གནོན་ཤུགས་རེད
མུན་པའི་རྩིག་སྲུབས་ནས
གོ་ལ་གཞན་ཞིག་གི་སྒོ་མོ་མཐོང
སྒོ་དེ་རུ རྐུབ་སྟེགས་དང་ཁོ་ཧྥེ་འདུག་པས
ཨ་རོག་རླུང་བུ་ལགས
ང་རང་དེ་གར་འཁུར་བར་མཛོད
རེའུ་མིག་གི་གཡང་གཟར་ནས
མགོ་ཡུན་འཁོར
2024.4.23

སྦྱིན་བདག་གི་རྨི་ལམ།
དཔྱིད་རླུང་སྐྱ་བོས
སྡོང་བོ་དང་གློག་སྐུད་དཀྲོལ་བས་རྐྱེན་ནམ
ཟླ་བ སུན་སྣང་གིས་སྐེམ
ཟླ་བས དུར་ཁུང་ལ་བལྟས་པས
ངའི་རུས་པ་སྐྱུར་སོབ་སོབ་བྱེད
གཞིས་ཀའི་དར་ལྕོག
ཟླ་བའི་རྣམ་ཤེས་རེད
བསྐལ་ཆེན་གཅིག་གི་ཁེར་རྐྱང་ཟད་པོ་རེད
དོ་ནུབ ངས་གྲིབ་བརྙན་དག་བསྒྲིགས་ནས
ཚེས་བཅོ་ལྔའི་ཁྱམས་ར་དྲན
2024.5.1 བྱང་ཆུབ་བ་བྱིས་ཁུག་ནས།
ཟླ་ལྔ་བ སྒེའུ་ཁུང་གི་ཕྱི་རོལ་ན་རྒྱུ
ཐེན་ཅིན མཚོ་རླུང་གི་སོར་མོ་རུ་རྒྱུ
ཁྱོད་རང ཤོག་ངོས་ཀྱི་ཉིན་སྲིབ་ཏུ་རྒྱུ
ལམ་ནས་ལམ
གྲོང་ནས་གྲོང
ང་འཁེན་སའི་གད་པ་མ་རེད
ཁྱོད་འབབ་སའི་ཡལ་ག་མ་རེད
ཁྱོད་ཀྱིས་རི་དཀར་པོ་ལ་རྣ་ལུང་བཏགས
ཁྱོད་རང་དུས་རབས་ཤིག་གི་མག་རོགས་ཡིན
ཁྱོད་ཀྱི་མིག་མདངས་ལས
ངས་མུ་ཏིག་ལྗང་ཁུ་འཐོར་ཡོང་བ་རིག
རླབས་ཀྱི་རྐང་བ
བྲག་རྡོ་ལས་བརྒལ་མི་ཐུབ
ངས་བརྒལ་ཏུའང་འཇུག་མི་སྲིད
སྙིང་ཉེ་བའི་མཚམས་སྤྲིན་སེར་པོ་ལགས
ཞེན་ཆགས་མ་མཛད་རོགས
2024.5.30 ཐེན་ཅིན་ནས།

ནོར་ནག
ཁྱོད་ཀྱིས མིག་ཟུང་གི་སྐུད་པ
གནམ་སའི་ཧྲག་བར་ནས་ཕྱིར་དཀྲིས་རྗེས
བྲག་རྡོའི་གདན་ལས
ས་སྲོས་ཀྱི་རྩྭ་ལོ་གཟེངས
ཐབ་ཀ་འཇམ་ཐིང་ཐིང
ཕོར་བའི་ནང་དུ དགུན་ཁ་ཡིབས
རྨི་ལམ་སྣ་ཚོགས ཁྱོད་ཀྱིས
དགུང་གི་ཟླ་བར་བསྙལ་ནས
དུས་རབས་ཀྱི་ནང་ཁོག་ལ
མེ་ཁ་གསོས
སྤྲིན་དཀར་པོ་རུ་ང་རོའི་མུ་ཏིག་འདུག
མར་བབས་ན ང་ཡི་རྣ་རྒྱན
ལྷོར་བསྐྱོད་ན རི་བོའི་དབུ་ཞྭ
ངག་མི་སྨྲ་བའི
རི་བོའི་སྟེང་གི་སྒོམ་ཆེན་པ་ལགས
ཐོ་རེངས་ཀྱིས ཤོག་ངོས་སུ་ཉི་འོད་འགེལ་དུས
ཁྱོད་ཀྱིས་ང་ཡི་སྙན་ཚིག་གྱེར་ཆོག
ང་ཡིས་ཁྱོད་ཀྱི་ལོ་རྒྱུས་བསྐྱར་འབྲི་བྱ
2024.2.18ལྷ་ས་ནས།
ཆར་བ་ལགས
ཁྱོད་ཀྱིས་འཛེམ་དོགས་མ་གནང
ཡལ་འདབ་ཀྱི་ས་རྡུལ་དེ ང་ཡི་སྡུག་བསྔལ་ཡིན
རྡོ་འོག་གི་མྱུ་གུ་དེ ང་ཡི་ལས་དབང་ཡིན
སྙིང་ཉེ་བའི་ཆར་བ
ཁྱོད་རང་སྟོབས་ཀྱིས་བོབས་ཤིག
ཆར་བ་ལགས
ཁྱེད་ཀྱིས་འཛེམ་དོགས་མ་གནང
ཆུ་རྒྱུན་རལ་གྲིས་གཅོད་པ ང་ཡི་སེམས་གཅོང་རེད
གླེགས་བམ་མེ་ཡིས་འགམ་པ ང་ཡི་གནས་བབས་རེད
སྙིང་ཉེ་བའི་ཆར་བ
ཁྱོད་རང་དྲག་ཏུ་བོབས་ཤིག
2024.8.2 རེབ་གོང་ནས།

རྙིང་མ་པ།
བཞུད་ལམ་དུ
རྩི་ཤིང་གི་ལྗོངས་རྣམ་ལ་ཁྱོད་རང་བསྣན་ཡོད
བྱེའུ་ཡི་སྐད་སྙན་དུ་ཁྱོད་རང་བསྣན་ཡོད
ས་སྲོད་ཀྱི་རླུང་བུ་ལ་ཁྱོད་རང་བསྣན་ཡོད
སྒེའུ་ཁུང་གི་ཆར་ཐིགས་ལ་ཁྱོད་རང་བསྣན་ཡོད
ཅོག་ཙེ་ཡི་དགོད་སྒྲ་ལ་ཁྱོད་རང་བསྣན་ཡོད
མཆོད་མེ་ཡི་རེ་སྨོན་དུ་ཁྱོད་རང་བསྣན་ཡོད
ཁྱོད་རང་བསྣན་ཡོད
རུས་སྦལ་གསེར་གྱི་གཉའ་ཤིང་ལ་ཁྱོད་རང་བསྣན་ཡོད
ལས་དབང་དངུལ་གྱི་ཟམ་པ་ལ་ཁྱོད་རང་བསྣན་ཡོད
མ་འོངས་པའི་རི་རྩེ་ལ་ཁྱོད་རང་བསྣན་ཡོད
2024.8.6
ང་ནི།
ང་ནི
ཆར་བ་རུ་འཆར་ཡན་སྦར་མཁན་དེ་ཡིན
མཚན་མོ་ལ་ཨུ་ཁུང་བརྟོལ་ནས་ཐ་གུ་རྒྱུན་མཁན་དེ་ཡིན
གཅེར་བུར་བུད་ནས དགུང་གི་ཟླ་བར་མཇེ་སྟོན་མཁན་དེ་ཡིན
ང་ནི
བདེན་པའི་དྲི་བསུང་གི་ཆེད་ལ་རོ་ལངས་རྒྱག་མཁན་དེ་ཡིན
ལམ་འགྲམ་དུ་ཉི་ནུབ་ཀྱི་མཚམས་སྤྲིན་ལྡུག་མཁན་དེ་ཡིན
བྲང་ཁ་བཤགས་ནས ཚེར་མ་ལྕང་མ་རུ
གློ་མཆིན་པའི་བལ་ཚར་གཏོང་མཁན་དེ་ཡིན
ང་ནི
རི་ཚོགས་ཀྱིས་ཕུད་པའི་གྲིབ་མའི་ལྭ་བ་དེ་ཡིན
ཞེན་ཆགས་ཀྱི་གསེར་རྡུལ་ཁྱོར་བར་བསྐྱིལ་མཁན་དེ་ཡིན
ནམ་ལངས་ན སྒོ་ཕྱེས་ན
རླུང་དམར་པོ་ལ་མེ་མདག་གཏོར་མཁན་དེ་ཡིན
2022.7.3

སྙན་ངག་པ་རྩེ་སྨིན་གྲོལ།
མཚོ་སྔོན་པོའི་གཏིང་རོལ་དུ
སྒོ་སེར་པོ་ཞིག་འདུག
སྒོ་དེ་ལས་ནང་དུ་སོང་ན
ཁྱམས་ར་རིང་བོ་ཞིག་འདུག
ཁྱམས་ར་རིང་བོ་དེའི་རྩིག་ལྡེབས་སུ
ཀེ་ཚེ་དང་སྐྲ་ལོ གྲུ་ཁ སྤྲིན་དཀར་གྱི་རི་མོ་འདུག
དེ་ལས་ནང་དུ་སོང་ན
ཁ་བ་སྙིང་ལྕགས་འདུག
ཁོས་གློག་ཀླད་ཀྱི་ངོར་ཅེར་ནས
སྙན་ངག་ཅིག
བྱ་ཁྱུ་དང་ལྷན་དུ་ཇུས་འགོད་བྱེད
ཁོས་ང་མཐོང་མ་ཐག
ཁྱོས་ལྷུག་རྩོམ་འབྲི་ཡི་ཡོད་དམ་ཟེར
ཁྱོས་བྱིས་པ་སློབ་གྲྭ་གང་ལ་སྐྱེལ་བཞིན་ཡོད་ཟེར
ངས་ཁོ་ལ་ཁོ་རང་བྲིས་པའི་སྣུམ་ཚོན་རི་མོ་དེ་བྱིན་རྗེས
མྱུར་བར་མཚོ་འགྲམ་དུ་ཡོང
ཕྱིར་འཁོར་ནས་བལྟས་ན
མཚོ་སྔོན་པོ
ཁ་བ་སྙིང་ལྕགས་ཀྱི་མིག་ཆུ་དང་འདྲ་ལ
ངས་ཁ་བ་སྙིང་ལྕགས་ལ་ཕུལ་བའི་སྟོང་མཆོད་དང་ཡང་འདྲ
2023.8.30མཚོ་སྔོན་པོ་མཚོ་མཐའ་བརྒྱུད་དུས།
སྟོན་ཁ
མཚར་དུ་དངར་བའི་ཟློས་གར་ཞིག་རེད
འཁྲབ་ཡོལ་རྒྱག་པའི་དུས་འདིར
ཉི་འོད་ཀྱིས རྩི་མགོ་ལ་སྐྱོ་བ་སེར་པོ་བྱུག
དུས་འདིར
ཕྱི་བས་གཟན་རྩྭ་ཚགས་སུ་ཆུད་ནས
དགུན་འཛོམས་རོལ་བར་རྩོམ
ཡིན་ཡང སྒྲོག་གུ་ཞིག
ལམ་གྱི་ཐ་གུ་རུ
ཡར་ཤུད་མར་ཤུད་བྱེད
ཁུང་བུ་ཟད་ནས་སྐྱ་ཤང་ཤང
ཁུང་བུ་ནས་སྙིང་དུ་སྡུག་པའི་ཕྱེ་མ་ལེབ་གཉིས་མཐོང
བྱེ་མའི་རླབས་གཉེར་ལས
རོལ་མོ་ལྗང་ཁུ་ཞིག་གྲག་ཡོང
2023.9.1ཚ་གཏེར་མྱུར་ལམ་ཐོག་ནས།

དུས་རབས་ཀྱི་ཁེར་ཧྲེང་།
རྡོ་ལས་ཡི་གེ་སྐྱེས
རྡོ་ལས་ཨུག་ཆོས་མེ་ཏོག་བཞད
རྡོ་ཡིས་རྣམ་ཤེས་ལ་གཞས་གཏོང
རྡོ་ཡིས་མཚན་མོ་ལ་དྲི་བསུང་བསྟབས
རྡོ་ནི་རྩྭ་ཐང་གི་ཕུག་རོན་རེད
རྡོ་ནི་བར་དོའི་སྒེའུ་ཁུང་རེད
རྡོ་ལ་སངས་རྒྱས་སྟོང་སྐུའི་གཟི་བྱིན་འབར
རྡོ་ལ་འོད་གསལ་ལྷ་ཡི་གདུང་རྒྱུད་དར
རྡོ་ཡི་སྙིང་གྲོགས སྙིང་གྲོགས་ཀྱི་རྡོ
ཀེ་རེར་འགྲེང་སྟེ
སྲིད་པའི་འཁོར་ལོ་ལ་སྤྱན་གཟིགས་མཛད
2023.9.18 ཡུལ་ཤུལ་ནས།
སྙིང་ཉེ།
ངས་ཁྱོད་ལ་སྙིང་ཉེ་ཞེས་འབོད་ཆོག་པར་ཞུ
རླངས་འཁོར་ནང་ནས ང་རང་རབ་རིབ་ཏུ་གྱུར
གཡས་གཡོན་གྱི་ལམ་སྒྲོན་ཡང རབ་རིབ་ཏུ་གྱུར
ངའི་རྣ་ལམ་ཏུ་རབ་རིབ་ཀྱི་སྒྲ་ཞིག་གྲག་སྟེ
ང་མུན་ནག་ཅིག་ཏུ་བགྲོད་ཀྱིན་འདུག
སྙིང་ཉེ མུན་ནག་འདི
ཇི་འདྲའི་བདེ་འབོལ་ལེ་བ་ཞིག་རེད་ཨང
ཁྱོད་ཕྱོགས་སུ་ཆར་བ་འབན་ཀྱིན་ཡོད་དམ
ངའི་ཡ་ཆུང་གི་སྤྲིན་པ
ནམ་མཁའི་ཁྱོན་ན་འཁྲིགས
སྙིང་ཉེ
རླུང་ཁ་ན་འཁུར་བའི་ཤོག་ཧྲུལ་ང
མེ་ཡི་ཟིལ་བར་འཐིམས་ཏེ
ཁྱོད་ལ་བདེ་མོ་ཞུ་འཇོག
སྙིང་ཉེ
ངས་ཁྱོད་ལ་སྙིང་ཉེ་ཞེས་འབོད་ཆོག་པར་ཞུ
2024.12.20

སློབ་གཙོ་བསོད་ལགས།
བྱིས་པ་གཉིད་རྗེས
ངས་གྲིབ་རིས་སྣ་ཚོགས་ཀྱིས་སྡོམ་རྒྱ་བཟོས
སྡོམ་རྒྱའི་ངོས་སུ ལོ་མ་སེར་པོ་འབུས་ལ
བར་སྣང་ནས་ཆར་བ་ནག་པོ་འབབ
བྱིས་པ་གཉིད་རྗེས
ངས་སྐད་བརྡ་རུ་སྙིང་སྨན་བླུགས
མཚན་མོའི་ལྕགས་གཟོང་ལ
རང་ཉིད་བཏགས་པས རྩིག་པ
སེར་ཁ་གས་ཡོང
བྱིས་པ་གཉིད་རྗེས
རྒྱ་ཆེ་བའི་འཇིག་རྟེན ཨུ་ཁུང་ཞིག་ཏུ་གྱུར
ངས་ཨུ་ཁུང་དེའི་ནང་ནས
ཐར་བའི་སྒོ་ལམ་སྙེག
བྱིས་པ་གཉིད་རྗེས
ང་གཅེར་བུ་རེད ངའི་ཤ་སྐྱིའི་ནང་ན
ང་མི་འདུག རླུང་སྐྱ་བོས་གང་འདུག
2024.11.4
སྒེའུ་ཁུང་གི་ཕྱི་ལ་ལག་པ་བསྲིངས་ན
སྙེ་མ་རག་ཡོང སྙེ་མའི་ནང་གི་བྱིས་དུས་རིག་ཡོང
ཁྱོད་གང་ན་ཡོད སོག་མའི་སྨུག་པ་དེ
ཁྱོད་ཀྱིས་བསྐྱུར་བའི་ཁ་ཆེམས་ཡིན་ནམ
ང་གཉིས་པ་ཡིན
ངའི་སྔུན་ན་ཁྱོད་རང་ཡོད
ཁྱོད་ཀྱི་རྐང་རྗེས ངའི་ཕྱོགས་སྟོན་འཁོར་ལོ་ཡིན
ངའི་སྡུག་ཉེས་འགེབ་པའི་ཆར་གདུགས་ཡིན
སྒེའུ་ཁུང་གི་ཕྱི་ལ་ལག་པ་བསྲིངས་ན
ངས་སྐྱེ་བ་འགའ་བརྗེས་ཟིན
ཁེར་རྐྱང་གི་འབྲུ་རིགས
གནམ་ལ་བཏབ་ཡོད
༢༠༢༤.༥.༢༧ རིན་ཆིག་གྲོང་ཁྱེར་བརྒྱུད་དུས།

ནད་ཡམས་དང་རྟ་མཆོག
སྐད་བརྡ།
ཐོ་རངས་སྔས་སུ་བྱེད་དུས
ཕྱགས་མས ཉི་འོད་ནམ་མཁར་འཐེན
ཁ་ཏོན་གྱི་དྲི་བསུང་ལས
ཡི་གེ་ཡི་དར་མདུང་སྐྱེས
རྒྱབ་གཟུགས་ཀྱི་ས་ཞིང་དུ
གསེར་གྱི་སྙེ་མ་རྒྱས སྟོན་མགོ་ཚུགས་ནས་བཟུང
དྲན་ཤེས་ཀྱི་ཟྭ་ཁོག་ཏུ
བཙའ་ཆགས་པའི་ལྡེ་མིག་ཅིག་སྦས
ཆུ་ཚོད་འཁོར་ལོ་རུ
འགུལ་རྣམ ཨར་འདམ་དུ་གྱུར་ན
སེམས་ཁྲལ་མ་གནང
མཆོད་མེ་ནི་འུ་གཉིས་ཀའི་སྐད་བརྡ་ཡིན
༢༠༢༤.༥.༢༦ ཉིང་ཞའི་ཝུའུ་ཀྲོང་གྲོང་ཁྱེར་བརྒྱུད་དུས།

འདོད་པ།
གྲང་གིན་འདུག མཁུར་ཚོས་དམར་ལ
བ་སྤུའི་ཟིལ་བ་རབ་ཏུ་མཛེས
ཁ་བའི་བས་མཐའ་རུ
གཉེན་སྟོན་བྱས གཡུལ་ལ་ཆས
གླུ་སྐད་ཀྱི་དྲོད་ཁོལ
འུ་ཅག་གི་འཚོ་བའི་སྡོང་རས་སོ
བདག་གི་ཤ་གསེང་ནས་ཀྱང
གྲང་ངར་གྱི་འཇག་མ་སྐྱེས་ཡོང་གིན་འདུག
༢༠༢༣.༡༠.༡༥ བྱང་སྡེ་ཉི་མ་རྫ་ཆུ་ཁ་ནས།
ལོ་མ
སྡོང་མགོ་ལས་འཕུར་ཡང ཁེར་རྐྱང་མ་རེད
སྡོང་བོ དགུན་གཞུང་དུ་གཅེར་བུ་ཡིན་ཡང ཁེར་རྐྱང་མ་རེད
ཆར་རླུང་ཉི་གསུམ་གྱིས་འབྲབ་རྡུང་བྱས་ཀྱང ཁེར་རྐྱང་མ་རེད
ཡལ་ག་མེ་རུ་བུས་ཀྱང ཁེར་རྐྱང་མ་རེད
གཞུང་རྟ་གཞན་ལ་བཙོངས་ཀྱང ཁེར་རྐྱང་མ་རེད
ཁེར་རྐྱང་ནི རྩད་པ་བཀོག་ནས
ཤུལ་དུ་གནམ་ཆུ་འཁྱིལ་བ་དང
དེ་ནས་བསྐམས་ཏེ་སེར་ཀ་གས་པའི་སྣང་ཚུལ་དེ་རེད
༢༠༢༣.༩.༧མཚོ་ལྷོ་ཁུལ་ནས།
ངའི་ངོ་གདོང་གི་ཤ་སྐྱི་སྐྱུར་སིལ་སིལ་བྱེད
མཚན་མོ་འདིའི་ནམ་མཁའ་སྐྱུར་སིལ་སིལ་བྱེད
སྐྱུར་སིལ་སིལ་བྱེད
ཁྱིམ་ཚང་གི་འདྲ་པར་སྐྱུར་སིལ་སིལ་བྱེད
ཕ་ཡུལ་གྱི་མཚན་བྱང་སྐྱུར་སིལ་སིལ་བྱེད
རྨ་ཆུའི་འགྲམ་གྱི་ཕོ་བྲང་སྐྱུར་སིལ་སིལ་བྱེད
ང་དུས་རབས་འདིའི་སྐྱུར་སིལ་སིལ་གྱི་ཟིན་འགོད་པ་ཡིན
༢༠༢༤.༧.༡༤

གཉའ་ཁྲི་བཙན་པོ།
མིག་ཆུ་ཡིས་བཙེམས་པ་མ་གནང
བཙེམས་ཚར་བ་ཞིག་ཡིན་ཚེ
ངས་དེའི་སྟེང་དུ་གཡུང་དྲུང་ཞིག་གཙག་ཡོད་ངེས
ཁྱེད་རང་བྱེའུ་བཞིན
ངའི་ཕྲག་པའི་ནགས་ཚལ་དུ་འཕུར་ཤོག
ཆུ་ཕྲན་དང་བསིལ་རླུང
ཁྱོད་ལ་བསྐྱུར་བའི་ལོངས་སྤྱོད་ཡིན
ལྟོས་དང
ཟླ་བ་ཉ་གང་དུ་འགྱུར་བཞིན་འདུག
ཉ་གང་དུ་གྱུར་ཚེ
ངས་ཁྱོད་རང་པང་སྟེ་རི་བོང་གི་གཏམ་རྒྱུད་བཤད
༢༠༡༥-༡-༡༠ ཟི་ལིང་ནས་བྲིས།
ཁུ་སིམ་པ་དེ།
སྟོན་མཇུག་གི་ལོ་མ་སེར་བོ་ཨེ་རེད།
རླུང་བུས་ལོ་མ་འཁྱེར་ན།
ཡལ་ག་ཡིས་ཤུ་སྒྲ་འབྱིན་གྱིན་ཨེ་ཡོད།
ཁུ་སིམ་པ་དེ།
འུར་ཟིང་ཆེ་བའི་འདུ་ར་ཞིག་ཨེ་རེད།
ཆར་བས་འུར་ཟིང་མིད་རྗེས།
གཞུང་ལམ་གྱིས་མིག་ཆུ་བཞུར་གྱིན་ཨེ་ཡོད།
2019.3.29རེབ་གོང་ནས།

གླང་ཆེན།
འདྲ་པར་དུ་སྨུག་པ་འཁྱིལ་འདུག
སྨུག་པས་འདྲ་པར་གྱི་རྒྱབ་ལྗོངས་མཐོང་མ་ཐུབ
གློ་བུར་དུ་ལག་པ་ནག་པོ་ཞིག་ཕྱི་རུ་བསྲིངས་ཏེ
ང་ལ་རྐུབ་སྟེགས་ཤིག་འཁྱེར་ཤོག་ཟེར
འདྲ་པར་དུ་ཆུ་ཁོལ་གདུ་བཞིན་འདུག
ཆུ་ཁོལ་གྱིས་འདྲ་པར་གྱི་ཉེ་སར་བཅར་མ་ཐུབ
གློ་བུར་དུ་གསིར་དྲི་དམར་པོ་ཞིག་ཕྱི་རུ་མཆེད་དེ
ང་ལ་ནམ་མཁའ་ཞིག་འཁྱེར་ཤོག་ཟེར
2012.11.09ལན་གྲུ་ནས།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།

