ཉང་ཁ་ལ་ཡུག་གི་སྙན་ངག་བདམས་བཀོད།

ཉང་ཁ་ལ་ཡུག དངོས་མིང་ལ་རིན་ཆེན་མཚོ་ཟེར། ཀན་ལྷོ་ཀླུ་ཆུའི་མི་ཡིན། ཀན་ལྷོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་བོད་ལྗོངས་སློབ་ཆེན་གྱི་ཡིག་ཚང་རིག་པའི་ཞིབ་འཇུག་སློབ་མ་ཡིན། བོད་ཀྱི་རྩོམ་རིག་གི་དུས་དེབ་གངས་རྒྱན་མེ་ཏོག་་དང་སྦྲང་ཆར་དུ་རྩོམ་ཡིག་ཁ་ཤས་བཀོད་ཡོད།
ལྷ་ས་དང་འབྲེལ་བའི་སྙན་ཚོམ།
རླངས་འཁོར་གྱི་སྒེའུ་ཁུང་ནས་ལུས་སོང་བའི་ལྷ་ས
རླངས་འཁོར་གྱི་སྒེའུ་ཁུང་ནས་ཐོག་མར་རྙེད་པའི་ལྷ་ས་བཞིན
དུས་ཚིགས་འདིའི་བསིལ་རླུང་གི་ཕྲག་བར་ལྡེམ
འཇིག་རྟེན་ནི་བརྩེ་བའི་ཡོལ་གོ་སྟེ
ལྷ་སའི་ཨ་ཅག་གིས་གནང་བའི་འཛུམ་མདངས་བཞིན
བསམ་བཞིན་མ་ཡིན་པའི་དུས་ཚོད་ཀྱི་སྙེ་བར་འགུལ
ནམ་མཁའ་གཅིག་གི་འོག་ནས་འཛོམས་པ་དག
ནམ་མཁའ་གཅིག་གི་འོག་ནས་གྱེས་དུས
ལྷ་སའི་ཉི་འོད་ཀྱིས་ང་ལ་སྙིང་ཉེ་བའི་བྱིལ་བྱིལ་འཕར་མར་གནང
གངས་རི་ཨ
རྒོད་པོའི་གཤོག་འོག་ཏུ་འཛིང་བའི་གནམ་འདེགས་གྱི་ཕུར་བ
ལྷ་སའི་མཐོ་ཚད་བཏེགས་པའི་གྲུ་འཛིན་ཕོ་བྲང་བཞིན
ང་ཡི་སྙིང་སྟོབས་ཀྱི་ཁ་ཁུག་ཀུན་ཏུ་གཡོ
ན་སོན་འདུག་སྙམ་དུས
མི་ཡུལ་ལ་གྱེས་བྲལ་འགྲེལ་བྱེད་ཀྱི་ཐ་སྙད་གློ་བུར་འཕར
དགུན་ཐོན་འདུག་སྙམ་དུས
ལྷ་སའི་ཁྲོམ་སྲང་དུ་སློང་མོ་བ་མང་དུ་འཕེལ་བ་བཞིན
རླུང་ཡང་མོ་ཞིག་ལྡང་རྗེས་འཇགས་སོང་བ་ལྟ་བུའི
ཡུལ་དུས་ཀྱིས་གནང་བའི་བར་སྟོང་གི་མཇལ་འཛོམས
ལྷ་སའི་གཙང་པོས་ཁྱེར་ནས་རྒྱང་ལ་བཞུད
རྨུ་ཐག་གིས་སྦྲེལ་མ་ཐུབ་པའི་མཐོན་མཐིང་དབྱིངས་ལ་ཡལ
ལྷ་ས་ཨང
རྒྱང་རིང་མཚོན་བྱེད་ཀྱི་ཐ་སྙད་བྱེ་བ་འཁུར་བའི
སྒྱེད་རྩ་རུ་སྨིན་པའི་རྨི་ལམ་གྱི་ས་བོན
གཤིན་མིང་ཐེངས་གཅིག་བགྲང་བའི་དུས་ཡུན་ནང
ཇེ་ཆེ་ནས་ཇེ་ཆེར་གྱུར
༢༠༢༥-༧-༡༨འགྲུལ་འཁོར་ལྗང་གུ་ནས་སྦྱར།
གནམ་དང་ས་ཡི་སྡེ་ཚན།
——བོད་ལྗོངས་ནག་ཆུ་སྦྲ་ཆེན་རྫོང་ལ་ཡུལ་དངོས་རྟོག་དཔྱོད་དུ་ཕྱིན་པ།
ཉིན་དང་པོ།
ཇོ་བོར་བྱུགས་རྒྱུའི་གསེར་ཆུ་སྲང་གང་བརྐུས་ནས
འདམ་གཞུང་ལུང་པའི་ཉིན་སྲིབ་གཉིས་སུ་གཏོར་དུས་ནི
ན་ཚོད་ཀྱི་ལྕང་ལོར་ནེམ་ཤ་བྲུག་པའི
འཕྱོར་སྒེག་གི་དུས་ཚིགས་ཤིག་ཡིན
སྐྱེངས་ཉམས་ཀྱིས་འགྲེང་པའི་གཉན་ཆེན་ཐང་ལྷ
ཡར་ཡར་འཕྱུར་བའི་སྨུག་སྤྲིན་གྱི་ཕྱིང་ཞྭ་ལྡེམ་དུས
གཞི་གཅིག་ཏུ་འདྲེས་པ་གནམ་ས་གཅིག་པུའི་བར་ཐག་ཡིན་མི་འདུག
བྱ་ཆེན་གྱིས་གཤོག་པ་བསྐྱངས་པ་ལྟ་བུའི
བྱང་ཐང་འབྲོག་གི་ལུང་པ
ཨ་མའི་པང་ལ་འཁྱུད་པའི་བདེ་འཇམ་གྱི་སྣང་བ
རྩྭ་ཐང་དང་ནོར་ཁྱུ་ཡིས་སྤྲད་སོང
གཡང་དཀར་དང་སྤྲིན་ཚོམ་གྱིས་གནང་སོང
གནམ་སའི་བར་ཐག་འདི་ལས་ཅུང་ཙམ་ཉེ་རྒྱུ་ན
ཧོ་ཤོད་དཔུང་གི་འགྲེ་ལྡོག་གནས་འདིར་ཤོང་མི་སྲིད
ཨ་ཕོ་ཧོར་གྱི་གཏམ་རྒྱུད་ར་སའི་ལུང་པར་གཡོ་མི་སྲིད
ཉི་མའི་ཕྱིར་མིག་མགོ་བོའི་ལྟག་པར་ལྡེམ
ལམ་གྱི་སྣེ་མོ་དབང་བོའི་གོས་སུ་གྱོན
ང་རང་ལམ་པ་ཡིན་པའི་མཚོན་བྱེད་དོན་གྱི་སྙིང་བོ་ལ
རི་རྒྱུད་ཀྱི་ཁ་ཞེང་དེ་འཇོག
སྐར་འོད་ལམ་ལམ་འཚེར་བའི་མིག་གི་རྒྱལ་མོ་དེ་འཇོག
འགྲོ་འདུག་གཞི་གཅིག་ཏུ་སྦྲེལ་བའི
ལྕགས་ཀྱི་འཕྲུལ་ཆས་འདི་ཡང་འཇོག
ཉིན་གཉིས་པ།
མི་ལོ་མང་པོའི་དྲན་གདུང་གིས་བར་ཐག་བཅད་མྱོང་བ་ལྟ་བུའི
གཞི་ནས་ཐབ་ཚང་གཅིག་གི་མཐའ་རུ་མཉམ་རུབ་ཏུ་འཛོམས་པ་ལྟ་བུའི
རྒོད་ཚང་སྦྲ་ཆེན་ཡུལ་གྱི་མཇལ་འཛོམས་ཐུང་ཐུང་འདི
ཚེ་རབས་གཅིག་གི་བསོད་བདེ་ལྷན་དུ་བསྡུས་འདྲའི
རྨི་ལམ་དང་དངོས་ཡོད་ཀྱི་འཁྲུལ་སྣང་གིས་རྣམ་ཤེས་ཀྱི་ཁ་ཕོ་སྒུལ
དེའི་རྗེས་ནས ཁོ་ཚོས་ཀྱང
ཕུ་རུང་ནང་ནས་གོང་གཏམ་ཤེས་སོང
དེའི་རྗེས་ནས ཁོ་ཚོས་ཀྱང
ཕུ་རུང་ནང་ནས་གོང་གཏམ་དགོས་ཐུག
སྙིང་ཉེ་བ་ཁོ་ཚོའི་གདོང་པར་འཁྱིལ་བའི་སྨུག་ཞགས་མ་རེད
ཉི་མའི་གསེར་ཆུ་བྱུགས་པའི་འཛུམ་གྱི་མེ་ཏོག་དེ་ཡང་མ་རེད
ངས་བོར་སོང་བའི་ཕ་ཡུལ་གྱི་ཕ་ཡུལ
ཕ་ཡུལ་གྱིས་བོར་སོང་བའི་ཕ་ཡུལ་གྱི་ནམ་མཁའ
ཐང་གཞུང་འདི་ནས་བསྐྱར་དུ་རྙེད་ཐུབ་པ་དེ
སྙིང་ཉེ་བ་ལ་ཚོད་ཅིག་མེད་པའི་རྒྱུ་རྐྱེན་སྣུམ་བག་ལྡན་པ་དེའོ
གནམ་ས་གཉིས་ཀྱི་འཕྲོ་འདུ་ལས
གནམ་སའི་བར་གྱི་འཇའ་ཚོན་གྲུབ
དབལ་ཆེན་གེ་ཁོད་ཀྱི་གདོང་གི་དཀྱིལ་འཁོར་གྲུབ
འོལ་མོ་ལུང་རིང་གི་ཆར་བའི་མེ་ཏོག་གྲུབ
སྙིང་ཉེ་བའི་མི་དག་གི
རྣམ་ཤེས་ཀྱི་ཤིང་རྟ་འཁོར་ལོ་རྐང་ཡས་མ་དེ་ཡང་གྲུབ
ཟམ་ཆེན་ཟམ་ཆུང་བརྒལ་ཡང་འབྱོར་ཐབས་མེད་པ
དགུ་ཚིགས་ཀྱི་ཕ་མཐའ་མ་ཡིན
གཙང་བོ་ལྟ་བུའི་ལོ་རྒྱུས་ཀྱི་ས་ཚིགས་མ་ཡིན
ཕ་ཡུལ་གྱི་སྐྱེ་འགྲོའི་མིག་ཟུང་གི
རྙེད་དཀའ་བའི་ཕ་ཡུལ་གྱི་ཕ་ཡུལ་ལོ། །
༢༠༢༥-༩-༡༥

ལོ་དེའི་ཐོབ་ཤོར།
ལོ་དེར
ལོ་ལོ་མ་ངུ་གཉིད་ལ་སྡོད་ཟེར་མཁན་མ་བྱུང
དེའི་རྗེས་ནས ན་སོ་རྒྱས་ནའང
མཁུར་མགོར་དྲིལ་བའི་མིག་ཆུ
རྨ་ཁ་བཞིན་རླུང་བུ་ཕོག་མི་རུང་བ་མ་ཚོར
ལོ་དེར
གཉིད་ལ་སྡོད་དང་རྟ་ཞིག་སྟེར་ཟེར་མཁན་མ་ཡོད
དེའི་རྗེས་ནས ལྷས་ར་རྟ་ཡིས་ཁེངས་ཀྱང
ཁྱུང་གཤོག་ཐོགས་པའི་གྱི་ལིང
རང་གི་བློ་རྟར་གདམ་དགོས་པ་མ་ཤེས
ལོ་དེར
རྩྭ་ཐང་གི་འཕྱི་བ་དེ་དག
ང་ཡི་འགྲོ་འདུག་གིས་འུར་དིར་རེ་བཟོ་དུས
ཁོ་ཚོ་ང་ཡི་མིང་སྲིང་ཡིན་པར་འཁྲུལ
ཨ་མ་ལགས་ཀྱང་འཕྱི་ཁུང་ནང་ན་ཡོད་ངེས་དྲན
ནོར་རྫིར་འགྲོ་ཐེངས་རེར
ངས་འཕྱི་ཁུང་ནང་ལ་ཐེངས་རེ་བལྟས
ལོ་དེར
རི་རྒྱུད་འཕྲེད་ཉལ་རེའི་མཐའ་ན
ང་ཡི་ཨ་ཕ་ཡོད་འདང་བྱས
སྲོད་ཀྱི་རླུང་བུས་ཁུར་ཡོང་བ་ཁུར་མོང་མིན་པར
ང་རང་པང་དུ་བསུ་བའི
རྟ་པ་རྒྱུས་ཡོད་ཤིག་ཀྱང་ཡིན་སྣང་བྱས
ས་སྲོད་སླེབས་ཐེངས་རེར
ངས་རྡུལ་སྨུག་འཚུབ་སའི་སྐྱ་མིའི་ཕྱོགས་ལ་ཐེངས་རེ་བལྟས
ལོ་དེར
ཕ་ཡུལ་ལ་སྨུག་པ་ཆེན་པོ་ཞིག་འཐིབས
སྨུག་པས་ང་ཡི་སྐྱེ་ཟླ་འཁྲུལ་དུ་བཅུག
ངའི་ཨ་མ་དང་ཨ་ཕ་ཡང་འཁྲུལ་དུ་བཅུག
སྨུག་པ་དྭངས་ནས་ག་ཤེད་ཕྱིན་ཡང
ང་ཚོ་གཞི་ནས་འཛོམས་རྒྱུ་མ་བྱུང
ལོ་དེར
ངས་རང་ཉིད་སྐྱེས་པ་ཞིག་ཡིན་ཁུལ་བྱས
མིག་ཆུ་མེད་པའི་སྐྱེས་པ་ཞིག་ཡིན་ཁུལ་བྱས
སྐ་རགས་མཐོ་བཅིངས་བྱས
གྲི་རིང་འཕྲེད་འདོགས་བྱས
སེང་གེའི་འགྱིང་སྟབས་བྱས
ལོ་དེ
འཁྲུལ་སྣང་གི་ལོ་དེ
སྤྱི་ལོའི་གསེང་ནས་ལན་གཅིག་བསྐྱུང་ཐུབ་ན
ང་ཡང་ཐེངས་གཅིག་མི་ཡུལ་ལ་འབྱོར་བའི་དཔང་ཐོ་གསུབ་ཆོག
ཁེར་རྐྱང་གིས་བྲུས་པའི་གཉེར་མདུད་འདི་ག་གསུབ་ཆོག
ཨ་ཞང་གདོང་གི་འུ་ཐུག་གི་སྐྱ་རིས་དེ་ཡང་གསུབ་ཆོག
ཡིན་ནའང
དེ་ཤེད་ཅིག་ནས
མང་པོ་ཞིག་ལ་ལགས་སོ་ཞུ་དགོས་ཐུག
ཨུ་ཐུག་པའི་ལགས་སོ་ཡང་ཡང་ཞུ་དགོས་ཐུག
དེའི་རྗེས་ནས
སྤྲིན་ནག་ཁུད་ཀྱི་ཉི་མས
ང་ཡི་ལག་ཟུང་བསྲོས་ཐབས་མ་བྱུང
དེའི་རྗེས་ནས
ལམ་རིམ་དང་འདོད་བསྟན་གང་གིས་ཀྱང
ང་ཡི་དབང་རྩར་བྱིལ་བྱིལ་མ་རག
དེའི་རྗེས་ནས
ཕ་ཡུལ་གྱི་གདགས་གཞི་ལ་གས་ཆག་ཤོར
རྣམ་ཤེས་ཀྱི་རྫིངས་རིང་གིས་འཆི་འཕོ་བསེད
དེའི་རྗེས་ནས
སྐྱེ་བ་གཅིག་གི་ཉི་འོད་སྤྱད་དེ
ངས་རང་གི་དབང་བོ་ལྔ་བོ་རེ་རེ་བཞིན་བཙལ་དགོས་ཐུག
༢༠༢༥ལོའི་ཟླ༡པའི་ཚེས༢༥ཉིན་ལྕགས་མདུད་རི་ནང་གི་བྱ་བཏང་རི་ཁྲོད་ནས།
ཟླ་ལྔ་བ།
རླུང་གློ་བུར་དུ་ལྡང་མཚམས་བཞག
ཆར་ཆུས་བསེད་པའི་སྨུག་རྒྱུ་རེ་ཞིག་བར་སྣང་དུ་ཁེགས
སྡིག་སྒྲིབ་ཀྱི་དབང་རྩས་བསྡམས་པའི་ཕྱིར་མིག་གི་ལོ་མ
ལ་རྒྱ་བོར་བའི་ལག་ཟུང་དུ་ཤུགས་ཀྱིས་འབུས
རྩིག་ལྡེབས་ཀྱི་ཡིད་འོང་གི་རི་མོ་ཡང
སྲང་ལམ་འཁྱག་པ་དེའི་རོལ་མོའི་ནང་ནས་བཤིགས
ཟླ་ལྔ་བ
ཡང་ཡང་ཚེས་ཐབས་མེད་པའི་ཟླ་ལྔ་བ
དྲན་གདུང་གི་ནང་དུ་ཚེས
གྱེས་བྲལ་གྱི་སྐུད་སྣེར་འབུས
སྙིང་ཐུབ་ཀྱི་རྒྱབ་གཟུགས་ངོས་སུ་བཞད
གདམ་གསེས་ཀྱི་ཕྱེ་ལེབ་ཁུར་བའི་ལན་བུའི་གསེང་དུ་འཚང
ཟླ་ལྔ་བའི་སྨུག་ཞགས་ཀྱི་རྡུལ་རྒྱུ
རི་ལུང་ཐང་གསུམ་དུ་འཁྲིགས
འདས་མ་ད་གསུམ་དུ་འཚུབ
བསམ་གཞིག་གི་ཉིན་སྲིབ་ཀུན་དུ་ལྡང
ངའི་བོའུ་ཐུང་ནས་མདེའུ་བོར་བའི་ལོ་ཟླའི་གྲམ་གཞུང་དུ་བབས
ཟླ་ལྔ་བ
འཁྲུལ་སྣང་གི་ཐང་ཀར་བཤམས་པའི་ཟླ་ལྔ་བ
ཁེར་རྐྱང་གི་རླུང་བུ་བར་མེད་སྙིང་གར་ལྡང
མིག་ཆུ་ཁྱོར་འགའ་སྔས་འབོལ་གྱི་སྙི་སར་ཟགས
བར་ཐག་གི་རི་ཆུས་བཏང་བའི་བརྡ་སྤྲོད་ཀྱི་ལག་པས
རི་མོའི་ནང་གི་སྙིང་ཐུབ་ཀྱི་གདོང་བར་ཡང་ཡང་རེག
ཟླ་ལྔ་བ
སེན་ཤད་ཀྱིས་ཡང་ཡང་འབྲད་དགོས་ཐུག་པའི
ཟླ་ལྔ་བའི་ཉི་འོད་ཀྱི་ཁུ་བ
ཉོན་མོངས་ཀྱི་སྐྲ་ལོའི་གསེབ་ཏུ་འཛུལ
འདག་ཐབས་མེད་པའི་རང་རིག་གི་སྣང་བའི་རྩ་ལ་འཐིམས
ཟླ་ལྔ་བ
བྱིས་སྒྲུང་བྱིས་སྒྲུང་དུ་ངོས་ཟིན་པའི་ཟླ་ལྔ་བ
མཚན་ཉིད་རིག་པས་གློ་མཆིན་བསྲོ་དགོས་ཐུག་པའི་ཟླ་ལྔ་བ
མི་ལོ་ལྔ་གྲངས་བརྒྱུད་པའི་ཤ་ཞེན་གྱི་དྲོད་ཚད
གནམ་གཤིས་སྔོན་བརྡ་དང་འབྲེལ་བ་མི་འདུག
ལྕེ་རྩེའི་ཕྲ་ཕུང་གིས་བཏེགས་པའི
སྨྲ་བརྗོད་ཀྱི་འགྱུར་ཁུགས་ལའང་འབྲེལ་བ་མི་འདུག
ཟླ་ལྔ་བ
བོར་སྟོར་གྱི་ཡོ་ལང་རྒོད་པའི་ཟླ་ལྔ་བ
ཁྲེལ་གཞུང་འཚོ་བའི་འཛུམ་དཀར་ཀྲིག་ཀྲིག་གི་གཞོན་ནུ
ཕུགས་བསམ་མང་བའི་སྙིང་སྟོབས་ཀྲོང་ཀྲོང་གི་མིག་ཟུང
ད་ནི
གནའ་དཔྱད*ཀྱིས་བཙལ་ཡང་རྙེད་ཐབས་བྲལ
ཟླ་ལྔ་བ
ཨུ་ཚུགས་ཀྱི་མེ་ལོང་དངོས་ཡོད་ཀྱི་ལྟེང་ཀར་ཆག
ཞེན་ཆགས་ཀྱི་དཀྲི་གར་ཆགས་པའི་ཟིལ་བ
ལོ་ཟླའི་བྱས་ཉེས་ཀྱི་ཁུར་བོ་བཞིན
ཆོ་མེད་པའི་ཕྱེད་ཀ་གཉིས་སུ་གས་དགོས་ཐུག
ཆུ་རིས་རླུང་གིས་དེད་ན་སྡོད་དབང་མི་འདུག
རྒས་གཉེར་ལོ་ཟླས་བརྐོས་ན་ལྡོག་དབང་མི་འདུག
ཟླ་ལྔ་བའི་བཞི་ཤད་ཀྱི་རྫོགས་དོན
ལས་དབང་གི་ཚིག་སྣེར་ཐོན་དུས་སྐུང་ཐབས་མི་འདུག
༢༠༢༥ལོའི་ཟླ༥བའི་ཚེས༡༥ཉིན། མི་རིགས་རིག་གནས་ཐོག་ཁང་ནས།
*考古

དྲན་ཐོ།
སྙིང་ལ་ཟུག་པ
རླུང་བུའི་དྲི་ངད་རེད
ལྗོན་པའི་བསིལ་གྲིབ་རེད
ཤ་བཙོས་ཐང་གི་བཅུ་བདུན་ལོའི་ཉི་འོད་རེད
ཁྱོད་ཀྱི་རྒྱབ་གཟུགས་ལ་འཁྲིལ་བའི
མཁའ་དབུགས་འཁྱག་པ་དེ་ཡང་རེད
ཁྱོད་ཀྱི་གྲིབ་མའི་ནང་དུ
རྒྱ་སེ་མེ་ཏོག་ཚོམ་བུ་དང་ཚོམ་བུར་བཞད
ཚོམ་བུ་རེ་རེས
ང་ལ་སྟོང་ཉིད་ཀྱི་ངོ་བོ་འགྲེལ་བཤད་ཐེངས་རེ་བརྒྱབ
རྨི་ལམ་ཞིག་ཡིན་ན
གཉིད་ལས་སད་དུས་འདས་སོང་འཁྲུལ་སྣང་དུ་རློམ་ཆོག
རྨི་ལམ་ཡང་མིན་ན
དུས་ཚོད་ཀྱི་འཕྲང་ནས་ཁྱོད་རང་གློ་བུར་དུ་ཡལ་བ་ཅི་ལྟར་འགྲེལ
ཁྱོད་འགྲོ་ཁར
མཚམས་སྤྲིན་གྱི་བཅིབས་པ་གོམ་བདེ་ང་ལ་བསྐྱུར
ངས་མི་ཚེ་གཅིག་གི་དབྱར་གཞུང་བསྲིང་ནས
དེ་ལ་སྐར་ཚོགས་ཀྱི་སྒ་ཆ་ཡང་ཡང་བསྟད
སྐྱོ་ཐག་ཆོད་དུས
ཁ་ངོར་བྲབས་པའི་གྲང་རླུང་འདི་ཡང
ཏག་ཏག་ཁྱོད་ཕྱོགས་ནས་ཚུར་ལ་ལྡང་བ་ཚོར
ཡིན་ནའང
ང་ལ་འཁང་ར་མེད
སྐྱེ་བ་གཅིག་གི་རྫ་སྒང་ལ
ཡིད་འོང་གི་རྨི་ལམ་མཚམས་སྤྲིན་དང་སྦྲགས་ནས་སྤུངས་དུས
ཁྱོད་ཀྱང་མཛེས་སྡུག་གི་ཆ་ཤས་ཤིག
༢༠༢༥-༡-༢༩
ལྕོང་ཀ་མཆུ་དམར།
ལྕོང་ཀ་མཆུ་དམར
ཤ་རྡོག་འདི་ཏག་ཏག་ཁྱོད་ལ་བསྐྱུར་བ་ཡིན
འུ་གཉིས་བར་ཤ་ཁྲག་གི་འབྲེལ་བ་མེད་ཀྱང
འཁོར་བའི་སྦྲེལ་ཐག་ཡོད
ལྕོང་ཀ་མཆུ་དམར
ངས་ཁྱོད་ཀྱི་རྐང་རྗེན་པའི་ངལ་བ་གསལ་བོར་མཐོང་ཡང
ཁྱོད་ཉིད་སྟོན་གྱི་རྣང་ཞིང་ལ་འཁྲིད་ཐབས་མི་འདུག
ང་ཡང་དགུན་གྱི་སྐྱེས་དངོས་ཤིག་ཡིན
ལྕོང་ཀ་མཆུ་དམར
སྨྲེ་ངག་ཅུང་ཙམ་འཇགས་རོགས
གྲང་ངར་ནི
རུས་པའི་ཟུག་གཟེར་ལ་གཟས་ཡོང་བ་དེ་ཁོ་ནའོ

སྟོན་པ་གང་དེར་འཕྲིན་ཞིག་སྐུར།
ད་ལན་ང་རང་བདེ་མོར་ཐེངས་གཅིག་གཉིད།།
འཁྲུལ་བའི་རྨི་ལམ་ཀུན་གཞིའི་མཚོ་རུ་ཟིམ།།
རི་མོའི་ལམ་ནས་ཁྱོད་ལ་ཐེངས་གཅིག་མཇལ།།
ཡང་ཡང་མཇལ་དགོས་ལབ་དུས་ཚེ་སྨད་ཟིན།།
འཁོར་བའི་འཛིན་ཆགས་སྒྱུ་མའི་རྟ་གླང་བཞིན།།
སྐད་ཅིག་སྔ་མར་ཡོད་ཀྱང་ཕྱི་མར་མེད།།
ཡིན་ཡང་ཁྱོད་སྐུ་སྤྲུལ་བའི་ཉི་ཟླ་ལྟར།།
གདུལ་བྱའི་ཐོད་དུ་འགྱིང་པའི་གཡུང་དྲུང་རི།།
འུ་གཉིས་འཇིག་རྟེན་འདི་རུ་ཡང་ཡང་ཕྲད།།
འདུས་བྱས་རི་མོའི་ཉལ་ཐ་འཐེན་དུས་ཕྲད།།
གཟུགས་དང་སྒྲ་ཡི་མཚན་མས་མ་སྤྲས་པའི།།
དགོངས་པ་དོན་རྫོགས་གསུང་གི་རོལ་མོས་ཕྲད།།
ཁྱོད་རང་རི་རྒྱལ་རྩེ་ནས་འཛུམ་ཙམ་བྱས།།
ང་ཡི་དད་འདུན་ཐིག་ལེ་སྒུལ་ཙམ་བྱས།།
འཆར་སྣང་ཟིལ་ཆུ་ལྡེམ་པའི་སྐྲ་གཞུག་ལ།།
ཁྱོད་ཀྱི་སྨྲེང་བའི་མིག་ཆུ་ཐེངས་འགར་གཅོལ།།
ཡང་ན་སྟོང་བའི་ལྷ་ཚོགས་གཤེགས་ཤུལ་གྱི།།
སྨུག་པའི་ལན་བུ་བསླེས་པའི་གཡུ་ལོ་མ།།
ཡང་ན་བརྩེ་བའི་ཤྭ་འོད་སྐམ་ཤུལ་གྱི།།
ཁྲོ་མདུད་གཉེར་མར་བཏབ་པའི་འཇིག་རྟེན་པ།།
འཁྲུལ་བ་སྒྱུ་མའི་ནགས་ནས་འཁྱར་ཙམ་བྱས།།
གཟུགས་ལྡན་འདབ་ཆགས་དེ་དག་དཀྲོག་ཙམ་བྱས།།
ཡོད་མེད་སྐྱེ་མཆིའི་བར་དོར་ཐོགས་ཙམ་བྱས།།
བདག་འཛིན་སྤྲོས་པའི་རི་མོར་ཆགས་ཙམ་བྱས།།
ཀུན་རྫོབ་སྣང་བའི་མཁར་རྫོང་མ་ཞིག་སྔོན།།
དོན་དམ་བརྟན་གནས་ཕུ་ཐག་རང་གིས་བཅད།།
རི་བོང་རྭ་ལ་གད་མོ་ཐེངས་གཅིག་ཤོར།།
ང་ལ་སྔར་ལྟར་རྨི་ལམ་ཐེར་འབུམ་རྨིས།།
ཡང་ན་འཁོར་བའི་ལ་ནས་ཕྲད་དགོས་ཨང་།།
ཀུན་ཤེས་སྟོང་བའི་དབྱིངས་ཀྱི་གླག་རྒོད་པོ།།
ཡང་ན་ཉོན་མོངས་མ་ལུས་གཞིབ་དགོས་ཨང་།།
འདྲེན་པའི་མཆོག་གྱུར་མཐིང་མདོག་གཤེན་གྱི་སྐུ།།
༢༠༢༥ལོའི་ཟླ༠༡ཚེས༡༠ལ། ལྕགས་མདུད་རི་ནང་གི་བྱ་བཏང་རི་ཁྲོད་ནས།
ནུས་མེད་དུ་གྱུར་པ་དེ་དག
ནུས་མེད་དུ་གྱུར་པ་གྲི་གུམ་བཙན་པོའི་དབུ་ཡི་ལྷ་ཐག་རེད
ནུས་མེད་དུ་གྱུར་པ་འཆི་བ་འགྲེལ་བྱེད་ཀྱི་མ་ལག་སྙིང་རྗེ་དེ་རེད
ནུས་མེད་དུ་གྱུར་པ་ཁྲེལ་གཞུང་བརྩིགས་བྱེད་ཀྱི་ཐ་སྙད་ཚོན་པོ་དེ་ཚོ་རེད
ནུས་མེད་དུ་གྱུར་པ་ཆུ་ཚོད་ཉེར་གསུམ་པའི་འཁྲུལ་སྣང་གི་ནེམ་ཆ་དེ་རེད
ནུས་མེད་དུ་གྱུར་པ་མི་ཡུལ་འགྲེལ་བྱེད་ཀྱི་ཐ་སྙད་དཀར་པོ་དེ་ཚོ་རེད
ནུས་མེད་དུ་གྱུར་པ་ཚ་གྲང་སྙོམས་བྱེད་ཀྱི་ཕྱུ་པ་ལྗང་གུ་དེ་ག་རེད
ནུས་མེད་དུ་གྱུར་པ་ར་རོ་བར་བཟོ་བྱེད་ཀྱི་རྒུན་ཆང་དམ་བེ་འདི་ཡང་རེད
ནམ་ཟླ་དབྱར་གཞུང་ཞིག་ལ
སྟོན་ཁར་དབང་འོས་པའི་བསིལ་རླུང་གི་ལག་པས་འགྲམ་ཤ་འཐེན
༢༠༢༥-༡༠-༧
སྙིང་ཉེ་བའི་ང་ཚོ།
ང་ཚོ་གྱེས་བྲལ་ལ་སྐྲག་པས
ང་ཚོས་རྣམ་ཤེས་ཀྱི་ལྭ་བ་འཚེམ
ང་ཚོས་ཆོས་ལུགས་ཀྱི་རལ་གྲི་ཕྱར
ང་ཚོས་སོ་སོ་ལྷ་ཚོགས་ཀྱི་ཕྲུ་གུར་བཏགས
ང་ཚོས་ཕན་ཚུན་དད་མོས་ཀྱི་གོང་བུར་བསྒྲིལ
ང་ཚོ་ཁེར་རྐྱང་ལ་སྐྲག་པས
ང་ཚོས་རོལ་དབྱངས་དང་སྦི་རག་བསྟེན
ང་ཚོས་འཇོ་སྒེག་དང་ལང་ཚོ་བཙལ
ང་ཚོ་བཟོ་གྲྭ་གཅིག་གི་ཐོན་རྫས་བཞིན་གཤིབ་ཡང
ང་ཚོ་རང་རང་གི་འཛོང་ཁུག*ནས་ངུས
ང་ཚོ་ཤ་ཞེན་གྱིས་མྱོས་པས
ང་ཚོས་བྱེས་པའི་སྐྱིད་སྡུག་ལ་མིག་ཆུ་འདོན
ང་ཚོས་འཇིག་རྟེན་ཕ་རོལ་ལ་མར་མེ་འདེགས
ང་ཚོ་ལས་དབང་གཅིག་པའི་ཐབ་ཚང་ནས་བགད་ཀྱང
ང་ཚོས་ཐག་ཉེ་ཡི་འཇོན་མི་ལྕེ་རྩེ་ནས་བསྲེག
༢༠༢༥-༡༠-༢༠དཔྱད་རྩོམ་འབྲི་བའི་བར་ནས།
*ཁུ་ལྗོ་དང་འདྲ་ཡང་། ངེད་ཀྱི་ལུང་པར་སློབ་ཆུང་གི་སྐབས་སུ་ཡང་དེ་དང་འདྲ་བ་བཀོལ་དཔེ།

འཁོར་ལོའི་ནང་གི་རི་མོའི་ཞིག་རོ།
ཁྲེལ་གཞུང་གི་སྨིན་མས་མིག་ཟུང་མི་ཁེབས་ན
ཚིག་རྒྱན་མང་བའི་བརྩེ་འཕྲིན་གྱིས་ཅི་བྱ
ཁོ་རེ
སྟབས་བདེ་ན་ཐད་ཀར་ལེགས་སྐྱེས་ཁྱེར་ཤོག
དབུལ་ཕོངས་བཀྱགས་པའི་རྣམ་ཤེས་ཀྱི་གཟུང་གཞུག་ལ
དངུལ་ལོ་དང་མེ་ཏོག་གི་བྱབས་ཁྲུས་ཧ་ཅང་མཁོ
ཤོག་བུའི་ཉིན་སྲིབ་ནས་འདོད་སྲེད་ཀྱི་རྟ་ཕོ་འཚོ་ཐབས་མི་འདུག
ཉི་མ་ཉིན་ནས་སླར་ཡང་སྲིབ་དུ་རྒྱུ་ཐུབ་ན
ཁྱོད་ཀྱི་མིག་ཟུང་ང་ཡི་བྲང་གཞུང་དུ་ལྷུང་མི་ཐུབ་པ་ག་རེ
ཁོ་རེ
དུས་ཚིགས་འདིའི་ལྭ་བ་མཐུག་རྒྱུ་མི་འདུག
ཁྱོད་ཀྱིས་ངའི་སྙིང་གི་འཕར་ལྡིང་སླ་མོས་ཚོར་ཐུབ
ཁེར་རྐྱང་གི་རི་མོས་ནང་ཁྲོལ་གཙབ་ཡོང་ཚུལ་འེ་བདེན
ཁོ་རེ
སྟབས་བདེ་ན་འུ་གཉིས་མཚན་གྱི་ནགས་ཁྲོད་ནས་ཐུག
ང་རང་ཁྱོད་ཀྱི་མདུན་ནས་གཅེར་གཟུགས་སུ་འགྲེང་སྟེ
ནགས་ཚལ་ལས་བརྒལ་བའི་མུན་ནག་གི་རྒྱ་ཁྱོན་བཤམས
ནམ་མཁའ་གཅིག་པུས་ང་ཡི་ཕུགས་བསམ་ཀྱི་རྒྱ་ཁྱོན་མཚོན་ཐབས་མེད
ཁོ་རེ
སྟབས་བདེ་ན་ངེད་ཚང་གི་ནོར་ལྷས་སུ་ཤོག
དེ་རུ་ང་དང་འདྲ་བའི་སྲོག་ཆགས་གཡུང་མོ་ཁ་ཤས་ལས་ཅི་ཡང་མེད
ངས་ཁྱོད་ལ་ལྷས་རའི་ནང་གི་རང་དབང་གི་ཟབ་ཚད་གླེང
ཁོ་རེ ཁོ་རེ
གཤོག་པ་དཀར་པོས་བཀྱགས་པའི་ལྷ
སྐར་མའི་པང་གདན་བརྒྱབ་པའི་འདྲེ
༢༠༢༤.༤.༢༨
དེའི་རྗེས་སུ།
དེའི་རྗེས་སུ
ང་རང་སྨྱོས་སོང་བ་ཇི་བཞིན
ཁྱོད་ལ་འཕྲིན་ཡིག་བརྒྱ་དང་བརྒྱད་བར་བྲིས
དེའི་རྗེས་སུ
ཁྱོད་རང་ཤི་སོང་བ་ནང་བཞིན
དུས་ཚིགས་བཞི་ཡི་འཕྱོར་སྒེག་གང་གིས་ཀྱང་མ་བྲིད
དེའི་རྗེས་སུ
ང་རང་སྤྲིན་ཚོམ་ནས་ལུས
ཁྱོད་རང་བྱེའུ་ཚང་དུ་ལོག
དེའི་རྗེས་སུ
འུ་གཉི་གས་ཡང་བསྐྱར་ཀ་ཁ་བསླབ
༢༠༢༤།༥།༡༣།
ཨ་མ་ང་ལ་མ་དབང་བའི་ལོ་ཟླ།
ཆོ་མེད་པ་དག་གིས་རྣ་ཅོག་འུར་རྗེས
ནམ་མཁའ་གཅིག་པུར་གློ་མཆིན་གྱི་ཁ་དོག་བསྟན་ཆོག་པ་འདྲ
ཨ་མ
སུ་ལའང་ཡིད་རྟོན་བོར་བའི་ཆགས་སྡང་གི་ལོ་ཟླ
ཁྱེད་ཀྱི་ངོ་གདོང་དང་འདྲ་བར་མག་མོག་གིས་ཟིན
སྨུག་པ་རེས་ཀྱིས་འཐིབ་ལ་རེས་ཀྱིས་ཡལ
སྐར་ཚོགས་ཀྱི་གྲང་འདར་ཁོ་ནས་ཀྱང་ང་ལ་འཚུབ་ཆ་ཡང་ཡང་བསླངས
ཨ་མ
ངའི་ཤ་ཁྲག་གི་ཡོལ་ངོས་སུ་ཁྱེད་ཀྱི་མཛུབ་རྗེས་ཁེབས་ཀྱང
ཁྱེད་ཀྱི་བྲང་གཞུང་གི་དངུལ་དཀར་གའུ་ནས
ངའི་འཚོ་ཚིས་ཀྱི་ལམ་ཡིག་ཅིས་ཀྱང་རྙེད་ཐབས་མ་བྱུང
རྒྱང་རིང་ནི་མེ་ཏོག་གི་ཡུལ་གྲུ་དང་འཇའ་ཚོན་གྱི་ཟམ་སྣེ་རེད་སྐད
གོམ་གང་སྤོ་བའི་ངལ་དུབ་ཀྱིས་ཁྱེད་རང་གླེང་ཡང
ཨ་མ
བར་ཆད་ཀྱི་གྲང་རླུང་སྙིང་ཀར་ལྡང་བས
ཤ་ཞེན་གཅིག་པུས་ང་ཁྱེད་སར་བཅར་ཐབས་མི་འདུག
སང་ཉིན་ཡང་བསྐྱར་ཉི་འོད་མཐོང་སྲིད་དམ
ཁྱེད་རང་འཇའ་ཚོན་བཞིན་རྨི་ལམ་གྱི་ཁུགས་པར་བསྣར་ཉིན
ངས་ཉི་འོད་ཀྱི་ལག་ཟུང་ཁོ་ན་དྲོད་ཁོལ་དུ་རློམ
ཨ་མ
སྙིང་གཏམ་བྲང་ཀར་བསགས་པའི་ལོ་ཟླའི་སྨྲེང་བ
ད་ལྟ་གང་དུའང་བྱོ་སྙིང་མི་འདུག
རི་མོའི་ངོས་སུ་རང་དབང་གི་ཡིག་འབྲུ་ཡང་ཡང་འགུལ
རྡོག་སྣེ་ནས་འབུས་པའི་ལྗང་མདོག་ལ
རང་དབང་མིན་པའི་ཨུ་ཚུགས་ཀྱི་ལོ་འདབ་རྒྱས
ཨ་མ
ལམ་སྐེད་ཅིག་ནས་རང་ཉིད་ཡུན་རིང་ཕྱིར་བསྣུར་གྱིས་ཕྱིན་པ་ཚོར
ད་ལྟ་ང་རང་དགོད་འོས་སམ་ངུ་འོས
ཆར་བ་བབས་ཚེ་དབྱར་ཟླའང་བསླེབས་ཚར་བ་རེད་དམ
ཨ་མ
ངོ་གདོང་ལ་ཆར་ཆུ་ཟགས་ནས་ཡུན་རིང་ཕྱིན་ཡང
དབྱར་ཟླའི་དྲོད་ཁོལ་གྱིས་ལུས་སེམས་སྔར་བཞིན་བསྲོས་མ་ཐུབ
ཁྱེད་རང་ཡི་གེའི་གཟུགས་སུ་ཇི་ལྟར་ཕབ་ཀྱང
མཁོ་སོད་པ་ཞིག་ཅི་ནས་ཡོང་ཐབས་མི་འདུག་ཀྱེ
ཨ་མ
ཁྱེད་དྲོད་འཁྱག་གཉིས་ཀྱི་བསྡུས་གཟུགས་སུ་གྲུབ་པས
འུ་ཐུག་ཐེངས་རེར
ངས་དོན་དུ་སུ་ལ་འབོད་དགོས་པའང་ཤེས་ཀྱི་མི་འདུག
༢༠༢༣།༣།༢༦།

རི་མོའི་ནང་གི་རྒྱལ་སྲས།
ཁྱོད་རང་ག་ཤེད་ཅིག་ལ་ང་ཡི་གམ་དུ་ཕེབས་འོང
རྟག་པར་རྨི་ལམ་དུ་འཁོར་བའི་ལས་སྐལ་གྱི་ཚི་དྲེག་ལྗང་ཁུ
ལྷོ་རིའི་རྩེ་ནས་མར་ལ་བལྟས་ན
རྡོ་དང་མཁར་གྱི་ཚོགས་ནི་སྐྱ་ཐིང་ཐིང
སྐྱིད་ཆུའི་གཞུང་ནས་ཡར་ལ་བལྟས་ན
འགྱིག་དང་གྲ་མའི་མི་ཚོགས་དངངས་དིར་རེ
རྒྱུག་རྒྱུག་ནས་ཐང་ཆད་སོང་བ་ལྟ་བུའི
ང་ཡི་དྲན་ཤེས་ཀྱི་རྫིང་བུའི་ནང
དུས་ཚིགས་ཧྲིལ་བོ་ཞིག་གི་ཨམ་གཙིགས་སིལ་བུར་འཐོར
ང་ཡི་སྒལ་གཞུང་ན
སྨོན་འདུན་མ་ཐེག་པའི་ཁྱོད་ཀྱི་སེམས་གཅོང་ད་དུང་ལུས་ཡོད་ཨ
སྟངས་སྟབས་དེ
འུ་གཉིས་ཀྱི་ཁ་ཆད་བཞིན་ལྷོད་ཀྲོག་གེར་འགུག་དུས
ཆར་ནག་གིས་དེད་པའི་འདས་སོང་གི་རྩྭ་ཐང་སྟེང
ང་རང་ཧམ་སེམས་ཀྱི་དབང་རྩས་བཏང་ནས་རབས་ཤིག་ལུས་པ་ཚོར
ཁྱོད་རང་རྒྱང་ནས་རྒྱང་དུ་བྱེར་བའི་ལོ་ཟླ
དྲག་ཆར་མེད་པའི་ཉི་ནུབ་ཅིག་གི་གསང་བར་གྱུར
དྲན་གདུང་གིས་བཏང་ཚར་བ་འདྲ་བའི
ཡུལ་གྱར་གྱི་ཤ་རུས་ལྐོག་གྱུར་གྱི་སྒྲོག་གིས་བཅིངས
གསེར་གྱི་རི་བོར་འགྱིག་གི་ཐམ་ཀ་བབས་ན
ང་ཡི་རྨི་ལམ་རི་མོ་ཕངས་པས་འཇིག་འགྲོ
གཡུ་ཡི་ལྗོན་པར་ལོ་མའི་རི་མོ་བཏགས་ན
ང་ཡི་དད་པའི་དབང་རྩ་སྡུམས་སེ་ཆད་འགྲོ
སྨོན་འདུན་དཀར་དམར་གྱི་མགུལ་དུ་བསྒྲོན་པའི
ཡུལ་གདུང་གི་གསེར་མིག་ཉ་མོ
རྩི་ཏོག་གི་ཁ་མདོག་འགྱུར་ནས་ག་ཤེད་ཕྱིན་ཡང
ཁྱོད་རང
དགོད་སྒྲ་ལྷུག་ལྷུག་གིས་ང་སར་མི་འཛུམ་པ་ག་རེ
སྐྱིད་ཆུ་ཁོ་ནར་བརྗོད་འདོད་པའི་སྙིང་གཏམ་རློན་པ
ཁྱོད་དང་འབྲེལ་བའི་འཇིག་རྟེན་གྱིས་བདག་གིར་ཁྱེར།
༢༠༢༤།༩།༡༤།
འཁོར་བའི་གར་མ།
མི་རྣམས
ཉི་ཚེ་བའི་བདེ་བར་ཤ་ཐང་གིས་སྙེག་རྗེས
མེ་ལོང་ཆག་པའི་གས་སྲུབས་ནས་ཤུགས་ཆེན་པོས་ངུ
མི་རྣམས
གློ་བུར་བའི་ཤ་ཞེན་ཁྲག་མཚོ་བཞིན་གདུས་རྗེས
བརྗེད་ངས་ཀྱི་བྲག་ཅའི་སྣེ་མོར་འཛེམ་མེད་དུ་དགོད
མི་རྣམས
བདག་འཛིན་གྱི་འཁྲི་བར་ལྕེབས་ནས་མཛེས་སྡུག་གླེང
ལྷུང་བཟེད་ཀྱི་ཕོར་ཁ་བཅད་ནས་ཤུགས་རིང་འབྱིན
མི་རྣམས
རྒྱང་རིང་རྨིས་ཀྱང་གོམ་པ་གང་ལས་སྤོ་མི་ཐུབ་པའི
འདས་སོང་གླེང་ཡང་སྤྲིན་ཕུང་གཅིག་ལས་བརྒལ་མི་ནུས་པའི
ས་རྡོའི་ཚོགས་ཀྱི་མཇུག་མཐའི་དད་མོས་ལ་རེམ།
2025-2-13
སྙེ་མོ་དང་འདམ་གཞུང་བརྒྱུད་པའི་རེག་ཟིག་བསྡུས་པ།
རྨི་ལམ་འཁྲུལ་བའི་ཟོམ་དུ་ཉི་ཟླ་འགུལ། །
དུས་ཀྱི་མདའ་མོ་སྤྲིན་པའི་ཚུལ་དུ་ཉིལ། །
ང་ཡི་མིག་ཟུང་དགུ་ཚིགས་མཐོངས་སུ་ཁེགས། །
ལུས་ཀྱི་རྩ་ཕུང་མེས་པོའི་ཞབས་བར་འཁྱུད། །
ལྷ་སའི་ཉི་འོད་སྐྱིད་ཆུའི་གཞུང་ནས་རེངས། །
ང་རང་གཙང་བོའི་འགྲོས་བཞིན་ཁ་ཁུག་ཉུལ། །
འདི་ནས་ཉི་མ་ནུབ་སའི་ས་ཕྱོགས་སུ། །
རྩྭ་རྩེའི་ཟིལ་བར་སྤྲུལ་ནས་དར་ཅིག་འཁྱམས། །
རྒྱ་གར་ཚོང་དཔོན་སམ་པ་ཀ་ཡའི་བུ། །
ནུབ་ཕྱོགས་ཁ་ཆེའི་ཡུལ་གྱི་བྲོས་བྱོལ་བ། །
ཁྲོ་ཕུ་ལོ་ཙཱས་བོད་ཀྱི་མིར་བཞེངས་པའི། །
ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲྀ་ཡིས། །
སྐྱིལ་ཀྲུང་ཀོར་ཀོར་མཆུ་སྒྲོས་མུར་མུར་གྱིས། །
ང་ཡི་ཕྱོགས་སུ་འཛུམ་ཙམ་ཅེར་ཙམ་བྱེད། །
དེ་ཡི་བུ་སློབ་དོན་གཉེར་དཔུང་བ་ཅན། །
དགོན་རྟེན་གསར་བཞེངས་ཟིང་ལོང་སྙེ་མོར་ལྡེམ། །
རྡོག་འོག་སྐར་ཚོམ་བྱེ་བའི་སྤྲུལ་བསྒྱུར་གྱིས། །
ཉི་ཤར་ཕྱོགས་ཀྱི་རི་རྒྱུད་འཁྱུག་ཙམ་བརྒལ། །
འདམ་གཞུང་གངས་ཀྱིས་བསྐོར་བའི་གདན་ཁུད་དུ། །
སོག་དམག་རྡུལ་འཚུབ་ལང་ལོང་རེམ་པ་མཐོང་། །
དེ་ཡི་འགོ་གཙོ་མགོ་ལེབ་རལ་བ་ཅན། །
ཧོ་ཤོད་ཧུང་ཐའེ་ཇི་ཡི་སྒར་ཆེན་ནས། །
ཆོས་སྲིད་ལྷན་དུ་སྦྲེལ་བའི་གཡོ་ཇུས་སླད། །
འདུན་མ་སྒོར་སྒོར་ཐོད་གཉེར་ཀྲོང་ཀྲོང་གི། །
ཉི་འོད་འོག་གི་བྲེལ་ཟིང་མིག་ལ་ཐོགས། །
༢༠༢༥-༧-༡༤

མིང་མེད།
བརླན་གྱིས་ཟིན་པ་དག
འཕྲལ་མར་བསྐམ་ཐབས་མེད་པ་བཞིན
སེམས་ལ་ཐོགས་པ་དག་ཀྱང
གློ་བུར་གཡུག་ཐབས་མི་འདུག
དཔེར་ན
དུས་ཚིགས་འདིས་ང་རང་བློས་མི་ཐོང་པའི་ཟོལ་དུ
ཚེ་ཡི་སྐར་ཁུང་ནས
ཡང་སྐོར་བསྐྱར་སྐོར་བྱེད་པ་ལྟར
བྲང་གཞུང་ནེམ་ལིང་ངེར་གཏང་བྱེད་ལ
སྲོག་གི་སྐྱོར་མ་དང
ཚོན་གྱི་སྡེབ་སྦྱོར་མཁོ་ཡི་མི་འདུག
གློ་བུར་ལྡང་པའི་རླུང་དང
གློ་བུར་འཇགས་པའི་རླབས
ད་དུང
མ་ངེས་པའི་འཁྲུལ་སྣང་གསེང་གི་གྲིབ་གཟུགས་ཡ་ཡོ
ཏག་ཏག་ང་ལ་གཟས་པའི་མཚེའུ་ངོགས་ཀྱི་ལྡོག་འོད་བཞིན
སྲ་མཁྲེགས་དང་འབྲེལ་ཚད་དེ་མུར་གཞོམ
ནམ་མཁའ་གཅིག་ལ་གཏད་པའི་ངོ་གདོང་སྙིང་ཉེ་བ
ཆུ་རྒྱུན་གཅིག་ལ་བརྟེན་པའི་དྲན་གདུང་ལྗིད་ཏིག་པ
འགྲོ་རན་དུས
ཕྱིར་མིག་འབྲིད་བྱེད་ཀྱི་སྤྲིན་པ་དཀར་དམར་ལམ་འགྲམ་གྱི་སྒེའུ་ངོར་འཚང
གཏམ་རྒྱུད་ཧྲིལ་བོ་རྫོགས་རྗེས་ཀྱི་ཤོག་མཐའ་རུ
ཨམ་གཙིགས་ཀྲོང་ཀྲོང་གི་བཞི་ཤད་ནན་གྱིས་བསྒྲིག་དུས
སྨྱུ་གུ་གཅིག་པུ་ཁེར་རྐྱང་གིས་ངུ་ཞིང་ངུ
ཉི་ནུབ་རི་སྒང་ནས་བྲོས་པའི་ས་སྲོད་དེའི་རླུང་བུ་ཧ་ཅང་འཁྱག
ཁྱོད་ཀྱི་སྨིན་མཚམས་སུ་ལུས་པའི་དགུན་གཞུང་གི་ཁ་རླངས་དང་འདྲ་བར
༢༠༢༥-༡༠-༢༧དཔྱད་རྩོམ་འབྲི་བའི་བར་ནས།
སྟོང་པ།
རྡུལ་གྱིས་གྲུབ་ཤིང
རྡུལ་དུ་འཐོར་ཚར་ངེས་དྲན་ན
ཁྱོད་ཀྱི་ཆེད་དུ་མྱོས་པའི
དབང་རྩའི་ཁ་མདོག་ལ་དོན་སྙིང་མི་འདུག
གྲེ་བ་བསངས་རྗེས
སླར་ཡང་མགྲིན་པ་གཅོད་དགོས་ཚུལ་བསམ་ན
ཁྱོད་ཀྱི་ཆེད་དུ་བྲིས་པའི
ཉིན་ཞག་སུམ་བརྒྱ་དྲུག་ཅུའི་འཁང་ར་ལ་དོན་སྙིང་མི་འདུག
ལམ་རྒྱགས་སྒྲིག་ཀྱང
སྔར་བཞིན་གོམ་ཁ་བགགས་དགོས་དོན་གྱིས
ཁྱོད་ཀྱི་ཆེད་དུ་བཞུར་བའི
སྙིང་ཉེ་བའི་མཁུར་མགོའི་མིག་ཆུ་ལའང་དོན་སྙིང་མི་འདུག
ལྷ་སར་གྱེས་པ།
ལྷ་སར་གྱེས་དུས
ཞེ་ལ་ཐོགས་པ་གྲོང་ཁྱེར་དེའི་ནམ་མཁའ་གཅིག་པུ་མ་རེད
སྙིང་གཏམ་འཚུབ་པའི་ཀོག་ཧྥེ་ཕོར་པའི་བར་སྣང
རྒྱང་མིག་བཀལ་བའི་ཤོག་བུའི་གསེང་གི་ཞེ་ཁྲེལ
ད་རུང
གར་སྟེགས་སྟེང་གི“ཨ་ཅེ་འབུམ་པ"
ལྷ་སར་གྱེས་དུས
བརྩེ་དུང་མེད་པའི་སྐྱེས་པ་ཞིག་གི་ངོ་གདོང་ལྟ་བུའི
ནག་རོག་གེའི་རི་རྒྱུད་དག་འགྲུལ་བཞུད་ཀྱི་སྐྱེལ་མར་བྱོན
ཐོབ་ཤོར་དང་འབྲེལ་བ་མེད་པའི་རི་ཆུའི་ཚོགས
ང་ཡི་དྲན་གདུང་གི་ལྡོག་ཕྱོགས་ནས་བྲོས
ལྷ་སར་གྱེས་དུས
ཟླ་འོད་ཁེར་རྐྱང་དང་ལྷན་པར་གོས་སུ་གྱོན་དགོས་ཐུག
འདི་ནས་འཐེན་པའི་ལམ་གྱི་སྣེ་མོ
ཉི་མའི་ཁྱིམ་རྒྱུད་ཀྱི་སྒོ་དྲུང་ལ་གཏུགས
ལྷ་སར་གྱེས་དུས
འུར་ཟིང་ལས་རྙེད་པའི་ངོ་གདོང་མང་པོ
བསིལ་འཇམ་རླུང་བུའི་ཟོལ་གྱིས་ལྡིང་ཙམ་ལྡིང་ཙམ
འདུས་བྱས་དྲན་པའི་ཟིལ་ཆུ་འཕྱོ་ཙམ་འཕྱོ་ཙམ
ལྷ་སར་གྱེས་རྗེས
ཁ་ཆད་ནང་གི་ལྷ་ཚོགས་དག་མགོ་ཐོག་ནས་བྲོས
དགུན་ཟླའི་དྲན་པ་སྐྱ་ཡས་མ་ཡང་བསྐྱར་ཕུང་པོར་འཁྱུད
རྐང་པ་ཡ་གཅིག་དྲོས་ཀྱང་ཡ་གཅིག་མི་དྲོས་པའི
སེར་སྣའི་རྔུལ་ནག་འཁྲིགས་པའི་མགོ་ཐོག་གི་ཉི་མ
སེམས་ཐག་བཅད་ཟིན་པའི་སྐྱེས་པ་ཞིག་གི་རྒྱབ་གཟུགས་བཞིན
ཡུལ་གྱར་གྱི་ནམ་མཁར་གྲང་རེག་གིས་བྱོན
༢༠༢༤-༡༢-༢༨ ནག་ཆུ་ནས།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།

