མགོ་ལོག་གི་གཞོན་སྐྱེས་སྙན་ངག་པ་བཅུ་གསུམ་གྱི་སྙན་ངག་བདམས་བཀོད།

དུར་བྱང་སོགས། 琼迈文学网 2026-02-08

དུར་བྱང་། དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བར་མགོ་ལོག་པདྨ་རྫོང་གི་འབྲོག་མོ་ཞིག་གི་བུ་རུ་སྐྱེས།  ༢༠༡༦ ལོ་ནས་བཟུང་རྩོམ་རིག་ལ་དགའ་མཁན་ཞིག་ཏུ་གྱུར་ནས་ད་ལྟའི་བར་དེའི་ཕྱོགས་སུ་སྦྱང་བ་བྱས། ཕོ་ལོ་ཉེར་བདུན་ལ་བུད་ན་ཡང་ངོམ་རི་བའི་བྱས་པ་ཅི་ཡང་མེད། ང་ལ་མཚོན་ན། སྙན་ངག་ནི་བྱིས་དུས་ལྟ་བུའི་དྭངས་གཙང་ཞིག་རེད། ཡང་ན་སྙན་ངག་ནི་དུས་ཚོད་ཀྱི་གཙང་བོའི་ཕ་མཐར་བསྲིངས་པའི་ནང་སེམས་ཀྱི་སྐུད་པ་ཞིག་རེད། 
               
                   རྨི་ལམ་མང་པོའི་ཕ་རོལ། 
          
                                                                                                           --བརྩེ་བའི་ཨ་མ་ལགས་ལ་ཕུལ།

ཚེ་སྲོག་ཀློང་གི་དྲག་ཆར            
ཡོངས་སུ་འཇགས་རྗེས
མིག་ཟུང་དུ་འཇའ་ཤར

སྐྱེ་བ་གཅིག་ལ་བསྲུངས་པའི་བྱམས་བརྩེའི་མཚེའུ
ང་ཚོའི་ན་ཚོད་ཀྱི་སྨུག་པའི་ནང་དུ་ལྷུང
ནམ་ཞིག  ཚེ་སྲོག་གི་བཟོས་པའི
ཁྱེད་ནི་ཚང་མལ་ལས་བུད་སོང་ན

སྐྱེ་བ་ཕྲག་བརྒྱའི་ཀློང་དུ་མི་ཞུ་བའི
སྲིད་པའི་གངས་རྒན་དུ་སྒོམ་ཆོག
བླ་སྲོག་ནི་ཁུར་མོང་ཞིག་དང་འདྲ་བར
རླུང་གི་དུས་རབས་ནང་དུ་འཕྱོ

ཚེ་འདིའི་རྨི་ལམ་ལས་བརྒལ་རྗེས
ང་ནི་མི་ཞིག་གི་མིག་ཆུའི་གཙང་བོའི་ནང་དུ་བསྐམས་སོང

ཁྱེད་ནི་ང་ནི་ལག་མགོར་འཇུས་ཚེ
འཇའ་ཚོན་ནང་གི་བྱིས་དུས
ང་ཡི་ལག་མགོར་དཔྱངས་ཡོང
                 
མི་རྟག་པའི་རླུང་བུ།
                                         
ང་ཡི་རྣམ་ཤེས་ནགས་ཚལ་ཞིག་ནས་འཁྱམས་སོང
འཁྱམ་པའི་མཐའ་རུ་ཚེ་སྲོག་གི་ཕ་མཐར་སླེབས

བརྗེད་ངེས་ཀྱི་གྲུབ་པའི་དུས་ཚོད་ནང
རང་ཡུལ་ཏུ་ལྡོག་པའི་ལམ་ཡང་རྙེད་དཀའ་སྙམ

དུག་སྦྲུལ་འཕྲལ་མར་འཁྱིལ་བ་ནང་བཞིན
ང་རང་སྐྱོ་གདུང་ནང་དུ་འཁྱིལ་དགོས་བྱུང

གླ་སྒང་མེ་ཏོག་སྟེང་དུ་སྙིང་ཉེ་བའི་ཟིལ་བ་ཆགས་ནའང
ཡི་མུག་པའི་ནང་སེམས་སུ་རེ་བའི་ཉི་ཟེར་འཕོག་པ་ཤིན་ཏུ་དཀའ

ལོ་ན་ཕྲ་བའི་ཁྱོད་རང
སྙན་ངག་ཅིག་གི་འཁྲུལ་སྣང་གིས་བཟི་སྟེ
ཟུངས་ཁྲག་ཏུ་གངས་རི་ལྟ་བུའི་སྐྱེ་བ་ཕྱི་མ་ཞིག་གི་ཞེན་ཆགས་ལྷག

མེ་ལོང་སྟོང་པ་ཞིག་ཏུ་མེ་ཏོག་འཐོར་བའི་སྒྲ་མཆེད
རུམ་ནང་གི་ཟླ་བ་ཁེར་རྐྱང་གི་དམངས་གླུའི་ནང་གི་ཕ་ཡུལ

སད་ཁ་མའི་རྨི་ལམ་ནང་གི་སྐྱོ་གར་གྱི་ཆག་འཇིག
སྐྱོ་གདུང་ཀློང་ནས་འཕྲད་ཡོང་བ་འདི་དག
མི་མེད་པའི་ཁ་སྟོང་ཅིག་དང་འདྲ་བོ་འདུག

དངོས་མིང་ལ་བསྟན་པའི་ཟེར། སྙུག་མིང་བས་མཐའ་བ་རུ་འབོད། སྦྲའི་ཁ་ཚུབ་ནང་ནས་སྐར་མའི་གྲངས་བརྩི་བར་གོམས་པའི་དུས་རབས་ཤིག་ཏུ་བཙས། ཡུལ་ནི་དབང་ཆེན་འབོས་པ་ཚོ་བར་གཏོགས། མཐོ་འབྲིང་ཙམ་ལ་སློབ་གྲྭར་ཞུགས། ཕྱིས་སུ་དུག་རླངས་འགམ་གྱིན་པའི་གྲོང་ཁྱེར་གྱི་འཚོ་བ་མ་ལོབས་པར་རྩྭ་ཐང་གི་པང་དུ་ལོག 2024ལོར་སྙན་དེབ་ཐོག་མ《རླུང་ནང་གི་མེ》པར་བསྐྲུན་བགྱིས། ད་ལྟ་རང་ལ་དབང་བའི་འཚོ་བ་སྟབས་བདེ་ཞིག་རོལ་གྱིན་གདའོ།།

གཙུག་ལག་ཁང་དང་སྒྲ་ཡི་སྐྱེ་མཆེད་སྣ་ཚོགས།

ཏག་ཏག་ཕྱི་དྲོ་ཞིག་ཏུ
བས་མཐའི་སྒྲ་ཡི་སྐྱེ་མཆེད་དག
གཙུག་ལག་ཁང་གི་སྒོ་ཁར་དངས

འགྲོ་ཤེས་པའི་གྲིབ་མ
བགྲེས་པོ་ཞིག་གི་གོམ་པའི་ཐྲིག་སྒྲ་དང་ཁ་གྱེས

སླར་ཡང་ཐོས་པའི་སྒྲ་དེའང
ད་ཆ་ལྷ་སའི་མཁའ་དབུགས་དང་བསྡེབས་ནས་རྔུབ་པར་བརྩམ
 
རྗེ་མི་ལ་དང་མཛེས་སེ།
         
སྤྲིན་ཡུག་གཅིག
མང་ཡུལ་གུང་ཐང་ཕྱོགས་སུ་རྒྱུ

ཡབ་དང་ཡུམ་གྱི་བཀོད་པ
ཆུ་མིག་ཅིག་དཀྲོགས་པའི་གོ་རིམ་ནང་ན

དུས་ཚོད་ཀྱི་སྐྱེ་འཆིའི་བར་ན
རྗེ་མི་ལ་དང་མཛེས་སེ
གཉིད་དུ་ཡུར་བའི་ཁྱོད་ཀྱིས་སྔུན་ཏག་ཏག་ནས་བརྒལ

ཧྲེང་བུ།  མིང་གཞན་ལ་བསྟན་འཛིན་སྣང་གྲོལ་སོགས་འབོད།  90གཞུག་ཏུ་སྐོ་ཆེན་ཞེས་པའི་མགོ་ལོག་གཅིག་སྒྲིལ་གྱི་འབྲོག་སྡེ་ཞིག་ནས་སྐྱེས།  བན་དེ་འཁྱམ་པོ་ཞིག་ཡིན།  2025ལོར་སྙན་དེབ་ཐོག་མ《མཚེར་སའི་སྲང་ལམ་བརྒྱུད་དུས》ཞེས་པ་སྒོར་བཏོན།  
                 
 རང་ཁྱིམ།

རྒྱང་རིང་ནས་སླེབས་དུས
རྟག་ཏུ་མཚན་མོར་ཁེལ་སོང
གཉེན་ཉེ་རྣམས་ཁང་གསར་ནང་གཉིད་འདུག
རྒྱང་རིང་ནས་སླེབས་དུས
ཨ་ཐང་ཆད་དྲགས་ཏེ
བརླ་སྒང་དང་སྐེ་ཚིགས་གཟེར
ལག་སྒྲོན་ནི་གང་ཞིག་ནས་བོར་བ་འདྲ
རྒྱང་རིང་ནས་སླེབས་དུས
ཁ་པར་ལ་གློག་ཚར་འདུག
མུན་ནག་ཁྲོད་རྡོག་ཁྲེས་གློང་བའམ
ལུས་ཧྲིལ་བོར་མྱངས་མཐར
ལྡེ་མིག་རྙིང་གོག་ཅིག་རྙེད་ཡོང
ཆུ་གྲང་མོ་ཞིག་གདོང་ལ་བྱོ་བ་ནང་བཞིན
སྒོ་དེའང་གཞི་ནས་ཕྱེ་བྱུང
ཨ་ཕ་མེད་ལ་ཨ་མའང་མི་འདུག
ལྭ་སྣེ་གང་ཞིག་ལ་ཐོགས་པ་ནི
དངོས་པོ་གསར་བ་ཞིག་ཡིན་ནམ
འདས་སོང་གི་ཕྱོགས་སུ
ལག་པ་བསྲིངས་པས
མལ་ཁྲི་ཞིག་ལ་རེག་བྱུང
དེའི་རྗེས་ཀྱི
མངོན་སུམ་དང་རྨི་ལམ་བར་ནས
བདག་ནི་ཕག་པ་ཞིག་ལྟར་གཉིད་སོང
ཕྱི་ཉིན་གྱི་ཉིན་གུང་བར་དུ
          
ཧི་མ་ལའི་རི་རྒྱུད།
 
ས་ཆ་མང་པོ་ཞིག་ལ་སོང་བ་དང
རི་བོ་རྣམས་དཔའ་ངར་ཆེན་པོས་འགྱིང་འདུག
ཁྱིམ་ཚང་གང་ཞིག་གིས་དུ་བ་བྱེད་པ་མི་མཐོང་ནའང
གྲེ་བ་དྭངས་ཤིང་གསལ་བའི
གྲོང་གསེབ་ཀྱི་བྱིས་པ་ཞིག་གིས
བོད་སྐད་བཤད་པ་ཐོས་ཡོང་བས
ང་རང་ཡིད་འགུལ་ཐེབས་སོང
 
ཉིན་གསུམ་གྱིས  ལག་དངུལ་རྫོགས་སྲིད་ལ
འགྲིམ་འགྲུལ་དཔང་འཁྱེར་མེད་པས
ང་ལ་ཉེས་ཆད་ཕོག་སྲིད་ནའང
རྒྱབ་ཁུག་ནང་དུ《གཟི་མིག་དགུ་བ》དང
《རྒོད་སྐྱེས》ལྟ་བུའི་སྙན་དེབ་ཡོད་ལ
དོ་ནུབ  རི་བོ་ཞིག་ལྟར་སྒེའུ་འགྲམ་དུ་ཀྲོང་ངེར་ལངས་ཏེ
དབྱངས་གསལ་གྱི་སྙན་ངག་གྱེར་ཆོག་པས
ང་རང་ཧ་རང་དགའ
 
“ཧི་མ་ལ་ཡ”ཟེར་བའི་མགྲོན་ཁང་ཞིག་མ་རྙེད་བར་དུ
ངེས་པར་བཙལ་ནས་འགྲོ་དགོས
དེ་ནས  ལུས་སེམས་ལྷོད་ལ་བབས་ཏེ
ཐག་རིང་གི་རི་ཁ་ན་ལུག་ཁྱུ་འཚོ་བའི
སྤུན་ཆུང་ལ་འཕྲིན་ཡིག་འབྲི་དགོས
ཁོའི་མགོ་སྦྲ་ལས་མཆེད་པའི་དུ་ཞག་དཀར་པོ
དགུ་ཚིགས་ལ་འདྲེས་བཞིན་ཡོད་དམ

ཐ་སྐར། མགོ་ལོག་པདྨའི་མི་ཡིན། སྙན་ངག་ཐར་ཐོར་རེ་སྦྲང་ཆར་དང་གངས་རྒྱན་མེ་ཏོག་སོགས་སུ་བཀོད་ཡོད། ད་ལྟ་གྲོང་ཁྱེར་དུ་བོད་ཡིག་ལས་སྒྲུབ་ཁང་ག་གེ་མོ་རུ་ལས་ཀ་གཉེར་གྱི་ཡོད། 

སེམས་ཉིད། 

སྣང་བའི་ཨ་ཆེན་གངས་རྒྱབ་འདི
ཁྱོད་རང་རྒྱུགས་ཤར་གློད་ས
གང་ཞིག་ལ་སྦེད་འདུག་པ་འདྲ་བས
ཡས་འཚོལ་མས་འཚོལ་བྱས་ཀྱང
རྙེད་ཐབས་མ་བྱུང
འགྲུལ་བཞུད་ཀྱིས་བསླུས་པའི་ཁྱོད་ཉིད
ཡུལ་ཞེས་ལོག་ས་ཞིག་མེད་པ་བཞིན
ཀུན་ལ་འགྲེལ་བཤད་རྒྱག་ཞོར་ཕེབས་རྐྱང་ཡིན་འདུག
               
 ནོར་བུ་གླིང་ག

ཁང་སྟོང་དག་གི་ཕྱི་ནང་དུ
ཉི་མ་མ་ནུབ་གོང་ནས་གྲང་བས་ཕུད་རྒྱག་བྱེད་པ་འདི་ཅི

ཧ་ཅང་རྒྱུས་ཡོད་འདྲ་བའི་ཡུལ་ལྗོངས
མདངས་ཤོར་བའི་སྡུག་བསྔལ་གྱིས་མནར

ཁྱོད་རང་མ་འོངས་པའི་ས་ནས་ལོག་གིན་པའི་ཉམས་སྣང་ཞིག་གིས
ངས་སང་ཉིན་ཁོ་ན་སྔ་འབྱོར་བྱས་ན་སྙམ

དབུགས་བསྡམས་པའི་ང་ཡི་མཇལ་བ་བརྒྱ་སྟོང
ཐེག་དགོས་པའི་ཡི་མུག་ཁྲོད་ངག་མི་སྨྲ་བར་སྒོར་ཐོན

མདེལ། མགོ་ལོག་པདྨའི་མི། ད་ལྟ་དཔེ་ཀློག་ལྟར་སྣང་ཙམ་དང་ཁ་མ་འབྲལ་བར་ཡུལ་ངེས་མེད་དུ་ཉུལ་ཞིང་རྩོམ་ཡིག་ཐོ་རེ་ལོང་ངེ་བ་རེ་འབྲི་བཞིན་ཡོད། སྔ་རྗེས་སུ་གཞུང་སྒེར་གྱི་དེབ་བཅུ་ཕྲག་ལྷག་ཅིག་གི་སྟེང་དུ་བརྩམས་ཆོས་སྤེལ་མྱོང་། མུ་མཐུད་དུ་ཡིག་འབྲི་བ་ཞིག་གི་མངའ་ཐང་དང་ང་རྒྱལ་སྲུང་ནས་མགོ་བོ་མཐོན་པོར་དགྱེ་འདོད།
                 
 དོན་རྐྱེན།

ལག་པ་ནག་པོ་དེ
ཕུ་ཐུང་ནང་ནས་བརྐྱངས་ཙམ་བསྐུམས་ཙམ་བྱས

ལག་པ་ནག་པོ་དེ
དབང་རྩའི་སྦུབས་སུ་རྒྱུ་ཙམ་བསྡད་ཙམ་བྱས

ལག་པ་ནག་པོ་དེ
མཚན་མོ་འོད་དང་འགྲོགས་ནས་ཐོན
ཉིན་མོ་མུན་པ་དང་འགྲོགས་ནས་ཐོན

ལག་པ་ནག་པོ་དེ
རྒྱལ་མཚམས་མེད་པའི་རླུང་གི་གྲི་ཆུང་ཞིག
ཁོས་རྒྱུ་མཚན་མེད་པར་སུ་ལའང་རྣོ་སོ་མི་སྐོར་བས
འཚོ་བའི་ཕྱེད་ཀ་ནི
བརྗོད་མི་བཏུབ་པའི་ཤོག་དྲིལ་ཕོན་པོ་ཞིག་དང་འདྲ་བར
ནམ་ཡང་གསང་སྟབས་ཁོ་ནས་འོང་གིན་ཡོད
                          
མིང་མེད།

རྩད་པ་གཅིག་ལ་ཡལ་ག་བརྒྱ་སྟོང་ཐོགས་པའི་སེམས་པ་འདི
ཕྱི་རིམ་ནང་རིམ་མང་བའི་ཙོང་རིལ་ཞིག་རེད

སྒོག་ཤུན་རེ་རེ་བཞིན་བཀོག་ཅིང
ནང་སྙིང་སྟོང་པར་ཕྱོགས་པའི་གོ་རིམ་ལས
ད་གཟོད་མཛེས་སྡུག་ཅིག་མཐོང་ཐུབ

དྲི་མས་ཚོར་བའི་སྒོ་ཡོངས་སུ་ཕྱེ་ཞིང
མིག་ཆུས་དབང་ཤེས་གཞན་ལ་ཕབས་རྩི་བྱུག
མི་ཁྱད་པར་བ་ཞིག་གིས་འདི་ཁོ་ན་ཉམས་སུ་མྱང

ཁྱོད་ནི་ང་དང་འདྲ་བར་ཤུན་པ་ཕྱི་གཏུབ་ཀྱི་ཁྲོད
རང་གི་ཆ་ཤས་ཆེ་ཆུང་དུ་མ་བོར་ནས
རྐྱ་འཐབ་པའི་འཇིག་རྟེན་ཞིག་ལ་ཕྱོགས་ཡོད་ཤས་ཆེ

ཁྱོད་ནི་ང་དང་འདྲ་བར་མཇུག་འབྲས་ལྟར་སྣང་ལ་ཞེན་ནས
རྨི་ལམ་རྫོགས་མེད་ཅིག་གི་ཁ་ཕྱེ་ཡོད་ཤས་ཆེ

ལན་བུ། ལོ་རབས་དགུ་བཅུ་བའི་སྨད་ལ་མགོ་ལོག་རྨ་སྟོད་དུ་སྐྱེས། ༢༠༢༥ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་རབ་འབྱམས་ཞིབ་འཇུག་གི་བསླབ་གནས་སློབ་མཐར་ཕྱིན།《འཚོ་བའི་བར་གསེང་ནས་ཨ་མ་དྲན་པ》དང《འཕྱོངས་རྒྱས་ཟླ་བ་སྒྲོལ་མ》སོགས་བྲིས་རྩོམ་རེ་འགའ། སྔ་ཕྱིར་དུས་དེབ་སོགས་སུ་སྤེལ་མྱོང་། ཚོར་བའི་ཐ་སྙད་རེ་རེ་ཁོ་མོའི་ཁེར་རྐྱང་གི་དྲན་པ་གསོ་བྱེད་ཡིན།
 
                  བུ་མོ། སྙིང་ཉེ་ཉེ་བྱོས་དང་།
                                 
སྐྱེ་འཆིའི་ཟློས་གར་གྱི་འཚུབ་མ་རེ་རེ་ནི
འཇིག་རྟེན་ཆ་མེད་དུ་གྱུར་བའི་གསལ་འདེབས་ཐེངས་ཤིག་རེད
ལས་ཀྱི་མེ་ཏོག་གི་འདབ་ལོ་གཉོམ་པོ་མི་རྙིད་པར
སེམས་དང་སེམས་པའི་ཁ་ཐག་ཉེ་བར་ཤོག

བུ་མོས་སྐྱོ་ཡུས་ཀྱི་མིག་ཆུ་གཏོང་བ་ནི
དྲན་གདུང་ལ་གས་ཆག་མི་ཤོར་བའི་སྨོན་ལམ་ལན་གཅིག་ཡིན
རེ་སྒུག་གི་དྲན་པ་གཉོར་བའི་ལོ་ཟླ་ནི
ལག་པ་ལག་པར་འཇུས་པའི་དམ་ཚིག་ཐེངས་ཤིག་ཡིན

ལོ་ཟླའི་ཕྱིར་མིག་གཉོམ་པོ་འདི
ཁྲེལ་གཞུང་གི་ཕྱི་ཐག་བརྟན་པའི་ཁ་དན་ཡིན
དྲན་པའི་ཁྲོད་ཀྱི་སློག་པ་གོན་པའི་འབྲོག་མོ་དེ
རྩྭ་ཐང་གི་ལ་གཞས་ཤིག་གི་བརྗོད་བྱ་ཡིན
བུ་མོ། སྙིང་ཉེ་ཉེ་བྱོས་དང

མེ་ཏོག་གི་ཞྭ་མོ་བསླེ་ཆོག་པའི་དུས་ཚིགས་འདིར
ཁུ་བྱུག་གི་གྲེ་འགྱུར་ཐོས་པའི་དབྱར་གཞུང་འདིར
བུ་མོ། སྙིང་ཉེ་ཉེ་བྱོས་དང
ཡིད་འོང་གི་ལོ་ཟླ་འདི
ཚེ་རབས་ཀྱི་བསོད་ནམས་ཡིན

འུར་ཟིང་གི་གྲོང་ཁྱེར་དང་བྲལ་རྗེས
ལྷིང་འཇགས་ཀྱི་འབྲོག་ཐང་ནས
ལྷིང་འཇགས་ནས་མ་གཏོགས་ཐོས་མི་ཐུབ་པའི་གླུ་དེར་ཉན་རྗེས ཁྱོད་ཉིད་དྲན་པའི་ལབ་གླེང་སྣ་ཚོགས
ལ་གཞས་ཤིག་དང་མཉམ་དུ་རྨི་ལམ་གྱི་རུ་མར་བསྙལ

བུ་མོ། སྙིང་ཉེ་ཉེ་བྱོས་དང
ལས་ཀྱི་མེ་ལོང་དུ་ཤར་བའི་བརྩེ་བ་ལ་ཨ་གསར་མེད་པར
སང་ཞོགས་ཀྱི་ནམ་མཁའ་བཞིན་བརྟན་པར་སྨོན
 
        འགྲེལ་བཤད་མེད་པའི་དབྱར་གཞུང་།
                                
རྩྭ་ཐང་ལ་ཕྱིར་མིག་ཤོར་བའི་ཞོགས་པ་དེར
ཉི་ཟེར་གྱི་རྡུལ་ཕྲན་རེ་རེ་མིག་ལ་ཐོགས་ནས
ལམ་འགྲམ་གྱི་མེ་ཏོག་ལ་དུས་ཆད་བྱས

སྨུག་པའི་རི་ཟོམ་གཡོགས་དུས
རྩྭ་ཐང་གི་རྟ་ཁྱུ་ཞོགས་སོང
མེ་ཏོག་གི་ཞྭ་མོ་བསླེས་མྱོང་བའི་སྤང་གཞུང་ནས
དུས་ཆད་ཀྱི་སྣེ་མོ་མཐའ་གཉིས་སུ་གྱེས

ཉི་ཟེར་གྱི་འཆར་ཀ་མ་མཐོང་བའི་ཞོགས་པ་དང
ཟླ་འོད་ཀྱི་ཟེགས་མ་མ་མཐོང་བའི་མཚན་མོ་དག
ལྷིང་འཇགས་ཀྱི་གནས་མལ་མ་རྙེད་ཅིང
ཁ་རོག་གེར་ལུས་པའི་ནང་སེམས་གཉོམ་པོ་འདི
དབྱར་གཞུང་འདིའི་གྱེས་བྲལ་ཐེངས་ཤིག་གི་ཕྱི་ནང་རེད

ཉིན་མཚན་གྱི་སྨྲེང་བ་རུམ་ནས
གྱེས་བྲལ་གྱི་རྒྱབ་གཟུགས་ལ་ཕྱིར་མིག་ཐོགས་ཤིང
ལྷན་འཛོམས་ཀྱི་དགོད་སྒྲ་ལ་དང་དོད་མེད་པས
དབྱར་གཞུང་འདིར་འུ་ཅག་ཧ་ཅང་ཁེར་རྐྱང་ཡིན

འུ་ཅག་ཁེར་རྐྱང་ཡིན་པས
མི་ཚོགས་ཀྱི་ངོ་གདོང་རེ་རེ་ཡང་ཤིན་ཏུ་གྲང

འགྲེལ་བཤད་མེད་པའི་དབྱར་གཞུང་འདིར
ཐུག་འཕྲད་ཀྱིས་སྟོང་བའི་འུ་ཅག
ཉི་ཟླའི་འཆར་ནུབ་ཀྱི་ཀློང་ནས་རྒས་ཤིང་འཁོགས

དུལ་མ། དངོས་མིང་། དབང་ལྷ།  ཕ་ཡུལ། དར་ལག  གཡོལ་ནས་བགྲོད་པའི་དུས་རབས་ཀྱི་གཡོ་སྐྱོམ་ཁྲོད་དུ་སེམས་པའི་སྒོ་གླེགས་ཡངས་པོར་ཕྱེས། 
 
                སྟོན།
                              
སྟོང་བའི་ཁམས་ཀྱི་བྱ་དངོས་འདི་དག
རྒྱུད་སྐུད་སྟེང་གི་དབྱངས་རྟ་བཞིན
དགའ་སྡུག་གཉིས་ལ་འདྲེས

སྟོན་གྱི་རྣང་ཞིང་དུ་སྨིན་ཐག་ཆོད་པའི་དཔྱིད་དུས་ཀྱི་འབྲས་བུ
གར་ན་རྩེན་པ་ལྟ་བུའི་རྨི་ལམ་གྱི་སྒྱུ་འཕྲུལ
མི་རྟག་པའི་ཕུང་པོ་འདི་ལ་རྟག་བརྟན་གྱི་གཟབ་འཕྱོར་སྤྲས

ཐག་རིང་ནས་ཡོང་བའི་ལམ་འགྲོ་བ་དག
བསིལ་འཇམ་ལྡན་པའི་རླུང་བུ་དང་མཉམ་དུ་སླེབས
དུས་ཚིགས་འདིའི་མཐའ་མཇུག་གི་མཚར་སྡུག
སོ་སོའི་སེམས་ལ་སིམ
                 
 བཟོ་ལྟ།

ཐག་རིང་ནས་མཆེད་པའི་འབོད་བརྡ་རྣ་བར་ལྷུང
ཁུ་སིམ་མེར་བསྡད་པའི་མི་ཞིག་གི་ལྷིང་འཇགས་དཀྲོགས

ལས་དབང་གི་རབ་ཁ་མང་པོ་བརྒལ་ནས་ཐོན་པའི་ལོ་རྒྱུས་ཀྱི་གླེགས་བམ
བརྗེད་འགྲོ་བར་དོག་ནས་ཕྱི་མིག་ཡང་ཡང་ཤོར
སྣ་ཚོགས་འདྲེས་མའི་བཟོ་ལྟ་མཐོང་ཚེ
རི་དྭགས་བཞིན་འདྲོགས་འགྲོ་བའི་སྣང་བ་དེ་སུ་ལ་མོལ

བར་སྐབས་རེར  
བྱིས་པ་ཚོའི་སྙིང་ཉེ་བའི་མིག་ཟུང་གིས་བལྟས་ནས་ཡོང
ལོག་ཕེབས་ཀྱི་རེ་སྒུག་ཁྲོད་དུ
ཕ་མ་ཟུང་གྱི་ལག་པས་བྱིལ་བྱིལ་གནང
འཇིག་རྟེན་འདིའི་མི་སྡུག་པའི་བྱ་སྤྱོད་ལ་གུ་ཡངས་གནང

ཡུལ་གཞན་ཞིག་ལ་འཁྱམས་སྐྱོད་དུ་སོང་བ་ལྟ་བུའི་གྱེས་བྲལ་གྱི་ལམ་སྣེ་གསར་བ
བརྗེད་ངེས་ཀྱི་དབང་དུ་ཤོར་བའི་དྲན་པ
གཡས་གཡོན་ཀུན་ཏུ་བརྩེ་སེམས་ཀྱི་མེ་ཏོག་བཞད་པ་ལྟ་བུའི་ཟས་གོས་ཀྱི་གནང་སྦྱིན

དངོས་མིང་ལ་དབང་དྲག་རྡོ་རྗེ།  སྨྱུག་མིང་།  རི་སྤྱང་།  དགུ་བཅུའི་ནང་ལ་མགོ་ལོག་རྨ་སྟོད་དུ་སྐྱེས།  ལོ་བཅུ་གྲངས་ལྷག་ལ་རྩོམ་རིག་ནས་གསར་རྩོམ་གྱི་ལས་སུ་ཞུགས་ཀྱང་། ད་རུང་བརྩམས་ཆོས་ལེགས་པོ་གཏན་ནས་མ་འཁྱོངས། མི་ཚེའི་མཐའ་མཇུག་ལ་སླེབས་དུས་རྩོམ་དེབ་ལེགས་པོ་ཞིག་འཇིག་རྟེན་མི་ཡུལ་དུ་འཇོག་ཐུབ་ན་བསམ་པའི་རྨི་ལམ་ཡོད། སྙན་ངག་འགའ་ཞིག་གཞུང་སྒེར་གྱི་དུས་དེབ་དང་ཚགས་པར་དྲ་ཚིགས་སོགས་སུ་བཀོད་མྱོང་།   རང་ཡུལ་གྱི་ལོ་དེབ་མཚོ་སྐྱ་རེངས་དུས་དེབ་ཀྱི་རྩོམ་སྒྲིག་པ་ཡིན།
 
རབ་རིབ་ཀྱི་མི་ཚེ།

ལས་ཀྱི་འཕེན་པ་ཤུགས་དྲགས་པས་རྒྱང་རིང་མཐོང་མ་ནུས
སེམས་ཀྱི་གཙང་བོ་སྒྲོལ་བའི་ནུས་པ་མི་འདུག་པས
ལས་དབང་ལ་ལེ་བདའ་མི་བྱེད་ཀ་མེད་བྱུང
རྐང་སྣེ་རྡོ་བར་ཐོགས་པའི་འདས་སོང་གི་རི་མོ
སུ་ལ་བཤད་མི་ནུས་པའི་ཤོག་དཀར་ངོས་ཀྱི་ཡིག་འབྲུ
གྱེས་བྲལ་སོང་རྗེས་ཀྱི་ལམ་གྱི་རི་མོ་དཀར་དམར
དུས་ཆད་བཏབ་པའི་ཆེས་མཐའ་མའི་ས་ཚིགས་རྗེས་མ
ལས་ཀྱི་རླུང་བུ་གཡུག་པའི་སྒྲ་བཙན་པོ་དེ་དག
ལོ་མང་རིང་ཨམ་ཕྲག་ཏུ་བཅུག་པའི་ཁུར་བོ་བརྗིད་པོ
གས་འཐོར་སོང་བའི་འདུ་ཁང་དེའི་འགྲམ་གྱི་གསང་བ་བཞིན
སུ་ལ་ཡང་གསལ་ཆ་མེད་པའི་ཤིན་ཏུ་ལྐོགས་གྱུར
ཅི་ཡང་ཡིད་ལ་མི་འཆར་བའི་ཟོལ་གྱིས
མིག་གཉིས་བཙུམ་ནས་འདས་སོང་གི་རི་མོ་ལ་ཕྱིར་རྟོགས་བྱས
རྒྱང་རིང་ཞེ་ལ་ཐོགས་པའི་གྲྭ་བཙུན་དེའི་སེམས་ནང་གི་སྨོན་པ
སྲིད་པའི་གངས་རི་དང་རྒྱ་མཚོ་ཡིས་མཚོན་ནུས་སམ
དྲག་པོ་རླུང་གིས་ཀྱང་གཏོར་བར་ནུས་སམ
 
                        ཁོ་མོ།

ཅི་ལ་ཡང་སྙིང་པོ་མེད་པའི་དུས་སུ
སྐྱོ་བ་ཁུར་བའི་བུད་མེད་དེ་སླེབས་བྱུང
ཁོ་མོའི་མིག་མདངས་ལས
ཁོ་མོ་དང་འབྲེལ་བའི་མི་ཚེའི་རིམ་པ་ཞིག་འཆར་བྱུང
ལག་ཏུ་བཟུང་བའི་ཁུག་མའི་ནང་དུ
མི་རྟག་པ་དང་སྡུག་བསྔལ་གྱི་ཡོ་ལངས་འཁྲིགས
ཁོ་མོའི་མི་ཚེའི་སྙིང་པོ་ནི་གཞན་དབང་དུ་ལུས་པའི་བྱེ་ཐང་གི་རྔ་མོང་བཞིན
མ་ངེས་པའི་རླུང་སྒྲ་བཙན་པོ་དག་གིས
ཁྱོད་ཀྱི་རྨི་ལམ་མཐའ་དག་དུས་གཅིག་ལ་དཀྲོགས
གློ་བུར་ལ་ཡིད་ངོར་འཁྲེངས་བའི་བྱ་ཁྱུ་ཚོ་གང་སར་འཕུར་སོང་
དྲན་པའི་དབུས་ཀྱི་ཁོ་མོ

འབའ་སྡོང་། དངོས་མིང་། མདོ་སྔགས་བསྟན་འཛིན།  དགུ་བཅུའི་ནང་མགོ་ལོག་པདྨ་རུ་སྐྱེས། འོས་སུ་བབས་པའི་གཞུང་ཆེན་མོའི་སློབ་གཉེར་གྱི་ཞར་ལ། རྩོམ་རིག་ལ་དད་པས་འཇུག་མཁན་ཞིག་ཡིན། 
 
                     ཁེར་རྐྱང་གི་མཚན་མོ། 
                    
ད་ལྟ     དུས་ཚོད་བཅུ་གཉིས་ལ་ཉེ
སྤྱིར་ཡིན་ན་སེམས་སུ་སང་ཉིན་རུམ་ནས་གཉིད་འོས
དྲན་གདུང་གིས་ཡར་བསླང་བའི་མཚན་མོ་འདིར
ངས་ཐ་ན་སུ་ཞིག་དྲན་གྱིན་ཡོད་པའང་ཁ་ཚོན་མི་ཆོད་མོད
སེམས་ནི་རང་གི་མདུན་ནས་བག་འཁུམས་པས
སྣང་བ་ཞིག་ལ     མཚན་མོ་འདིར
ང་ནི་མིའི་རིགས་ཀྱི་ཤོག་སྡེབ་ངོས་སུ་ཡིག་ནོར་ཞིག་ཡིན

སྦྲ་འདབས་ཀྱི་འཇའ་ཚོན་ལ་འདྲོགས་ཏེ
སོང་སོང་རྗེས
རྨི་ལམ་ཁོ་ནས་ལྷུང་བཟེད་ནང་ནས་རྩམ་སྐྱ་སྤུར
ས་མཐའི་རླུང་ཁྲོད་ཀྱི་མི་ཚེ
ཉམ་ཆག་ཐེབས་པའི་མིག་མཐའ་ནས་རི་མོར་བབས
ད་ནི་ལམ་ཐག་རིང་ཐུང་ཡང་ང་ལ་འབྲེལ་བ་མེད
དུས་ཚོད་ཀྱི་མདུན་རྒྱབ་འཆོལ་བས
ངའི་ཕྱིར་མི་ལྡོག་པའི་སྡོམ་པ་ཡང་ཤོར་ཟིན

མཚན་མོ་ལ་ཕ་མཐའ་མེད་པས
མཚན་མོ་ལ་རབ་ཁ་ཡང་མེད་པས
ཁེར་རྐྱང་ནི་མགོ་བསྐོར་ས་མེད་པའི་ཡུག་མོ་བཞིན
དེས་མཛེས་སྡུག་གི་རྨི་ལམ་གཏོང་མི་ཤེས
                         
 ཆུ་ཐིགས་ཤིག
           
   ——སྨན་ཡོན་དུ་སློང་མོ་བྱེད་པའི་བྱིས་པ་ཞིག་ལ། 
    
ཚེ་སྲོག་གི་སློང་མོ་བ 
ཤིན་ཏུ་དྭངས་བའི་མིག་ཟུང་དུ་འོད་ཁོ་ན་བཤུམས
བྲང་ཁར་བཏེགས་པའི
མི་རྟག་པའི་ཡིག་འབྲུ་དག་འཕག་སྟེ
མ་འོང་བའི་དབུགས་ཉག་མ་གཅིག་དེ་སྒུལ་གྱིན་ཐོན

ཞལ་རས་སྒོར་མོ་མེ་ཏོག་བཞིན
སྒོ་མོ་རེ་རེ་བཞིན་བརྩེ་བ་ཕར་ལ་སྐྱེལ་ཅིང
སྒོ་མོ་རེ་རེ་བཞིན་སྙིང་རྗེ་ཚུར་ལ་སློང་དུས
ཁྱོད་ནི་དྭངས་ཤིང་འཚེར་བའི
སུ་ཞིག་གི་མིག་ལྕིབས་ལས་ལྷུང་ལ་ཁད་ཀྱི
ཆུ་རྡུལ་ཕྲ་རབ་ཅིག་སྟེ
ང་ཡི་སྐམ་ཐན་ལ་ནེམ་ཤ་བགོས་པའི་སྐད་ཅིག་མར
ངས་ཁྱོད་རང་དུས་ཚོད་ཀྱི་མཁའ་ནས
རླུང་གི་རྩུབ་རེག་གིས་ཐུག་མི་བཟོད་པ་ཧ་གོ་སོང

འཇིག་རྟེན་གྱི་རབ་ཁ་མ་རྙེད་པའི་བུ་མོ་ལགས
སང་ཉིན་ལ་ཡིད་རྟོན་མཛོད་དང
གློ་བུར་གྱི་དྲི་མ་དང
གྲུབ་མཐའི་སྒྲོ་བཏགས་གང་གིས་ཀྱང་མ་སྦག་པར
ད་སོ་མར་ཕྱིས་པ་ལྟ་བུའི་མེ་ལོང་དུ
དཔྱིད་ཀ་སྔ་མོ་ནས་ཚེས་འདུག  

ང་ནི་མགོ་ལོག་གཅིག་སྒྲིལ་ནས་སྐྱེས། ངས་རང་གི་མིང་ལ་འཕྱིང་རྡོ་བཏགས་པ་ཡིན།  ལག་ཆགས་རྗེས། དངོ་ཟད་པའི་གྲི་ལྟ་བུའི་ངའི་རྣམ་ཤེས་རང་གི་ཕ་ཡུལ་དང་ཁ་བྲལ་སོང་།  ད་ལྟ་རྩྭ་རྐང་གཅིག་རླུང་གིས་བརྡར་བའི་སྟོང་བ་དེའི་ཆ་ལ།  ངས་རྣམ་ཤེས་ཀྱི་ཕ་ཡུལ་ཏེ་གཉུག་མ་འཚོལ་གྱིན་ཡོད།
 
བྲལ་བ།  

ངས  ཡིད་རྟོན་བྲལ་ཞིང
རླུང་གི་རྒྱུ་བར་ཐོགས་པའི་སེམས་འདི་གནས་པའི་ཐབས་སུ
རྩྭ་རྐང་གཅིག་གི་ཆོས་ཉིད་དེ
སྟོང་བའི་ཆ་ལ་ཡུན་རིང་ཉེ་བར་བཅར

དུས་ཚོད་དེའི་རིང་དུ
མ་ངེས་པའི་ཡུལ་གྱི་གཟུང་བ་འདི་ག་ལེར་ཁེགས་ཅིང
ང་ལ་སྲ་མཁྲེགས་ཀྱི་འབྱུང་བ་ཞིག་རང་བཞིན་གྱིས་སྨིན་པས
ངས་རླུང་གི་སྐྱ་བཤིག་པའི་གདམས་པ་ཞིག་རྙེད་པར་སྙམ
ཡང་ན  ཚེ་སྲོག་གི་བརྟན་ཆ་སྟེ
ཡུལ་དུས་ལས་འདས་པའི་གཉུག་མ་རྙེད་སོང་བར་འཁྲུལ

གང་ལྟར་ཡང 
རྨོངས་པ་འདི་ནི
རྨོངས་པ་ཐམས་ཅད་ཀྱི་ནང་ནས
ཆེས་རྣམ་དག་གི་རྨོངས་པ་དེ་རེད
                  
                 སྣང་སྟོང་གི་ལོངས་སྤྱོད། 

རླུང་གི་ཟ་འཕྲོར་གྱུར་བའི
སྐྱེ་མཆེད་ལྷག་མ་དེ་དག  
སྙིགས་མའི་སྦུབས་སུ    ཁྱོད་ཀྱིས་སྤྱོད

ཡུལ་གྱི་གཏད་སོར་ཚུད་པའི
གཞོག་ལྷུང་གི་ཤེས་རབ་དེ
ཐ་སྙད་ཀྱི་རྒྱ་ཙམ་ལས་མ་གྲོལ

སྐབས་འདི་ཙམ་ན  
དམིགས་པ་རང་ཡན་དུ་གྱུར་བའི
སྒྱུ་འཕྲུལ་ལོངས་སྤྱོད་པ་དེ་དག་ལ
ངས་སྔར་བཞིན་ཡིད་སྨོན་ཤོར           

གངས་ཚ་འཇོམས། མགོ་ལོག་དགའ་བདེ་རུ་་སྐྱེས། གསར་རྩོམ་གྱི་ལམ་ཁར་ཞུགས་ནས་ད་རག་བར་སྙན་ངག་གཙོའི་བརྩམས་ཆོས་མང་ཤོས«གངས་རྒྱན་མེ་ཏོག»དང«གངས་དཀར་རི་བོ»«ནང་ཆེན»«ཤྭ་སྐྱ»གཙོས་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར། དྲ་བ་བཅས་སུ་སྤེལ་མྱོང་།
 
            ཕ་ཡུལ་གྱི་ཕ་ཡུལ་དྲན་པ། 

ཕྱི་དྲོ་འདིར
ལྕང་སྡོང་ཞིག་གི་འོག་ཏུ་བསྡད་ནས
སེམས་པའི་མཐིལ་དུ་ལྷུང་བའི་དྲན་གདུང་གི་ཡིག་འབྲུ་དག
འཕྲིན་ཡིག་གི་ཚུལ་དུ་ཤོག་བུའི་ངོས་སུ་བྲིས་ཏེ
ལྷོད་ཀྱིས་རྒྱུ་བའི་བར་སྣང་གི་སྤྲིན་པར་བསྐུར

ཕྱི་དྲོ་འདིར
སྲང་མདོའི་གློག་དམར་ལ་སྒུག་བཞིན
སྙིང་གི་ཟབ་སར་བསྐུངས་བའི
ཤོག་བུ་ཞིག་སྤྱད་དེ་ཁྱོད་ལ་བརྗོད་འདོད་པའི་སྐད་ཆ་དག
ཤུགས་ཀྱིས་བགྲོད་པའི་འཕྲུལ་འཁོར་གྱི་རླུང་ལ་བསྐུར
ནུབ་ཀྱི་ནམ་མཁའ་སྟོང་བའི་ངོས་སུ
སྐྱོ་གདུང་གི་ན་བུན་དལ་གྱིས་འཕྱུར

                   རླུང་།

ཕྱོགས་ངེས་མེད་དུ
རླུང་ནི་ཤེད་ཀྱིས་གཡུག
དུས་ད་ལྟ   ང་ཡི་མགོ་སྦྲ་ཁུར་སོང
འཇིག་རྟེན་གྱི་ཕྱེད་ཀའང་ཁུར་ལ་ཉེ

རླུང་བུ་ཤུར་ཤུར་ལྡང་བས
ས་རྡུལ་གྱིས་མིག་མདུན་རབ་རིབ་ཏུ་བཏང
གྲང་ངར་གྱིས་ལུས་ཀྱི་ཕྱི་ནང་གཉིས་ཀར་གཅུན
ནང་སེམས་ཀྱང་རྨོངས་བར་བྱས

གྲང་ཤུར་ཤུར་དུ་ལུས་པའི་དགུན་འགོ་མར
གཟུགས་མེད་ཀྱི་རླུང་བུས་གཉོམ་དུང་དུང་གི་མི་ཚོར
དྲན་གདུང་དང་སྡུག་ཡུས་ཀྱི་ན་ཟུག་ཇེ་ལྕིར་བཏང
ཁེར་རྐྱང་གི་སྣང་བའང་ཇེ་ཟབ་ཏུ་ཕྱིན

རླུང་བུས
འཇིག་རྟེན་མ་ལུས་མུན་ནག་ཏུ་བཏང
བདག་སེམས་ལ་རི་བོ་ཉིལ་བའི་འཇིགས་པ་བྱུང
ཕ་ཡུལ་གྱི་ལམ་ཕྲན་རྡུལ་སྨུག་གི་གསེང་ནས་མག་མོག་ཏུ་གྱུར
བགྲོད་ལམ་མ་རྙེད་པའི་ཡུལ་མི་ཚོའི་ངོ་གདོང་ན་སྐྱ་མདངས་འཕྱུར
ངག་ལ་བྱང་བའི་ཡིག་དྲུག་གི་དབྱངས་རྟ   རེས་གསལ་རེས་མོག་ཏུ་གྱུར

 ངའི་དངོས་མིང་ལ་ཌཱ་ཀི་སྐྱིད་ཟེར་ཞིང་། མགོ་ལོག་དགའ་བདེ་ནས་སྐྱེས།  སྙན་ངག་ཅེས་པའི་ཡིག་འབྲི་ཐར་ཐོར་འདིའི་མགོ་རྐང་སྒྲིག་འུ་ཤེས་བལྟས་པ་ནས་བཟུང་། གྲོགས་པོ་དག་གིས་ཇ་ལོ་ཞེས་འབོད་པ་ཡིན། 

ཞེ་འདང་། 

ལོ་དེར་རྒྱུ་བའི་གྲང་རླུང་ཤུར་ཤུར།།
ལོ་དེར་བཞུར་བའི་མིག་ཆུ་སིབ་སིབ།།
ཕྱིར་མིག་ནང་གི་གྲོང་ཁྱེར་དེ་ནས།།
སྐྱོ་གདུང་གང་མང་ཚིག་ལ་བསྟར་མྱོང་།།

ཁྱེད་ལ་ཕུལ་བའི་ལྗོན་པའི་ངོས་སུ།།
ལྗན་ལྗིན་དྲི་མས་རི་མོ་མ་ཕབ།།
བརྩེ་བ་དྭངས་མོའི་ཡིག་ཆུང་རེ་རེ།།
སེམས་པ་སྙི་མོས་སྐྱོར་ནས་བྲིས་མྱོང་།།

ཆར་ཤ་ཟམ་ཟིམ་བབས་པའི་མཚན་མོར།།
སྤང་ཐང་གཅིག་ནས་འཕྲད་ན་བསམས་མྱོང་།།
ཁ་བ་ཆུང་ཆུང་བབས་པའི་སྲོས་སུ།།
འུ་གཉིས་ལྷན་དུ་འཛོམ་ན་བསམས་མྱོང་།།

ད་ནི་མི་ཚེའི་ཕྱེད་ཀ་ཡལ་སོང་།།
ལོ་ཆུང་སྣང་བའི་ཚོན་ཁ་འགྱུར་འདྲ།།
མིག་གིས་མཐོང་བ་ཁང་ཁྱིམ་འདི་རེད།།
སེམས་ཀྱིས་ཟིན་པ་སྙིང་སྡུག་ཁྱེད་རེད།།

ང་ལ་བརྩེ་བ་མེད་པ་འདྲ་འདྲ།།
སུ་དང་གང་ལ་དགའ་བོ་མི་འདུག།
ང་ཡི་བརྩེ་བ་ཁྲེལ་ཕྱི་ལྡན་འདྲ།།
སུ་དང་གང་ལ་བློ་མེད་མ་བྱས།།

མཚན་སྨག་གྲངས་མེད་གམ་དུ་བཅར་དུས།།
སྐྱོ་གདུང་གང་མང་སེམས་སུ་འཆར་ཡོང་།།
སྐྱ་མདའ་རེ་རེ་ཡར་ལ་བཀྱག་དུས།།
གདོང་ལ་འཛུམ་ཆུང་ཚེས་ན་ཡག་འདྲ།།

གངས། 

ལོ་ཟླའི་དྲེག་པ་ཁུར་བའི་འཛུམ་ཆུང་དེས།།
ཕྱིར་མིག་སྙིང་གི་མེ་ཏོག་བཞད་པ་དྲན།།
སྐྱིད་སྡུག་རེས་སུ་འཐག་པའི་རྨ་གཞུང་ན།།
མི་ཚེ་ཕྱེད་ཀའི་རྐང་རྗེས་གསལ་ལམ་མེ།།
སེམས་ཀྱི་གུར་ཆུང་ནང་དུ་ཡི་གེར་ཕབ།།

མི་ཚེའི་ལ་ཆེན་ལ་ཆུང་བརྒལ་བ་ན།།
མི་སེམས་གསེར་གྱི་ཞུན་མ་ག་ལེར་གསལ།།
མི་ཚེའི་མྱ་ངམ་ཐང་ཆེན་འགྲིམ་པ་ན།།
བརྩེ་བའི་ཆར་ཤྭ་སྙིང་དུ་བརྡོལ་བ་ཚོར།།
སྙིང་གི་ཨུཏྤལ་ཁྱེད་རང་ཡིན་པ་ཚོར།།

ལོ་ཆུང་བརྩེ་བའི་འཕྲིན་པའི་ཕྱི་ནང་ན།།
ཁྱོད་ལ་ཕུལ་བའི་སྙན་ངག་རེ་ཤས་ལྷག།
དགུན་ཁའི་ཁང་སྟོང་འདྲ་བའི་སེམས་པ་འདིས།།
ཉི་འོད་བཞིན་དུ་བསྙོར་བ་ཁྱོད་རང་ཙམ།།
དབྱར་ཟླ་བཞིན་དུ་སྒུག་པ་ཁྱོད་ཉིད་དོ།།

སྤང་ཐང་འདི་ནས་རྙེད་པའི་མགུལ་རྒྱན་དེ།།
ང་རང་གནས་ལ་འགྲོ་དུས་མཆོར་ལྭ་བྱས།།
རྨ་གཞུང་འདི་ནས་རྙེད་པའི་བརྩེ་བ་དེ།།
ཚེ་འདིའི་སྙིང་གི་ཕྱེད་ཀ་བཅོལ་ས་བྱས།།
ཁྲེལ་ཕྱིའི་ཐ་གུ་སྒྲིལ་བའི་ཨ་ཡིག་ལགས།།

ཚོར་རྐང་། མིང་གཞན་ལ་སྟག་ལྷ་རུ་འབོད། མགོ་ལོག་དགའ་བདེ་རུ་སྐྱེས། གོ་བརྒྱད་ལོར་འགྲོ་བ་མིའི་གཟུགས་སུ་གྲུབ། སྐྱེ་བ་ནས་འཆི་བའི་བར་དུ་ནང་སེམས་ཀྱི་སྐྱོ་གདུང་དང་ལྷན་དུ་ལྷོག་ལྷོག་གདུ་བའི་སྐད་ཆ་འགའ་ཞིག་གཏན་དུ་ཤོད་ཐབས་མེད་ཀྱང་། མཚམས་རེར་འཇིག་རྟེན་དུ་གཅིག་བུར་ལྷག་པ་འདྲ་བའི་སེམས་གཤིས་ཤིག་གིས་ཡིག་འབྲུ་རེ་རེས་ནང་སེམས་ཀྱི་ཁ་དོག་མཚོན་ཐབས་བྱས། 
 
སྟོན་ནམ་ཁུག་པ་བཅོ་བརྒྱད། 

དུས་ད་ནི་སྟོན་ཟླ་མཐའ་མར་སླེབས། །
སྟོན་མཐའ་ཆུང་ཟད་ནས་དགུན་ལ་སླེབས། །
སྤྲིན་དཀར་བོ་སྙིང་གི་བཅུད་ལེན་མ། །
རླུང་བསེར་བུས་ཁུར་ཏེ་ལྷོ་རུ་བསྐྱལ། །
རྩྭ་འཇག་མ་ཟིལ་བའི་རྣ་ཏོག་ཅན། །
སྟོན་བ་མོས་བསྡམས་ཏེ་ཡུལ་དུ་ལྷག །
ས་ཐག་རིང་རི་ཆུ་སྟོང་ཕྲག་ལ། །
ལག་བརྡ་འཕྲིན་བརྒྱུད་ན་མི་རིང་ཡང་། །
ལོ་ཟླ་བའི་ཁུག་ལམ་གྱ་མ་གྱུ། །
ཞག་ཉི་མར་འཕངས་ན་རིང་སྣང་ཤར། །
ལག་མཛུབ་རྩེར་བགྲེང་ནས་མ་རྩིས་ཀྱང་། །
ཁོག་ཞིབ་རྩིས་བརྒྱབ་ན་རིང་སྣང་ཤར། །
ལུས་བྲེལ་བས་དེད་ཅིང་འདྲུད་པ་ན། །
སེམས་སྐྱོ་བས་གཅུར་ཞིང་གནན་ནས་ཡོང་། །
ཞེ་སྡུག་པའི་དུས་དང་སྐབས་དག་ཏུ། །
འདང་ཆེ་བའི་མི་ཞིག་དྲན་ནས་ཡོང་། །
གཏམ་ལྷག་པ་འཆད་རྒྱུ་མི་འདུག་ཀྱང་། །
ཁོག་བསྲེེས་ནས་བསྡད་ན་སྐྱིད་སྙམ་བྱུང་། །
ལས་སྐྱིད་སྡུག་སྤྲིན་ནང་ཉི་མ་འདིས། །
དགུན་རིང་མོའི་སྐྱོ་བ་བསལ་རྒྱུ་ན། །
དེ་མ་ཟད་སྣང་བའི་རི་ལམ་ནས། །
ཚེ་རིང་མོའི་འགྲོ་རོགས་ཉན་རྒྱུ་ན། །
གནས་འཁོར་བའི་གྲོས་དོན་ཆང་ཆུང་ལ། །
ཐུགས་དལ་མོས་གསོལ་བ་འདེབས་འདང་ཡོད། །
ལག་ལས་ཀའི་བར་གྱི་བྱ་བ་དག །
མཇུག་དེ་ག་ཙམ་གྱིས་མ་བསྡུས་ཀྱང་། །
མཐར་རྨི་ལམ་ནང་གི་ཁ་ཆད་ལ། །
མིག་ཅེ་རེར་བལྟས་ནས་སྒུག་ཡོད་ལགས། །
     
   དགུ་ཐང་གི་དྲན་པ། 

དེའི་དགོང་མོའི་དགུ་སྟོད་རྩྭ་ཐང་དུ།།
རླུང་བསེར་བུས་སྐྲ་ལོ་སྒུལ་ཙམ་བྱེད།། 
མགོ་བཀྱགས་ནས་ནམ་མཁར་བལྟ་འདོད་ཀྱི།།
འོད་ལག་པ་ཙམ་ཡང་རྙེད་ཐབས་བྲལ།། 
སྤྲིན་ཚོམ་བུ་ཚོམ་བུ་གཤར་ཤུལ་ན།། 
ཆུ་ཐག་པ་འདྲ་ཞིག་ལྷག་སྟེ་འདུག ། 
སེམས་གཏད་ནས་རྣ་བ་བླགས་ཙམ་གྱིས།། 
སྒྲ་ཟ་ཟིས་སྣང་བ་འཁྲུལ་ཏེ་འགྲོ།།
 མི་དེ་ཚོས་ཅི་ཞིག་བོར་བ་ལྟར།། 
ངའི་སྔུན་ནས་ཡར་འགྲོ་མར་འོང་བྱེད།།
མཐར་ངས་ཀྱང་གང་ཞིག་སྒུག་པ་ལྟར།།
གནས་དེ་རུ་རིང་ཞིག་བལྟས་ནས་བསྡད།།
གུར་དཀར་ཆུང་སྟེང་གི་དུ་བ་དང་།། 
རྫ་ཡོན་པོའི་སྐེ་ཡི་སྨུག་པ་གཉིས།། 
ལྷོད་ཅིག་གེར་ཕར་ལ་གྱེས་པ་དེས།། 
སེམས་སྐྱ་མོ་ཁུངས་ནས་གཡོ་བར་བྱེད།།
གློག་དཀར་དམར་འོག་གི་མི་ཚོགས་ནས།། 
སྐྲ་དམར་སེར་ཅན་ཞིག་མཐོང་བ་ན།། 
ཆབ་སྔོན་མོ་དགུ་ཆུའི་འགྲམ་ངོགས་ནས།།
ཁྱོད་ཟེར་བའི་མི་ཞིག་ཡོད་སྣང་དྲན།། 
 
རྩོམ་སྒྲིག་པ། དབང་མོ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མགོ་ལོག་གི་གཞོན་སྐྱེས་སྙན་ངག་པ་བཅུ་གསུམ་གྱི་སྙན་ངག་བདམས་བཀོད།

2026-02-08 དུར་བྱང་སོགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།