རྫ་སྟོད་ཀྱི་ན་གཞོན་རྩོམ་པ་པོའི་སྙན་ངག་བདམས་བཀོད།

གྱང་ཆག དངོས་མིང་ལ་ལས་དབང་དར་རྒྱས་ཟེར། ཐིག་རབས་པའི་འབྲོག་ཐང་གི་ན་གཞོན། མཚོ་སྔོན་རྫ་སྟོད་ཀྱི་མི། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་མི་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་མི་བཅས་ཡིན། སྔ་ཕྱིར《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《གངས་རྒྱན་མེ་ཏོག》《ཟླ་ཟེར》《གངས་དཀར་རི་བོ》《མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ》《མཚོ་སྔོན་བོད་ཡིག་གསར་འགྱུར》《གངས་རྒྱན་ན་ཆུང་ཚགས་པར》《བོད་ལྗོངས་ཉིན་རེའི་ཚགས་པར》སོགས་ཞིང་ཆེན་ཕྱི་ནང་གི་ཚགས་དེབ་རྣམས་སུ་སྙན་ངག་གཙོ་བྱས་པའི་བརྩམས་ཆོས་བརྒྱ་ལ་ཉེ་བ་བཀོད། ད་ལྟ་ཁེར་རྐྱང་གི་འགྲུལ་བཞུད་ལ་འདོང་བཞིན་རྩོམ་རིག་གི་ཕྱོགས་ལ་གཞོལ་གྱིན་ཡོད།
སྙིམ་པའི་ནང་བསྐྱིལ་བའི་མུན་པ།
གྱང་ཆག
༡
ནམ་ལངས་ཁའི་རྨི་ལམ་གྲང་མོས
ང་རྒྱལ་དང་ཞེ་སྡང་གི་ཡང་སྙིང་དྲུད
བརྩེ་བ་ཟབ་པའི་ཁྱོད་ཀྱི་རྒྱབ་གཟུགས་དྲུད
སྙིམ་པའི་ནང་དུ་བསྐྱིལ་བའི་མུན་ནག་གི་མངའ་ཐང་དྲུད
༢
ཇག་གླུ་རིང་མོའི་འགྱུར་ཁུགས་རྡོ་བའི་བག་ལ་ཉལ་རྗེས
བཀྲེས་སྐོམ་གྱི་ལག་པས
བླ་སྲོག་ལ་བཙའ་མ་ཆགས་པའི་ཁ་སང་ཞིག་ལ་བསྙབ་དགོས་ཐུག
པཱ་ལགས སྙིམ་པའི་ནང་བསྐྱིལ་པའིི་མུན་པར་གཏིང་ཞབས་ཡོད་དམ
༣
ཐ་མལ་སྣང་བའི་ནང་དུ་ཁྲག་གི་ལྟེང་ཀ་བརྡོལ
མི་ཡུལ་གྱི་གསང་ཚིག ནམ་མཁའ་དང་ལྷན་དུ་ཞུ་བར་གྱུར་ནས
དེའི་ཞུན་མ་ངག་མི་སྨྲ་བའི་གངས་རི་དཀར་པོའི་མིག་ཆུ་རུ་གྲུབ
༤
སྐད་ཆའི་རྡུལ སྐྲ་ལོའི་བླ་སྲོག
རླུང་གི་མཆེ་བར་དུ་བྱེ་ཟེགས་ལྟར་སག་སག་ཟགས
མེ་ལྕེའི་རླུང་ནང་ལས་རྟ་ཕོ་ཐལ་དཀར་འགའ་སྐར་མའི་གོ་ལར་ཞོགས
ནམ་མཁའ་ཕྱེད་ཀའི་ངོས་སུ་མྱོས་བུམ་སྣ་ཚོགས་འཁྲུངས
༥
ཕྱག་རྒྱ་འཆིང་བའི་མཛུབ་རྩེ་དག་ལས་ཉམས་ཉེས་ཀྱི་རི་མོ་རྒྱས
གཞན་གྱི་གྲིབ་མའི་ནང་དུ་མགོ་འཁོར་ནས་ཕ་ཡུལ་འབོར་མཁན་དེ
ཁྱོད་དང་འཁྲིས་ཀྱི་མི་རྣམས་ཡིན་པ་གཏིང་བརྗེད་དུ་གྱུར་འདུག
༦
སྒེའུ་ཁུང་ལས་མཐོང་བའི་གངས་རི
ཧ་ཅང་བརྟན་བརླིང་གི་སྒྲོས་ཀྱིས་འགྲེང་འདུག་ནའང
བཀྲག་མདངས་ཀྱི་རྩེ་ནས་ལྷུང་བའི་མིག་ཆུ ང་ཡི་སེམས་སུ་བཀག་འདུག
དེ་ནས་བཟུང ངའི་རྨི་ལམ་གྱི་གཞི་རུ་སེང་གེའི་གད་རྒྱངས
རྒྱ་ཡན་ཕྱོགས་མེད་དུ་ཤོར
༧
སྙིམ་པའི་ནང་བསྐྱིལ་བའི་མུན་པའི་འཇིངས་སུ
གདོད་མའི་སངས་རྒྱས་བཞུགས་སམ
ཉི་དྲེག་འགོས་པའི་ལོ་ཟླའི་ཆག་རོ་བུག་རོ་དག་གནས་སམ
མགྲིན་པའི་སྦུབས་སུ་འཕག་འཚག་རྒྱག་གིན་པའི་ཚིག་དང་ཡི་གེས
ན་ཟུག་དང་ཞེ་སྡང་གི་ནམ་མཁའ་འཁྲུག་འཁྲུག་སྒུལ
༨
སྙིམ་པའི་ནང་བསྐྱིལ་བའི་མུན་པ
སྒྱུ་མའི་སྐར་ཚོགས་དང་ལན་གཅིག་འདྲེས་པས
ཆགས་སྡང་གི་སྒྲ་སྣ་ཚོགས་ཐོན
༩
མྱ་ངམ་ཐང་གི་རླུང་བུས
སྐྱོ་གདུང་དང་འབྲེལ་བའི་དྲི་ལན་མཐའ་དག་ཉི་འོད་ཀྱི་རྒྱུད་སྐུད་སྟེང་དུ་བསྐྱོན
མི་སྡུག་པའི་སྔོན་ཆད་ཀྱི་དྲན་པ་བཙན་གྱིས་བརྗེད་དུ་བཅུག་ནའང
རྣམ་ཤེས་ཀྱི་སྐྱོ་གདུང་ཇེ་ཡང་ལ་སོང་མི་འདུག
ཡིད་ལ་འཁྱུད་པའི་ན་ཟུག་གི་སྨུག་པའང་ཇེ་སྲབ་ཏུ་སོང་མི་འདུག
༡༠
སྐབས་རེར་ཁྱོད་ཀྱིས་རང་ཉིད་ངོ་མི་ཤེས
རྨོངས་དྲེག་ཆགས་པའི་ཡུལ་གྲུ་འདི་རུ
སྒྱུ་མའི་རྨི་ལམ་རྨི་བཞིན ངོ་ཚ་མེད་པར་གཉིད་འདུག་པའི་དུས་སུ
དོན་སྙིང་ཆེ་བའི་དྲན་པ་ཁ་ཤས རླུང་དང་རྡུལ་གྱིས་ལྡག་ནས་ཚར་ལ་ཁད
ཡིན་ཡང གདོད་མའི་ནགས་ཚལ་ལྟ་བུའི་མེས་པོའི་དཔུང་ཚོགས
ངའི་སྙིང་གི་དཀྱིལ་འཁོར་དུ་བཞུགས་ཡོད།
2025.12.10རྫ་ཆུ་སྔོན་མོའི་འགྲམ་དུ་གྲུབ།

ཁམས་པ་རབ་དབྱངས། དངོས་མིང་ལ་ཀརྨ་ཚེས་བཅུ་རབ་དབྱངས་ཟེར། རྫ་སྟོད་རྫོང་གནམ་སྲས་སྡེ་བར་སྐྱེས། ཆུང་དུས་ནས་བསྙོ་ལོ་གནས་མདོ་དགོན་དུ་འབྲི་ཀློག་བྱས། དེ་རྗེས་ནང་བསྟན་རིག་གཞུང་སློབ་གཉེར་གྱི་ཞོར་ནས་སྙན་ངག་གསར་རྩོམ་ལ་འབད། 《མི་རིགས་ཀྱི་རྩོམ་རིག》《གངས་རྒྱན་མེ་ཏོག》《ཟླ་ཟེར》 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ། 》《གངས་དཀར་རི་བོ།》《ཁ་བཏགས་དཀར་པོ》《ཤྭ་སྐྱ》《རང་གྲོལ་དུས་དེབ》《རི་བོ་ཉི་ཟླ》《གསེར་གྱི་ལྷ་དར》《མངའ་རིས་རྩོམ་རིག》《ནང་རིག་འོད་སྣང》《བྱང་ཐང》སོགས་ལ་བཀོད། 2017ལོར་སྒེར་དེབ་ཐོག་མ《དབྱངས་ལྷས་མ》ཞེས་པ་པར་དུ་བསྐྲུན། གྲྭ་བཙུན་འགའ་དང་མཉམ་དུ་སྙན་དེབ་《རྩིགས་པ་》ཅེས་པ་པར་དུ་བསྐྲུན། གཞུང་ཕྱོགས་ཀྱི་དུས་དེབ་དང་ཚགས་པར་དྲྭ་བ་སོགས་ལ་བརྩམས་ཆོས་མི་ཉུང་བར་སྤེལ། ཡུལ་ཤུལ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། རྫ་སྟོད་རྫོང་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན། ད་ལྟ་ཁམས་ཀྱི་དགོན་ཆེན་དྲུག་གི་ཡ་གྱལ་རྒྱལ་བ་ཞེ་ཆེན་དགོན་དུ་ནང་བསྟན་རིག་གཞུང་ལ་སློབ་གཉེར་བྱེད་མུས་སུ་མཆིས།
ཡིད་དུ་རྒྱུ་བའི་རི་དྭགས་མ།
ཁམས་པ་རབ་དབྱངས།
མིག་ཟུང་གཡོ་བའི་རྣམ་པ་ལ། །
ཁྱེད་ནི་མཛེས་པའི་དཔལ་དང་ལྡན། །
ཟླ་བ་བཞིན་དུ་སྒོར་བའི་ཞལ། །
པད་མ་བཞིན་དུ་དམར་བའི་མདངས། །
ཡིད་ལ་དུད་པའི་འདབ་མ་ནི། །
ཁྱེད་ཀྱི་གདོང་ནས་རབ་ཏུ་འཚེར། །
བརྩེ་བའི་འདབ་མ་མ་རྙིང་པའི། །
ངག་ནས་གྲོལ་བའི་དབྱངས་རྟ་རེ། །
རྣ་ལ་ཐོས་པའི་གླིང་བུ་སྒྲ། །
སྙན་པ་དང་བཅས་ཡིད་གར་ཐོས། །
འཇོ་སྒེག་ལུས་ཟུང་རབ་ཏུ་ལྡེམ། །
རྟོག་པའི་ན་བུན་རེ་ཞིག་འཕྱུར། །
སྤྲིན་གྱི་མེ་ཏོག་བཏུས་པའི་ཤུལ། །
ཁྱེད་ནི་ངག་གི་སྐྱེས་སུ་གྲོལ། །
ཁྱེད་ནི་ཡིད་འོང་ཟོལ་གྱིས་སྤྲས། །
ངས་ནི་ཁྱེད་རང་རྣམ་འགྱུར་དག །
མེ་ལོང་ངོས་ནས་གཅིག་ཏུ་སྒོམ། །
ཡུན་རིང་སྒོམ་པའི་འཆར་སྣང་ལ། །
ཚིག་རྒྱན་དཀྲོལ་བའི་སིལ་སྒྲ་རེ། །
འཆར་སྣང་ངོས་ནས་སད་པར་གྱུར། །
ང་ཡི་མིག་ཟུང་གོར་གོར་ནང་། །
ཁྱེད་ཉིད་ཡིན་ནམ་སྙམ་པ་ཞིག །
གཏན་དུ་ང་ལ་མཐོང་ཙམ་བྱུང་། །
རྣམ་རྟོག་དྲ་བ་དྲ་ཕྱེད་ངོས། །
ཡིད་ཀྱི་གཙང་པོ་འཐུང་ཞོར་དུ། །
ལན་རེར་ང་ཡི་རྨི་ལམ་ནང་། །
སྙན་ངག་ནང་གི་གཟུཊ་བརྙན་བྲིས། །
ཚོར་བའི་ལྡེབས་རིས་འདི་དག་ལ། །
ཁྱེད་ཉིད་གཅིག་པུ་ལྷོད་ཀྱིས་ངང་། །
ང་ཡི་འཁོར་བའི་ཉེ་དྲུང་ནས། །
རྨི་ལམ་ནའང་ཁྱེད་ཉིད་རྨིས། །
ཉི་ནུབ་འདི་ནས་ཁྱེད་རང་འཁོར། །
ང་ཡི་མཐོང་སྣང་འདི་དག་ནས། །
ཁྱེད་རང་སེམས་བྱུང་གཅིག་དུ་འདྲིས། །
སྒྱུ་མའི་འཇིག་རྟེན་རབ་རིབ་འདི། །
མིག་ལམ་ཡང་ཡང་མངོན་པ་ན། །
གཟུཊ་ཀྱི་སྐྱེ་མཆེད་འདི་དག་ནི། །
སེམས་ཀྱི་ཡུལ་དུ་ཤོང་བའི་རྗེས། །
ལུས་སེམས་གཉིས་ཀ་ཁྱེད་ཀྱིས་ཁྲིད། །
སྨུག་སྤྲིན་གསེབ་ཀྱི་རི་དྭགས་བཞིན། །
ཁྱེད་ཉིད་རྒྱུ་བའི་རི་སུལ་ནས། །
ངས་ནི་རྐང་རྗེས་དེད་ནས་ཡོང་། །
ཡུད་ཙམ་འཕྲད་པའི་ཉམས་སྣང་རེ། །
རྣམ་ཀུན་ཡིད་ལ་འཆར་བ་ན། །
དྲན་པ་འགུག་པའི་ཞལ་རས་འདི། །
བདག་གི་སེམས་ཉིད་གཅིག་པུ་ལ། །
ཁྱེད་ཉིད་བག་ཡོད་གཅིག་ཏུ་མཐོང་། །
ཁྲེལ་བ་མི་མངོན་འཛུམ་པའི་ངང་། །
ཡིད་དུ་འོང་བའི་གཙང་པོ་བཞིན། །
ངས་ནི་ཁྱེད་རང་དྲན་ཤུལ་དུ། །
སྙན་ངག་འདི་དག་སྐྱེས་སུ་ཕུལ། །
2025.4.22.ཉིན་བརྩམས།

གདོན་ཁེར་ལངས། ཡུལ་ཤུལ་རྫ་སྟོད་རུ་བ། ༩༥རྗེས་ཀྱི་ན་གཞོན། བརྩམས་ཆོས་ཁ་ཤས《གངས་རྒྱན་མེ་ཏོག》 དང་《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང《རྔ་བའི་ཚགས་པར》《བོད་ལྗོངས་གཞིས་ཀ་རྩེའི་མི་དམངས་ཉིན་རེའི་ཚགས་པར》《བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཚན་རྩལ་ཚགས་པར》དང་《ནས་འབྲུ་སྔོན་མོ》《རྫ་ཆུ་ཟེགས་མ》དང《ཞག་སྒྲོན》《ཁམས་པའི་ཚགས་པར》བཅས་སུ་བཀོད་མྱོང་། གཞན་བག་ཅོལ་གྱིས་སྦྲིད་པའི་འདུ་ཤེས་རྙིང་པ་དེ་ཁད་གཡོ་ཇུས་ཀྱི་སྤྱི་ཚོགས་སུ་བྱིང་སྐབས། ཉམ་ཕྲའི་བདེན་ལུགས་ལ་འཆི་ཕོད་ཀྱི་དཔའ་གདེང་འཛིན་ཞིང་སྐྱོ་གར་གྱི་ཟེགས་མ་ཁུར་ནས“མི”ཞེས་པའི་ཐ་སྙད་ཅིག་ཏུ་ཞིབ་འཚོལ་བྱ་བའི་ལོགས་གནས་རིང་ལུགས་པ་ཞིག་གོ།
གས་སྲུབས་བར་གྱི་ནམ་མཁའ།
གདོན་ཁེར་ལངས།
འཁྱགས་རོམ་གྱིས་བཅོམ་པའི་ས་ཆེན་གྱི་སྟོང་ཀྱོག་ལས།
འཁྲུལ་སྣང་གི་ནམ་མཁའ་སྒྲེན་མོ་ཁེར་རྐྱང་དུ་ལུས།
མཐའ་འཁོབ་ཀྱི་དུར་ས་ནི་དུས་རབས་སྔོན་མའི་གྱང་ཆག་ཅིག་ལྟར།
བྱ་གླག་གིས་མིག་བསྐྱེལ་གཏོང་བའི་རེ་འདུན་ཡང་མོག་པོར་གྱུར།
སྤྲིན་པ་དང་སྐར་ཚོགས་དབེན་པའི་ནམ་མཁའ་ནི་སྟོང་བ་ཉིད་དེ།
མུན་པས་བཞེངས་པའི་བར་སྣང་དེར་དཀྱེལ་ཡངས་དང་གུ་དོག་གིས་འཛིང་མོ་བྱེད།
སྡུག་བསྔལ་གྱི་ཁང་བརྩེགས་སུ་ན་བུན་གྱི་གཤོག་པ་ཐོགས་སྒང་།
སྙིམ་པར་བཞག་པའི་དད་འདུན་གྱི་རང་དབང་ཁོ་ན་དྲན་པས་མནར།
སྐྱོ་གདུང་གི་རྡོ་བ་དག་དུས་ཚོད་ཀྱི་རླུང་ལ་སྐུར་ཤུལ་དུ།
བརྟན་ཚུགས་པའི་རྨི་ལམ་གྱི་ཁང་ཁྱིམ་དུ་བསོད་ནམས་བསགས་ཀྱང་།
གས་སྲུབས་བར་གྱི་ནམ་མཁའ།
ཡུལ་མི་ཚོའི་བསམ་བློའི་ཆུ་ཚད་ལྟར་ཕྲ་ཞིང་དོག
མུན་པས་ཟོས་པའི་ཨ་སྟོང་གི་འོ་དོད་ན་རེ།
“བཀྲག་མདངས་འཚེར་བའི་འོད་སྣང་ལ་སྨོན་པའི་རྣམ་ཤེས་དག
ཙག་གཟེར་གྱི་གཟེབ་ནང་དུ་བཙུད་ཀྱང་དཔའ་མ་ཞུམ།
བློས་སུ་བཏང་པ་ཡོད་ཚད་དཔའ་ངར་གྱི་རྣོ་ལྕགས་གྲུབ་བྱེད་ཀྱི་བློ་སྦྱོང་ཡིན།”
ཚེ་གཅིག་ལ་མཛེས་སྡུག་གི་བསླུ་བྲིད་ཐེབས་གྲངས་མང་བའི་ཡིད་བརྙན་ངུས།
“དུད་དྲེག་འབྱར་བའི་ནམ་མཁའི་ཡང་སྟེང་ན།
རྨོངས་པས་བསྐྲུན་པའི་དཀོན་མཆོག་ལས་ཅི་ཡང་མ་མཐོང་། ”
རྒྱུ་འབྲས་ཀྱི་བློ་མིག་རྩྭ་མགོའི་ཟིལ་པ་ལྟར་གཡོ་ཙ་ན།
ལྷགས་རླུང་གི་ཕྲན་པ་གྱེས་གདུང་གི་གྲིབ་མ་ལ་སྐྱེས།
མགོ་ཐོག་ནས་འཕུར་བའི་ཆོ་འཕྲུལ་གྱི་ཁྱུང་ཆེན་དྲན་པའི་ཁོང་གསེང་ན་ཡིབ།
འཇིག་རྟེན་འཇིག་རྟེན་དུ་མ་ངེས་པའི་མིག་ཟུང་དེ་ཉིད་གཟའ་ཡིས་སྒྲིབས་ཉིན།
གས་སྲུབས་བར་གྱི་ནམ་མཁའ་ནི།
ཞེན་ཆགས་མཚོན་བྱེད་ཀྱི་ཐ་སྙད་ཅིག་དང་།
སྙིང་ཕུར་རྡེབས་སྤྱད་ཀྱི་དངོས་ཡོད་ཅིག་ཡིན།
སེམས་ཀྱི་དགུ་ཚིགས་ཉིལ་ཤུལ་དུ།
སྙན་ངག་གི་ཞིང་ཁམས་སུ་འཕྱོ་ཞིང་རྒྱུག་པ་དེ་དག
མུན་པའི་གྲིབ་མ་དང་ནུབ་ཁའི་རྒྱབ་གཟུགས།
མཚམས་སྤྲིན་གྱི་འོག་ཏུ་འཆར་ཡན་ངང་འཆམ་འཆམ་དུ་རེ་བའི།
བཅོས་མའི་བརྩེ་དུང་གི་འོབས་སུ་ལྷུང་བའི་གཞོན་སྐྱེས་ཀྱི་སྣང་བ་ཙམ།
ས་སྲོས་སུ་ཤར་བའི་ཆར་རྗེས་ཀྱི་འཇའ་ཚོན།
ཡང་ན། སྟོང་བསམ་གྱི་ཀློང་དུ་འཚོས་པའི་ཁེར་རྐྱང་དང་།
ལྷིང་འཇགས་ཀྱི་སྐྱོ་གར་ལས་བཙིར་བའི་བརྩེ་དུང་གི་སྙན་ངག་ཅིག་གོ

ང་ནི་རྩྭ་ཐང་གི་ཁུག་སོ་ནས་ནོར་ལུག་གི་འབའ་ངུར་ཁྲོད་དུ་ནར་སོན་པའི་འབྲོག་ཕྲུག་དཀྱུས་མ་ཞིག་ཡིན། "ན་བ་འཁོར་ལོ་མ" ཞེས་པའི་ས་ཆ་ཞིག་ཏུ་ཐོག་མའི་ལྟེ་ཁྲག་འཕོས་ཤིང་མི་ཚེའི་ཆེས་ཐོག་མའི་ངུ་ངག་ཀྱང་གནས་དེ་ནས་གྲགས། ཕ་ལགས་ཀྱིས་ང་ལ"འཕྲིན་ལས་རྡོ་རྗེ" ཞེས་པའི་མིང་ཞིག་བཏགས། ཕྱིས་སུ་རང་གིས་རང་ལ"རྫ་སྲིབ་གླག་ནག" ཅེས་མིང་ཞིག་བཏགས། མཛེས་སྡུག་གི་བསླུ་བྲིད་ཀྱི་རྐྱེན་པས་བློ་ཁ་སྙན་ངག་གི་ཕྱོགས་སུ་ཤོར་ཞིང་ད་དབར་དུ་སྙན་ངག་ཡིན་ཁུལ་གྱི་རྩོམ་ཡིག་བརྒྱ་དང་བདུན་ཅུ་ལྷག་བྲིས་ཏེ་ཕོ་ལོ་ཉི་ཤུའི་སྒོ་ཐེམ་བརྒལ་རྗེས《གླག》ཅེས་པའི་སྙན་ངག་ཡིན་ཁུལ་གྱི་དེབ་ཆག་ཅིག་དཔར་དུ་བཏབ། ད་ལྟ་ང་རང་ཕ་ཡུལ་དུ་བྱིས་པ་ཁག་ཅིག་ལ་བོད་ཡིག་འཁྲིད་མདོག་བྱེད་བཞིན་སྡིག་པ་གསོག་གིན་ཡོད། ཞོར་དུ་ཁ་གསལ་གོ་བདེ་ཡི་སྙན་ངག་རེ་འབྲི་བར་འབད་བཞིན་མཆིས།--རྫ་སྲིབ་གླག་ནག་གིས་ཕུལ།
ངས་ཕ་ཡུལ་གྱི་དུར་ཁྲོད་དྲན།
རྫ་སྲིབ་གླག་ནག
༡
སྐྲ་ལོའི་རྩེ་ཡི་ཉི་ནུབ་དང་གསང་བ།
རྣམ་ཤེས་ཀྱི་གཤོག་ཟུང་སྟེང་དུ་མཆེད་པའི་མེ་སྟག
ཁྲག་གི་ཁུ་ཞག་འཁྱིལ་བའི་ངོ་གདོང་།
ལབ་གླེང་བར་ནས་ཐལ་བའི་དགའ་བ་དང་བདེ་སྐྱིད།
ཟངས་ཁོངས་སྟོད་ནས་འཕྱུར་བའི་སྐྱོ་ངལ་དང་བློ་འགྱོད།
ཕྱིར་དྲན་གྱི་ནགས་ཀླུང་དུ་ཆགས་པའི་བ་མོ།
ཡོད་ཚད་དུས་ཚོད་ཀྱི་གཟར་བུས་བཅུས།
༢
སེམས་པའི་ཕྱི་ནང་དུ་རླུང་བུ་ལྡིང་གིན།
རི་མགོའི་དར་ལྕོག་ལྷབ་ལྷུབ་ཏུ་སྐྱོད།
བྱ་ཁྱུ་ཚོ་རེ་ཚོ་ རེ་བསྟར་ཏེ་ཡ་ཀིའི་སྤང་ཁུག་ཏུ་འཕུར།
བྱ་རྒོད་ཁ་ཤས་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག
ཉི་མའི་འོད་ཟེགས་བདག་གི་ཕྲག་སྟེང་དུ་ལྷོད་ཀྱིས་ཟགས།
མ་ཐོས་ཡུན་རིང་འགོར་བའི་སྐྱོ་གཞས་ཤིག
བདག་གི་རྣ་ལམ་དུ་དལ་གྱིས་ལྷུང་།
༣
ཁང་ཆུང་འཁྱག་པ་ཞིག་གི་ནང་དུ།
ལྷམ་ཨང༣༧ཅན་གྱི་རྗེས་ཤུལ་འགའ་ཞིག་མཆིས།
སྣུམ་ཟད་ལ་ཉེ་བའི་མར་མེའི་མེ་ལྕེ་འགུལ།
རྐོང་བུའི་ཁ་རུ་ཐལ་རྡུལ་ཆགས།
གྲང་ཤུར་ཤུར་གྱི་ལག་པ་ཞིག
སྒེའུ་ཁུང་ལས་ཕྱི་རུ་བསྲིངས།
༤
ཆུ་འགྲམ་གྱི་བྲག་ཐོག་ཏུ་བདག་གི་མིང་ཡིག་བརྐོས།
ཐིགས་ཕྲེང་དགུ་ཙམ་ལོན་པའི་ཐོག་ཏུ།
མཐོང་མ་མྱོང་བའི་ཡིག་འབྲུ་དམར་དམར།
ཆ་མེད་ཀྱི་ཡུལ་གྲུ་ཞིག་ནས་བསྐུར་འོངས་པའི།
ཉེན་བརྡའི“འཕྲིན་ཐུང”དང་མཚུངས།
༥
ཐག་པ་ནག་ནག་ཅིག མིག་འཁྲུལ་བཞིན།
མལ་ཁྲིའི་འགྲམ་དུ་དུག་སྦྲུལ་འཁྱུག་འཁྱུག
བྲེད་ཤ་ལངས་པའི་མིག་ཟུང་དེར་ཅེར་ཞིང་ཧད་དེ་ལུས།
རང་དབང་མེད་པར་ཐོམ་ཡོར་གྱི་མགོ་བོ་བྲང་དུ་སྨད།
གློ་རྡེག་ལ་ངས་ཕ་ཡུལ་གྱི་དུར་ཁྲོད་དྲན།
༦
ཡང་བསྐྱར་དུར་ཁྲོད་དུ་རོ་བརྩིས་བགྲང་ན་སྙམ།
དུར་ཁྲོད་ཀྱི་རྩྭ་འཇམ་ལག་པས་རེག་ན་བསམ།
དུར་ཁྲོད་དུ་གན་ཀྱལ་དུ་ཉལ་ཏེ།
མུན་པའི་འོབས་ཀྱི་རུས་ཆག་དམྱུག་ན་འདོད།

གངས་སྤྲིན་མེ་ཏོག མིང་ལ་ཡེ་ཤེས་ལྷ་མོ་ཟེར། ༢༠༠༢ལོར་ཡུལ་ཤུལ་རྫ་སྟོད་ཀྱི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། ད་ལྟ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་འགྲིམ་བཞིན་ཡོད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་སོགས་སུ་སྙན་ངག་རེ་གཉིས་སྤེལ་མྱོང་།
ལམ།
གངས་སྤྲིན་མེ་ཏོག
ལམ་དེ་ནས་ངས་བྱིས་དུས་ཀྱི་ཕུགས་བསམ་སེམས་ལ་འཆང་སྟེ་སོང་བ་གྲངས་ལས་འདས
ལམ་དེ་ནས་ངས་ཨ་ཕ་དང་ལག་རྡང་སྦྲེལ་ནས་སོང་བ་ཤིན་ཏུ་མང
ལམ་དེ་ལས་ངས་རྨི་ལམ་གྱི་འདབས་གཤོག་བརྐྱངས
ལམ་དེ་ལས་ངས་དཔེ་ཁུག་ཆུང་ཆུང་རྒྱབ་ལ་ཁུར་ནས་དབྱངས་གསལ་གྱི་ངོ་གདོང་འཚོས
ལམ་འདི་ནས་ངས་ཨ་མ་ལ་ཕྱི་མིག་བྱེད་བཞིན་རྒྱང་འགྲིམས་བྱས
ལམ་དེ ངའི་བྱིས་དུས་ཡིན་ལ་རྨི་ལམ་ཡང་ཡིན
ལམ་དེ ངའི་མིག་ཆུ་ཡིན་ལ་དགོད་སྒྲའང་ཡིན
ལམ་དེ ངའི་བརྩེ་དུང་གི་དར་དཀར་ཡུག་གཅིག་ཅིས་ཀྱང་ཡིན
2025/3/29 ཟི་ལིང་ནས།
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།

