ཉྭ་སྲིན་པོས་བརྩམས་པའི་སྙན་ངག་ཐུང་ངུ་འགའ།

ཉྭ་སྲིན་པོ། གནའ་རབས་ཡིག་ཚང་རིག་པ་ཆེད་ལས་ཀྱི་འབུམ་རམས་པ། དུས་རབས་གོང་མའི་ལོ་རབས་དགུ་བཅུ་བར་མདོ་སྨད་འབའ་རྫོང་ཉྭ་ནག་ཚོ་བར་སྐྱེས། སྙན་ངག་གཙོས་བརྩམས་ཆོས་ཉིས་བརྒྱ་ལྷག་ཚགས་དེབ་སྣ་ཚོགས་སུ་སྤེལ། སྐབས་ལྔ་བའི་གངས་རྒྱན་མེ་ཏོག་གི་རྩོམ་རིག་བྱ་དགའ་དང་སྐབས་གསུམ་པའི་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་གྱི་བྱ་དགའ་སོགས་ཐོབ་མྱོང་། ༢༠༢༠ལོར། སྙན་དེབ<<ཕྱེད་ཀ་གཉིས་སུ་གས་པའི་རྣམ་ཤེས>>པར་དུ་བསྐྲུན།
གྱེས་བྲལ།
ཁུར་མོང་ཁ་ཤས་འཕུར་ནས
ཁུར་མོང་ཁ་ཤས་ཀྱི་གཤོག་པར་བརྡབ་ཙམ་གྱིས
དུས་ཚོད་སྔངས་ཤིང་འདར་ནས་སད་ཅིང
སྐད་ཅིག་སིལ་བར་ཐོར་ནས་རྒྱང་ལ་བཞུར
སྐད་ཆ་འཁྱག་པ་དེ་ཡང་བེམ་པོར་གྱུར་བའི
སྣང་ལྗོངས་དེ་ཡི་བསྡུས་གཟུགས་ཧྲུག་ཧྲུག་རྒུམ
ཞོགས་པར་སེམས་ལ་བཞད་པའི་བརྙན་དེ
དུས་ཚོད་ཀྱི་སྔུན་ལ་ཤར་ཤར་སྐྱོན་གྱིན་འདུག
དམ་བཅའ་བ་ནི་འདས་བྱས་སོ།།
སྐད་ཅིག་བརྗེད་པར་གྱུར་བའི་འདས་པའི་མདུན་དུ
རང་གི་གྲིབ་མ་ཙམ་ཡང་མི་རྙེད་ན
ཐོན་ཡོང་ཕྲད་ཡོང་སྙམ་པའི་མ་འོངས་པ་ཟེར་བ་དེ་ཡང
ཁ་རླངས་འཁྱག་པ་ཞིག་གི་དྲོད་ལས་མ་འདས
འགྲོ་ཁར་རྗེས་སུ་ཁྲིད་པའི་ར་རོ་བའི་རྨི་ལམ་དག
སང་ཞོགས་རི་ལ་སྨུག་པ་ལྡང་བ་བཞིན་འགྲོ་ངེས་ན
ཁྱོད་དང་ང་ཡི་ཁ་ཆད་གང་དུ་གདབ
རྙེད་སོང་བ་དང་འདྲ་བའི་བོར་སོང་བ་དེ་དག
སྐོང་ཡིག་ཅིག་དང་ཆད་ཡིག་ཅིག་ལ་ཤིན་ཏུ་འདྲ
ཡུན་རིང་བྲིས་རྗེས རི་མོ་མི་གསལ་བའི་ཡུལ་ལྗོངས་དེ་དང་འདྲ་བྱུང
སྟོང་བ་ཉིད་ལ་གཟུགས་མེད།
ཤ་དང་རུས་པའི་རྗེས་སུ
གྲིབ་མ་བཞིན་འཁོར་ཡོང་བའི
འདོད་པའི་དྲི་དང་རོ་དང་རེག་བྱ་དག
བཟོད་པ་དང་བཏང་སྙོམས་ཀྱི་ངོས་སུ
དོམ་པ་བཞིན་དེད་ཡོང་བའི
ཞེ་སྡང་གི་དཔུང་དང་ཚོགས་པ་དག
ཤེས་རབ་ཀྱི་མིག་དང་རྣ་དང་བློ་ཡི་གཏིང་ལ
ཇ་ལན་ཤ་ལན་མ་ཆད་པར་གཅར་ཡོང་བའི
གཏི་མུག་གི་སྡེ་བ་རུ་ཁྱིམ་དང་མི་གཞུག་རྩ་ལག་དག
ངས་ཏག་ཏག
འཛིངས་ཤིང་འཁྲིགས་པའི་འཁོར་བ་ཞིག་མཐོང་འོང་གིན་འདུག
མིང་མེད།
དེ་ནི་དྲན་ཐབས་མི་འདུག
རྣམ་ཤེས་ཚག་ཚག་ཚིག་འགྲོ་ཀི་འདུག
དེ་ནི་སྐྱུར་ཐབས་ཀྱང་མི་འདུག
སེམས་པའི་རི་མོ་ཤི་འགྲོ་ཀི་འདུག
འདོད་ཁམས་ཀྱི་གཟུགས།
ད་ལྟའི་གྲིབ་མ་དང
སང་ཉིན་གྱི་འགྱོད་བཤགས་ཡིན་ངེས་པ་དེ
གཟུང་དུ་ཡོད་ལ་མེད་མེད་སྣང་བའི
ཚེ་དང་སྲོག་གི་དབྱིབས་དང་ཁ་དོག་སྣ་ཚོགས
སྣང་བའི་ཕྱི་ནང་གཡོག་ནས་འཁྲིགས་པའི
སྐྱོ་གདུང་ཡིན་ནོ་ལོ་ཡི་སེམས་པའི་གས་ཆག་དེ་དག
འཇིག་རྟེན་སྟོང་བར་མཐོང་ལ་ནད་པར་ཚོར་བའི
ཁེར་རྐྱང་ཡིན་ནོ་ལོ་ཡི་ཡིད་ཀྱི་སྨུག་པ་དེ་དག
བསམ་ཞིང་བསམས་ན
དེ་དག་ཁོ་ན་ཉིད ཡང་ཞིང་གཡོ་བའི
འདོད་ཁམས་ཀྱི་གཟུགས་དང་གྲིབ་མའོ
རྒྱང་རིང་།
གམ་དུ་ལུས་པའི་གྲིབ་མ་དེ
རྒྱང་རིང་ཨེ་ཡིན་ཡང་ཡང་དྲན
ཁ་རླངས་འཁྱག་པའི་ཁམས་འདྲི་དེ
རྒྱང་རིང་ཨེ་ཡིན་ཡང་ཡང་བསམ
ཏག་ཏག རྒྱང་རིང་ནི་མདུན་དུ་ལྷག་པའི
ཆོབ་ཚ་བའི་སེམས་པ་དེའོ
རྩྭ་ཐང་།
ལྕགས་དྲ་མང་པོས་རྩ་རྒྱུས་སྣ་ཚོགས་བཞིན
གཟུགས་མེད་ཀྱི་ཀེང་རུས་དམ་པོར་བསྡམས་རྗེས
བྱ་གླག་དག་གི་མིག་ཆུ་རྡོ་རུ་གྱུར་ནས
ནམ་མཁའི་ངོས་སུ་ཤག་ཤག་འཐོར
བསིལ་རླུང་དང་སྤྲིན་དཀར
ས་ནག་གི་དྲི་དང་རྩྭི་ཏོག་གི་བསུང་ཞིམ་གྱིས་བྲིས་པའི
ཡངས་ཤིང་གཡོ་བའི་ས་ཁྲ་ཞིག
ད་ལྟ་བལྟས་བལྟས་རིག་རིག་ལ་སྐམ་འགྲོ་བཞིན་འདུག
ཡོད་ཚད ག་ལ་ག་ལེར་ལྡང་བའི
སྤྲིན་ཕུང་དུ་གྱུར་རྗེས
མིག་བཙུམ་ན་ཡང་གསལ་གསལ་ཅིག་མཐོང་བའི་ཁྱེད
དལ་བ་དལ་བུར་མག་མོག་ཅིག་ཏུ་གྱུར་ཨེ་འགྲོ་ཨང
ཉིན་གཅིག་གི་ཆོ་འཕྲུལ།
ནམ་གསལ་མ་ཐག་ནས་བསྔོ་བ་ཡོད་ཚད
མ་འོངས་པ་ཞེས་པའི་ལྕགས་ནག་སྦུ་གུ་འདིར་བླུགས་ནས
སེམས་པས་གཡས་བསྐོར་གཡོན་བསྐོར་བརྒྱབ
དཔེ་དང་རྒྱན་གྱི་མཆོར་ལྭ་ཕྱེས་རྗེས
ཁ་སང་ཞེས་པ་དེ་ཡང་ཕག་ཤ་འཁྱག་ཐོ་ཞིག་དང་འདྲ་བར
རོ་ནི་ལྟ་ཅི རེག་བྱས་ཀྱང་མི་ཟིན་པར་འདུག
ཆུ་འཁྱག་པ་ཁྱོར་གང་དང་ཀུན་ནས་འདྲ་བའི
ད་ལྟ་བ་ཟེར་བ་འདི
མུན་པ་སྒྱེ་གང་དང་འདྲ་བར་མིག་ལམ་དུ་འཐིབས་ཡོང་གིན་འདུག
ཚེ་ཡི་ཁྲབ་ཡོལ་ཕྱེས་རྗེས་ཀྱི་གར་སྟེགས་སྟེང་དུ
འཚོ་བ་ནི་ཡུན་རིང་བསྐོལ་ཡང་མ་ཁོལ་བའི་ཆུ་རྙིད་ཟངས་གང་དང་འདྲ་བར
འཁྱབ་སོབ་སོབ་ཏུ་ལོ་ཟླའི་མིག་ལ་འཁྱིལ་ཡོང་གིན་འདུག
ཕ་ཡུལ།
ཁྱོད་ནི་ལྕགས་ནག་དགུ་མདུད་དེ་རེད
ངའི་རྐང་ལག་གི་ངོས་སུ་དམ་པོར་འཆིང་འདུག
ཁྱོད་ནི་གློ་གཅོང་གི་ན་ཚ་དེ་རེད
ངའི་སྐྱེ་འཆིའི་གཅོང་རོང་གི་གཏིང་དུ་ཟུག་འདུག
ཁྱོད་ནི་ཆར་ཆུ་དང་ཉི་འོད རི་བྲག་དང་ས་རྡོ
སྤྲིན་དཀར་དང་ནམ་མཁའ་ལ་སོགས་མུན་པར་བཟོས་རྗེས་ཀྱི
གཟུགས་དང་སྣང་བ་དེ་རེད
ངའི་ཚེ་སྲོག་གི་གཏིང་དུ་སག་སག་མར་སྐྱེ་བཞིན་འདུག
རུས་པར་ཤ་ཁྲག་སྐྱེས་པ་བཞིན
ད་ལྟ་ང་རང་གང་དུ་ཡང་འཕག་ཐུབ་ཀྱིན་མི་འདུག
མཚན་མོ།
ལྷིང་འཇགས་སུ་ཞིག་གིས་དྲུད་ནས་བུད་སོང་ངམ
ཟླ་འོད་གང་ཞིག་གིས་བསྒྲིབས་ནས་མོག་སོང་ངམ
ཁེར་རྐྱང་ཁོ་ན་ཡང
རང་གི་ཁ་ལག་ལ་འཁོར་ཐུབ་ཀི་མི་འདུག
ཆང་ཕོར་བ་གང་སེམས་ཆུང་གིས་བཏུང་རྗེས
རྨི་ལམ་དེ་དག་གི་མགོ་རྔ་ལ་བསམ་གཞིག་བཏང
ཡོད་ཚད མུན་པ་ལྟ་བུའི
རང་གི་ནང་སེམས་སུ་ནུབས་ཀྱིན་འདུག
ཁེར་རྐྱང་གི་བརྙན།
སྨུག་སྤྲིན་ས་སིའི་གསེབ་ཀྱི་གཞུང་ལམ་ནང་ཧུར་གྱིས་རྒྱུགས་པའི་མོ་ཊ་གློ་སྐྱ་དེ
དེ་ཡི་ཁྲག་རྩའི་སྦུབས་ནས་གུས་ཆུང་གིས་བཏང་འོང་བའི་དུང་སྒྲ་དེ
རྩྭ་ཐང་ལྕགས་དྲས་བཙེམ་པའི་པ་ཊའི་ལྗོངས་རྣམ་འཁྱག་པ་དེ
དེ་ཡི་ཁུད་དུ་འཚེར་སྐད་ལྕུག་ལྕུག་འདོན་པའི་རྟ་ཕོ་ཁམ་པ་དེ
ཁྲོམ་ཆེན་འུར་འུར་གནམ་ས་གཡོ་བའི
སྲང་ལམ་དཀྱིལ་དུ་རང་སེམས་བོར་བའི་བགྲེས་སོང་འཐེང་བོ་དེ
སྨྲ་བརྗོད་དང་འཇིག་རྟེན་གྱི་ངོ་བོར་ཡིད་ཆེས་བོར་རྗེས
ཤ་ཁྲག་གི་གཟུགས་དང་གྲིབ་མ་ཁོ་ནས་འཚོ་བའི་རྣམ་ཤེས་དེ
གློག་ཀླད་ངོས་སུ།
ཕ་ཡུལ་གློག་ཀླད་ངོས་སུ་བྲིས་རྗེས
བརྩེ་དུང་གློག་ཀླད་ངོས་སུ་བླུགས་རྗེས
གངས་རི་གློག་ཀླད་ངོས་སུ་བཞེངས་རྗེས
དྲན་གདུང་གློག་ཀླད་ངོས་སུ་བྱོ་རྗེས
དག་ཞིང་ཡང་གློག་ཀླད་ངོས་སུ་འཕྲད་ཐུབ་བམ
ལས་འབྲས་ཀྱང་གློག་ཀླད་ངོས་སུ་བརྩི་ཐུབ་བམ
ཆོས་སྒྲུབ་པ་དང་འཁྲིག་པ་སྤྱོད་པ་ཡང་གློག་ཀླད་ངོས་སུ་ནུས་སམ
ཁ་བ་མཐུག་ས་ཞིག་ནས་ངས་དེ་ལྟར་གློའུ་འདང་བརྒྱབ
བརྡ་རྟགས།
ཁྱོད་རང་ཇེ་ཆུང་དུ་བཏང་ནས་ང་ལ་སྤྲོད་མཁན་དེ
སྨྲ་བརྗོད་དང་མིག་མདངས་བསུབས་ནས
འདོད་འདུན་གྱི་བརྙན་མང་པོ་ཤུལ་དུ་འཇོག་མཁན་དེ
བརྩེ་དུང་དང་དྲན་གདུང་ཡང་རྗེས་སུ་ཁྲིད་འགྲོ་བའི
རྔོན་པ་དེ ལམ་པ་དེ གཤེད་མ་དེ
ཁྱོད་ཀྱི་མིག་ནང་ནས་མཆོངས་ཏེ
ངའི་རྨི་ལམ་གྱི་གཙང་བོར་ཀོ་གྲུ་བཏང་བྱུང
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།

