ཆབ་མདོའི་གཞོན་སྐྱེས་སྙན་ངག་པའི་སྙན་ངག་བདམས་བཀོད།(ཁག་དང་པོ།)

ཀླད་ཀོར་སོགས། 琼迈文学网 2026-04-01

སྨར་བརྩེ་སྨྱོན། དངོས་མིང་ལ་རིན་ཆེན་དབང་འདུས་ཟེར་ཞིང་། དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་པར་བོད་ལྗོངས་ཆབ་མདོ་སྨར་ཁམས་རྫོང་གི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། སྔ་ཕྱིར་ལྗོངས་ཕྱི་ནང་གི་དུས་དེབ་དང་དྲྭ་བའི་ཐོག་སྙན་ངག་གཙོས་རྩོམ་ལུས་འདྲ་མིན་གྱི་བརྩམས་ཆོས་དུ་མ་སྤེལ། 

མཚན་གུང་ལ་ཆུང་མ་དྲན་པ།
                       
མུན་པས་རྔུབ་པའི་ནམ་མཁའ་འདི་ནས།
ཉི་མའི་མིག་ཆུ་ཐར་ཐོར་མཁའ་ལ་གསལ།
ཟླ་བས་སྐྱུག་པའི་འོད་སྣང་ཕྲན་བུ།
སྒོམ་ལ་བཞུགས་པའི་སྒྲོན་མེ་ཇི་བཞིན།
ཡོམ་ཙམ་ཡོམ་ཙམ་བྱེད།
དེ་དུས།
ཆུང་མ་ཟེར་བའི་ཐ་སྙད་ཅིག་སྙིང་ཁ་ནས་ལྡིང་ཙམ་ལྡིང་ཙམ་བྱེད།

ནམ་གུང་ལ་ཆུང་མ་དྲན་དུས།
མེ་ལྕེ་ཞིག་རྩ་ཡི་རྩེ་ནས་འདར་ཙམ་འདར་ཙམ་བྱེད།
འོད་སྣང་ཞིག་ཁྲག་གི་སྦུབས་ནས་འགུལ་ཙམ་འགུལ་ཙམ་བྱེད།

ཆུང་མ།
མུན་པ་དང་ལྷན་དུ་སེམས་ཀྱིས་མྱང་རྒྱུ་ཞིག་རེད།
ཉིན་དཀར་དང་མཉམ་དུ་ལུས་ཀྱིས་ཚོར་རྒྱུ་ཞིག་རེད།

ཆུང་མ།
མུན་པ་དང་འགྲོགས་ནས་སེམས་སུ་ལྷུང་འོང་།
ཉི་འོད་དང་སྡེབ་སྟེ་རླུང་ཁར་ཞོགས་འགྲོ།
 
འབྲོང་རྒོད།
                          —སློབ་རའི་སྙན་ངག་པ་འགའ་ལ།
                                    
གཡམ་རྡོ་རྨིག་པས་རྡུང་མཁན་འབྲོང་རྒོད་ཁྱོད་ཚོ་ཡིན།
མཁའ་རླངས་དགུང་ལ་གཏོར་མཁན་འབྲོང་རྒོད་ཁྱོད་ཚོ་ཡིན།
སྣ་ཤུ་ཐང་ལ་འདེབས་མཁན་འབྲོང་རྒོད་ཁྱོད་ཚོ་ཡིན།

ཐ་སྙད་ཀྱི་རུས་པ་ཆག་དུམ་འགའ་རྭ་བར་ནས་གནམ་ལ་འདེགས་མཁན།
ཁེར་རྐྱང་གི་འབྲོང་རྒོད་དེ་ཡིན།

གད་ཁ་ནས་འུར་ཐུག་ངང་ཕྱོགས་བཞིར་བྱ་ར་བྱེད་མཁན།
སྣ་ལོ་ཡོད་མ་མྱོང་བའི་འབྲོང་རྒོད་དེ་ཡིན།

ཡར་ཀླུང་གི་བྲང་ཁོག་ནས་ཁེར་རྐྱང་གི་སྒྲུང་རིང་ཞིག་ཐང་ལ་འབྲི་མཁན།
བླ་གཡུ་འཚོལ་བཞིན་པའི་འབྲོང་རྒོད་དེ་ཡིན།

འབྲོང་རྒོད། 
རྭ་ཁ་གནམ་ལ་གཡུག་དུས་ཉི་ཟླ་ཐང་ལ་ལྷུང་ངེས།
རྨིག་པ་ས་ལ་རྡུང་དུས་ས་གཞིའི་དབུགས་རྩ་འགག་ངེས། 

བྱ་རྒོད་འུར་ཆིལ་ལེར་ཐང་ལ་འབབ་དུས།
གཙོད་ཁྱུ་ཁ་རོག་གེར་རླུང་ཁར་ཞོགས་དུས།
འབྲོང་ཁྱུ་དེ་དག སྔར་བཞིན་སྣ་ལོ་མི་འདུག
གནམ་ཨ་སྔོན་རྭ་ཡིས་བཏེགས་འདུག
ས་དོག་མོ་རྨིག་པས་མནན་འདུག

ཞོགས་རྫ་རྔ། དངོས་མིང་ལ་ཀརྨ་སེང་གེ་ཟེར།   ༢༠༠༠ལོར་འཇོ་མདའི་སྟོད་ཕྱོགས་ཀྱི་འབྲོག་ཁྱིམ་ཞིག་ཏུ་སྐྱེས།  རྩོམ་ལུས་སྣ་མང་ལ་འཇུག  ད་བར་སྙན་ངག་གཙོས་པའི་རྩོམ་ཆོས་སུམ་བརྒྱ་ལྷག་བྲིས་པ་ལས་འགའ་ཞིག་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སོགས་སུ་བཀྲམས། 

ཁྱེད་ཉིད་ཉི་ཟླ་ཡིན་ནམ། 

སྐྱེ་འཆི་གྲངས་མེད་པ་དང
ཐོག་མཐའ་བོར་བའི་འཁོར་བའི་བདེན་པ
མུན་པ་ལས་གནག་པའི་གནས་ལུགས་ཀྱི་སྔུན་ནས
ཁྱེད་ཉིད་ཉི་ཟླ་ཡིན་ནམ   སེམས་ཀྱི་འོད་ཟེར་ལགས

འཁྲུལ་བས་འཁྲུལ་བ་བརྩིགས་པའི་བཙན་རྫོང
ཚེ་གང་གི་འགྲུལ་བཞུད་ཕྱིར་ལྡོག་ཡོང་བའི་འཁོར་བའི་གནས་ལུགས་ཀྱི་མུན་པ
སོས་མི་ཆོད་ཅིང་དཔུང་གིས་མི་ཤོག་པས
ཁྱེད་ཉིད་ཉི་ཟླ་ཡིན་ནམ  འཁོར་བའི་སྙིང་པོ་ལགས

མུན་པ་འོད་ཟེར་དུ་སྒོམ
ཁེར་གྲགས་དང་རྒྱུ་ནོར་སྲོག་བཞིན་གཅེས་དགོས་པའི
འཁོར་བའི་གནས་ལུགས་དེ་ལས་གཞན
རྐང་ལམ་ཕྲ་མོ་ཞིག་བརྒྱུད་འདོད་པས
ཁྱེད་ཉིད་ཉི་ཟླ་ཡིན་ནམ  བརྩེ་བའི་སྲུང་མ་ལགས

ཉི་མས་དྲོས་ཤིང་ཟླ་བས་བསིལ་ན་ཡང
སེམས་ཀྱི་ཚ་གྲང་ལ་འཕོ་འགྱུར་ཅི་ཡང་མི་འདུག་པས
ཁྱེད་ཉིད་ཉི་ཟླ་ཡིན་ནམ  སྲོག་གི་ནོམ་ཆེན་ལགས
ཐ་ནའང་ཚེ་གང་བདེན་པར་རློམ་ཆོག་པའི
འཁྲུལ་བའི་བདེན་པ་གཞན་ཞིག་གནང་སྦྱིན་སྩོལ་དང
རིང་ལ་ཐུང་བའི་མི་ཚེ་འདིའི་སྣེ་ཁྲིད་ལགས  

སྨྲ་བ་བཅད་པའི་ལུ་གུ། 

གཡུང་ལ་ཕབ་པའི་རྟ་ཕོ་དེའི
ཚེ་གང་གི་ལས་བསྐོས་སུ་གྱུར་པའི་སྒ་སྲབ་དེ
གདམ་གསེས་མིན་ཡང
ལས་དབང་གིས་བཙལ་བའི་ལེགས་སྐྱེས་ཤིག་མིན་ནམ

མི་ཚེའི་འདུལ་སྦྱོང་གི་གོ་རིམ་ཁྲོད
འཇམ་མོ་བལ་དཀར་གྱི་ཁ་ཆུའི་འོག་གི་སྨྲ་བ་བཅད་པའི་ལུ་གུ་དེ
སེམས་པ་ཤ་ཐང་ཆད་དེ
འཕག་འཚག་གི་རྣམ་པ་ཙམ་ཡང་མེད་ནས་ག་ཙམ་ཡིན

མིག་ལ་མི་རན་པའི་ཟློས་གར་དེ་དག
སེམས་ལ་མི་འགྲོ་བའི་འཁྲབ་ཚན་དེ་དག 
ད་ནི་སྤྱི་ཚོགས་དང་མི་ཚེ་ཞེས་པའི་ཐ་སྙད་གཉིས་ཀྱིས་
འགྲེལ་བཤད་བྱས་ཚར་རྗེས
མིག་ཟུང་བཙུམས་ཏེ་ཅི་ཡང་མི་མཐོང་ཁུལ་བྱེད་དགོས

རྗེས་ནས་འཇིག་རྟེན་ང་དང་འབྲེལ་བ་མེད
མིའི་རིགས་ཀྱི་སྐྱིད་སྡུག་ང་དང་འབྲེལ་བ་མེད
ངས་དབང་པོའི་སྒོ་ལྔ་བཀག་སྟེ
སྨྲ་བ་བཅད་པའི་ཉིན་རེ་ཕར་ཕར་བསྐྱལ་ཙམ་ཡིན

ལྷ་ཐོག་ཕོ་ལྷ།  ཁམས་འཇོ་མདའི་མི་ཡིན། ཆོ་མེད་པའི་དུས་རབས་འདི་ནས་ཡི་གེ་ཐ་ཐོར་འབྲི་ཤེས་པ་བདེ་སྐྱིད་ཅིག་ཏུ་འདོད་ཀྱིན་ཡོད། 

དྲྭ་དཔོན་དག་ནི། 

དྲྭ་དཔོན་དག་ནི
སྒལ་ཚིགས་མེད 
རུས་པ་མེད 
ངོ་གདོང་མེད 
དེས་ལས་ཀྱང་གལ་ཆེ་བ
ཕ་མ་ཡང་མེད 

དྲྭ་དཔོན་དག་ནི
མགོ་བོ་མེད 
མིག་ཟུང་མེད 
ཤ་ཁྲག་མེད 
དེས་ལས་ཀྱང་གལ་ཆེ་བ
སྐད་ཡིག་ཀྱང་མེད  

དྲྭ་དཔོན་དག་ནི
ཤོག་གུས་བསླུས་ཟིན་པས 
སེམས་པ་ཤོག་གུ་བཞིན་ཡང 
སྒོར་མོའི་རླུང་གིས་གང་སར་ཁུར་བས 
རིག་གཞུང་དང་ཁྱིམ་ཚང་བརྗེད་ཟིན 
               ༢༠༢༥/༡༠/༡༨

ཚུགས་ཀ 

རང་ཉིད་ཀྱི་ཚུགས་ཀ་འདིས 
གཞན་གྱིས་ང་ལ་སྨྱོན་པ་ཞེས་པའི་མིང་ཞིག་བཏགས
མིང་དེས་ང་མི་སྐྱིད་པ་བྱས 
ངའི་ནང་མི་ཡང་མི་སྐྱིད་པ་བྱས 

ང་རང་གཅིག་པུར་འགྲོ་བ
རང་ཉིད་ཀྱི་ཚུགས་ཀ་བཅོས་མ་འདོད་པས་རེད 

རང་ཉིད་ཀྱི་ཚུགས་ཀ་མ་བཅོས་པ་དག་ལ 
ངས་སེམས་ཀྱིས་དད་པ་བྱས་ནས 
ཁོ་ཚོ་གཞན་ལ་ངོ་སྤྲོད་ཀྱང་བྱས 

དོན་དུ་ང་ལ་ཚུགས་ཀ་ཞིག་ཡོད་མེད་ཀྱང་མི་ཤེས་པས 
ངས་ནན་ཏན་གྱི་ཚུགས་ཀ་ཞིག་འཛིན་འདོད་མ་བྱུང 
  ༢༠༢༤/༥/༡༦ཉིན་གྱི་ཕྱི་དྲོ་ཞིག་ལ་སྨྱོན་པ་བཞིན་ལམ་ཟུར་དུ་འགྱེལ་ནས་ནམ་མཁའ་ལ་བལྟས་པས་ངའི་ཚུགས་ཀ་འདི་གཞན་གྱི་མཐོང་ན་ཏན་ཏན་སྨྱོན་པ་ཞེས་པའི་མིང་དེ་འབོད་ངེས་བསམ་པའི་ཚོར་བ་ཞིག་བྱུང་བས་འཇང་ཡུལ་ནས་བྲིས་སོ།།

གསེར་ཁབ།   གྱ་དགུའི་ལོར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་སྐྱེས། སྔ་ཕྱིར་མདོ་དབུས་ཁམས་གསུམ་གྱི་དུས་དེབ་སྟེང་དུ་བརྩམས་ཆོས་བརྒྱ་ཡན་སྤེལ།   ད་ལྟ་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་དམའ་འབྲིང་དང་པོར་སློབ་གསོའི་ལས་ཀ་གཉེར་བཞིན་མཆིས།
                
མཚན་མོ་ཁྲ་ཁྲ།
                         
ཉིན་འདི་ཚོར་ཆར་པ་ཟིམ་ཟིམ་ཞིག་བབས།
ཉིན་འདི་ཚོར་རླུང་བུ་བསིལ་བསིལ་ཞིག་ལྡང་།
ཉིན་འདི་ཚོར་ངས་མུན་ནག་འོག་ཏུ་དམ་བཅའ་ཞིག་བཞག་སྟེ།
ཆེས་རིང་བའི་སང་ཉིན་ལ་རྒྱུ་འབྲས་ཀྱི་བློ་མིག་ཅིག་བསྒར་ཡོད།
དེ་ནི།     དོན་སྙིང་ཐག་གཅོད་བྱེད་པའི་གོ་རིམ་མ་ཡིན་པར།
ཕ་ཡུལ་མེད་པའི་རང་ཡུལ་ཁ་བ་ཅན་ཞེས་པའི་ཐ་སྙད་འདི་ཡིན།

ཉིན་འདི་ཚོར་རྨི་ལམ་དུ་སྤྱང་ཀི་ཡང་ཡང་འཁྲུངས།
ཉིན་འདི་ཚོར་ས་གཞི་ཧྲིལ་པོར་གཏམ་རྒྱུད་གཉིས་ཀྱི་འགོ་ཁུངས་བརྡོལ།
ཉིན་འདི་ཚོར་ངས་བར་སྣང་ཡོངས་ལ་འཇའ་ཚོན་གྱི་གུར་ཁང་ཞིག་ཕུབ་སྟེ།
འཕྲུལ་སྣང་གི་དུས་ཚོད་ཡོད་ཚད་ལ་མི་རིགས་ཀྱི་བློ་ཁ་སྦྱར་ཡོད།
དེ་ནི།    ཉེས་དམིགས་མཚོན་བྱེད་ཀྱི་སྙིང་སྟོབས་ཤིག་མ་ཡིན་པར།
བདེན་པར་སོ་ལྟ་བྱེད་ཤེས་པའི་སྲོག་ཆགས་ལེབ་ལེབ་ཅིག་གི་ཚེ་སྲོག་ཡིན།

ཉིན་འདི་ཚོར་རྒྱང་རིང་དུ་བྱེར་བའི་དྲན་པར་སྒོ་ལྕགས་ཤིག་བརྒྱབ།
ཉིན་འདི་ཚོར་ཆུང་མའི་སྟོད་ཁོག་ཏུ་བསྙལ་བའི་ནང་སྙིང་ལ་འོ་ཞིག་བྱས།
ཉིན་འདི་ཚོར་ངས་མི་རྒྱུས་མེད་ཅིག་ལ་མ་རིག་པའི་སྐད་ཆ་གསུམ་བཤད་དེ།
གནམ་སའི་བར་གྱི་བྱ་དངོས་མཐའ་དག་ལ་ཐ་སྙད་ཀྱི་ཨ་ལོང་ཞིག་བཏགས་ཡོད།
དེ་ནི།    བདེན་དོན་འགྲེལ་བྱེད་ཀྱི་ཁ་ལྕེ་དེ་མ་ཡིན་པར།
ངག་སྒོ་བཅད་པའི་བསྡུས་གཟུགས་ཁྲ་ཁྲ་འདི་ཁོ་ན་ཡིན།
        ༢༠༢༥/༡༢/༡༨ཉིན། ཐོ་རེངས་རྡོ་བའི་གྲོང་དུ་བྲིས།

གླིང་གི་ཕ་ས་མདོ་ཁམས་འདན་མ།
                         
ནུབ་མོ་དེར།  གྲོགས་པོས་སྐད་འཕྲིན་ནང་དུ་བསྐུར་བའི་འཕྲིན་ཡིག་ལ་བལྟས་ཚེ།
ང་དང་འདན་མ་1️⃣ཉེ་བར་གནས་ཀྱང་ཉེ་བར་བཅར་མི་ཐུབ་པའི་བར་ཐག་འདིས།
ལོ་མང་ལུས་སེམས་ཀྱི་ཟབ་སར་འཁྲིལ་བའི་ནད་རྟགས་ཤིག་ལ་བརྟག་དཔྱད་བྱེད་པ་དང་འདྲ་བོ་འདུག
དེ་རིང་སེམས་ཀྱི་དད་འདུན་ཡོད་ཚད་བོར་བའི་རུས་པར་སྒོ་ལྕགས་བརྒྱབ་སྟེ།
དངོས་འབྲེལ་ཁྱེད་ཁོ་ནར་ཕྱོགས་ནས་ཡོང་གི་ཡོད།    
གནས་འདི་རུ་ལོ་རྒྱུས་གསེབ་ཏུ་ཡིབ་པའི་ངའི་ཕ་མེས་ཚོའི་གཏམ་རྒྱུད་ཡོད།
གཏམ་རྒྱུད་འདི་དེབ་ཐེར་ལོགས་སུ་བཀོད་པའི་མག་མུག་གི་སྐད་ཆ་མ་ཡིན་པར།
ལེགས་བཤད་སྟོང་ཕྲག་མང་པོས་གྲུབ་པའི་ཚད་མའི་ལྡིང་ཁང་རེད།

འདན་མ།   ས་མཚམས་ཤིག་ནས་སྐྱོག་མི་ཐུབ་པའི་གཤོང་ས་ཞིག་དང་འདྲ།
མཐོ་ས་ཞིག་ནས་བལྟས་ན།  མེས་པོའི་ཁྲག་རྒྱུན་ལས་མཆེད་པའི་གྲིབ་མ་ཞིག་དང་འདྲ།
དམའ་ས་ཞིག་ནས་བལྟས་ན། ཕྱི་ནང་གསང་གསུམ་ཆུ་བོ་ཞིག་གིས་བཅད་པ་དང་འདྲ།

འདན་མ།   མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ་ཁམས་འདན་ཤོད་ཟེེར་བ་འདི།
གླིང་སྒྲུང་ནང་གི་མི་མིང་ས་ལ་ཐོགས་པ་ནང་བཞིན།
“ང་འདྲ་ང་ངོ་མ་ཤེས་ན།  ཤར་ལུང་རི་དྲུག་མཁར་ནང་ནས། 
གདན་ཁྲི་སུམ་བརྩེགས་ཡང་སྟེང་ནས། དཔའ་མི་འགྱུར་ཚ་ཞང་འདན་མ་”ཡིན་ཞེས་པ་དེའང་བདེན་སྣང་རང་ཤར།
གང་ལྟར་གང་ཡིན་ཡང་ཡིན་དུ་ཆོག་པའི་ང་ཡི་ཐུ་བྷོད།
ཆུ་བོས་བཅད་པ་དང་ཟམ་པས་སྦྲེལ་བའི་ལོ་རྒྱུས་ལ་སེམས་པ་གླན་དགོས་དོན་མི་འདུག
འགྲོ་བ་མིས་བཞེངས་པའི་ལོ་རྒྱུས་ཧྲིལ་པོ་བདེན་རྟོགས་བྱེད་ཐབས་བྲལ་བས།
སང་ཉིན་ང་སླར་ཡང་རྩྭ་ཐང་མལ་གདན་དུ་བྱས་ཏེ་གངས་རི་སྔས་སུ་བརྒྱབ་ནས་འགྲོ་དགོས་ཨང་།
     1️⃣ དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འབྲི་ཆུའི་འགྲམ་དུ་ཡོད། མིང་གཞན་དུ་འདན་ཁོག་ཀྱང་ཟེར།  
               ༢༠༢༥/༢/༡༢ཉིན། རྡོ་བའི་གྲོང་དུ་བྲིས།

གོ་ཁྲབ་ཉི་མ། དངོས་མིང་ལ་ཆོས་དབྱིངས་འགྱུར་མེད་ཟེར།  བོད་ལྗོངས་འཇོ་མདའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་དུས་རབས་ཉི་ཤུ་པའི་མཇུག་ལ་སྐྱེས་ཤིང་། ནང་ཆོས་ཀྱི་གཞུང་ལུགས་ལ་ཆེད་སྦྱོང་བྱེད་བཞིན། ཞོར་དུ་སྙན་ངག་ཐར་ཐོར་རེ་འབྲི་ཨེ་ཤེས་བལྟས་ནས་མི་ལོ་བཅུ་ལྷག་ཅིག་བརྒལ་སོང་། 

སྙན་ངག་ཁ་གང་མ།

ཁ་བའི་འདབ་མ་རླུང་དང་འགྲོག་སྟེ་འབབ། །
འདི་ཙམ་ཟེར་བ་ངས་ཀྱང་བགྲང་མ་ནུས། །
སྦྲུལ་ནག་འཁྱུག་པ་ལྟ་བུའི་གཞུང་ལམ་ཡང་། །
དུང་དཀར་ཕྱེ་མ་ཞིག་གིས་ཡོལ་བ་བྱས། །
བདག་གིས་མཐོང་བའི་ཉམ་ཆུང་བྱེའུ་འགའ། །
རང་གི་གནས་མལ་བོར་བའི་ཚུལ་དེས་ཀྱང་། །
དྭངས་གཙང་མིག་ཆུ་ཞིག་གི་སྣོན་མ་བྱས། །

ནམ་མཁའ་ས་རུ་ལྷུང་བའི་རྒྱང་རིང་གི །
ལ་མོའི་ཕན་ལས་མཐོང་ཐབས་མི་འདུག་ཀྱང་། །
ཁྱོད་རང་བཞུགས་པའི་ས་ཆ་སྒོམ་བཞིན་དུ། །
སེམས་ཀྱི་སྨོན་པ་རླུང་ལ་བསྐུར་བ་བྱས། །
ཤིན་ཏུ་གྲང་བའི་བོད་ཀྱི་དགུན་གཞུང་འདིར། །
བདག་གི་ངོ་གདོང་ཤིན་ཏུ་འཁྱག་པ་ཡང་། །
རྣམ་དག་བརྩེ་བ་ཞིག་གི་དན་རྟགས་ལགས། །

གནམ་ས་སྟོང་བར་ལུས་པའི་ཕ་ཡུལ་ནས། །
ཚོར་བ་རབ་ཏུ་འཁྱག་པའི་བུ་ཆུང་ང་། །
རིན་ཆེན་རིན་ཐང་བྲལ་བའི་སྙན་ངག་ཚིག །
སེམས་ཁམས་གསོ་བའི་བདུད་རྩི་སྨྲ་བཞིན་དུ། །
དྲན་པས་དྲན་པ་དེད་ནས་རྒྱང་རིང་ལ། །
མིག་ཟུང་ཀེམ་ཀེམ་གཡོ་བཞིན་སྡོད་པ་ཡང་། །
དྲན་པའི་ན་ཟུག་སངས་པའི་ཆེད་དུ་ཡིན། །
               2026 2 8 ཉིན་དགོང་མོར་བྲིས།

འཁོར་བའི་མེ་ཏོག

ལས་འཕྲོ་ཨ་ཡིག་གི་རང་བྱོན། །
ཆར་ཆུ་ཐིགས་པ་ཡིས་སྣོག་དུས། །
གནམ་མཐའི་དུང་མདོག་གི་ཟླ་བ། །
བརྩེ་བའི་མཚོ་ནང་དུ་ཚེས་བྱུང་། །
སྐར་མའི་མེ་ཏོག་ལས་ཡག་པའི། །
དྲི་མེད་དུང་དཀར་གྱི་ཟླ་བས། །
མཛེས་འཛུམ་མུ་ཏིག་གི་ཕྲེང་བ། །
སྲོག་གི་དམ་ཚིག་ཏུ་སྦྲུམ་སོང་། །

རྒྱ་ཆེན་ཁོག་ཡངས་ཀྱི་ནམ་མཁར། །
རྒྱུ་སྐར་སྣ་ཚོགས་ཀྱིས་གང་ཡང་། །
ཡིད་འཕྲོག་ཞི་ལྷོད་ཀྱི་ཐུགས་གཤིས། །
ཀུན་གསལ་ཟླ་བ་ལས་མི་འདུག །
དུང་སེམས་ལྷད་མེད་ཀྱིས་ཕབ་པའི། །
དམར་དམར་རྒྱ་ཚོས་ཀྱི་སེམས་འབུ། །
ལས་ལ་བསྐོར་ལོག་ཅིག་མེད་ན། །
འདང་གི་རུས་རྐང་ལ་བསྟིམས་ཆོག །

སོ་སྐྱེས་སངས་རྒྱས་ཀྱི་བར་དུ། །
མ་བགྲོས་གཅིག་མཐུན་དུ་ཡག་པའི། །
བཅོས་མིན་ལྷན་སྐྱེས་ཀྱི་མཛེས་སྡུག །
ཡོད་ཚད་ཁྱོད་ཉིད་ལ་དབང་སོང་། །
དུང་སེམས་ཚེ་ལུས་ཀྱི་མེ་ཏོག །
དབྱངས་ཀྱི་རྒྱུད་སྐུད་ལ་དྲངས་ཏེ། །
དགའ་སྐྱོ་འཁོར་འདས་ཀྱི་ལམ་བུ། །
བསམ་དཀར་གཞུང་དྲང་གིས་བརྒལ་འགྲོ། །

ཚེ་སྲོག་རྨི་ལམ་གྱི་འཇའ་རིས། །
ནམ་ཡལ་ངེས་བརྟན་ཞིག་མེད་ཀྱང་། །
སྣང་བའི་བདེན་ཞེན་གྱི་འཚང་ཁ། །
ད་ལྟ་ཡལ་ཚོད་ཅིག་མ་རེད། །
ཚུགས་མེད་སོ་སྐྱེ་ཡི་སེམས་པ། །
ཁྱོད་ལ་འཁྲེངས་ཚུལ་ཞིག་བྲིས་ན། །
ལས་ལ་གས་ཆགས་ཤིག་བྱུང་དུས། །
གུ་ཡངས་གཏོང་ཐབས་ཤིག་མི་འདུག །
                25 8 14 ཉིན་སྤོས་ལྡན་གྲོང་ཁྱེར་ནས་བྲིས།

དམར་ཁ་ཚ། དངོས་མིང་་ལ་ཡ་མ་ཚེ་རིང་ཟེར། ༢༠༠༣ལོ་ཆབ་མདོ་འཇོ་མདའ་རྫོང་གཏེར་སྟོན་ཡུལ་ཚོའི་འབྲོག་སྡེ་དཀྱུས་མ་ཞིག་ཏུ་སྐྱེས། ད་ལྟ་རྩོམ་ཡིག་ཐར་ཐོར་བྲིས་ཏེ་མི་ལོ་ལྔ་ཙམ་སོང་ཟིན་ཞིང་ནང་ཆོས་ལ་ཐོས་བསམ་ཀྱི་ཞོར་དུ་མུ་མཐུད་ཚོར་བའི་དབྱངས་རྟ་དང་འགྲོགས་པ་ནི་དགའ་ཕྱོགས་སུ་ཆགས་ནས་ཡོད།

གསོན་དཀའི་ཚོར་བ། 

ལན་ཆགས་བུ་ལོན་གྱིས་འཁོར་བར་ཉུལ་ཏེ།།
ཡུན་ཐུང་མི་ཚེ་འདི་ཇི་ལྟར་རྫོགས་སམ།།
འདུ་འཛི་སྣ་མང་གི་འཚོ་བའི་ཁྲོད་དུ།།
གསོན་དཀའི་ཚོར་བ་ལ་འཛད་དུས་མི་འདུག།

བྱིས་དུས་སྣང་བ་དེ་དྭངས་གཙང་ཡིན་ཡང་།།
གཞོན་པའི་ལོ་ཚོད་འདི་རིམ་གྱིས་བགྲོད་དེ།།
ནམ་ཞིག་མི་ཚེ་ལ་འདང་རྒྱག་བྱུང་དུས།།
མ་འོངས་རྨི་ལམ་ལ་སེམས་ཁྲལ་ཡོང་གི།

ཆ་མེད་རྒྱུས་མེད་ཀྱིས་བསླུས་པ་མིན་ལ།།
སྟོབས་འབྱོར་ཕུན་ཚོགས་ཀྱིས་དབུལ་བ་མིན་ཡང་།།
ཡུན་འདྲིས་མི་ཚོགས་ཀྱི་ཕྱི་ཐག་བསམ་ནས།།
ཁེར་རྐྱང་འཚོ་བ་ལ་ཡིད་སྨོན་འཆོར་སོང་།།

ལན་རེར་འཛུམ་ཞལ་གྱི་ཟླ་བ་ཚེས་ཤིང་།།
ཐེངས་རེར་ཁ་ཚིག་གི་མེ་ཏོག་བཞད་ཀྱང་།།
མ་ངེས་མི་གཤིས་ཀྱི་སོས་ཀའི་གནམ་ངོ་།།
བཅོས་མའི་མི་ཚོགས་ཀྱིས་སེམས་པ་བསད་ཀི།།

བས་མཐའི་འཚོ་བ་ལ་ཚེ་ཕྱེད་རྫོགས་ཀྱང་།།
མི་ཚེའི་བདེ་སྐྱིད་ལ་རོལ་མྱོང་མེད་པས།།
མི་རྟག་འཆི་བ་དེ་ཉེ་ཡོང་བསམ་ནས།།
སེམས་ཀྱི་ལྷིང་འཇགས་ཤིག་ཡོང་བར་མི་འདུག།

གཞིས་ཁྱིམ་ཕྱུག་མོ་རུ་དྲོད་ཀྱིས་ཁེངས་ཤིང་།།
འབྱུང་བཞི་གཟུགས་པོ་ལ་ནད་ངན་མེད་རུང་།།
འཁོར་བའི་རང་གཤིས་ལ་ལོབ་དུས་དབེན་པས།།
གསོན་པའི་འཚོ་བ་འདིར་སྡུག་གིས་གང་སོང་།།

དབེན་པའི་ནགས་ཀློང་གི་རས་གཟན་འོག་ནས།།
ཁྱིམ་ཐབ་གསོ་སྐྱོང་གི་འགན་ཁུར་མེད་ཀྱང་།།
འཁོར་བའི་བསླུ་བྲིད་ལ་གཡོ་ཐབས་མེད་པས།།
སེམས་ཀྱི་ཞི་བདེ་ཞིག་རྙེད་པར་མི་འདུག།

ཐོས་བསམ་སློབ་གཉེར་གྱི་སྐལ་བ་བཟང་བས།།
གུ་ཡངས་བློ་བདེ་ཞིག་ཡོང་ན་འོས་ཀྱང་།།
སྣ་མང་འཇིག་རྟེན་ལ་འདྲིས་པ་མེད་པས།།
སྡུག་གི་སྨྲེ་སྔགས་ཤིག་དབང་མེད་ཤོར་སོང་།།
 
འཁོར་བ།

སྐྱིད་སྡུག་རེས་མོས་ཐོག་ཏུ་སྨིན་པ།།
ཞེ་སེམས་སྨྲེང་བའི་གཞི་མ་ཡིན་འགྲོ།།
འཁོར་བ་སྡུག་གི་རྒྱ་མཚོའི་ནང་དུ།།
ལྟེ་ཁྲག་འཐོར་བ་ཅི་ཡི་ལན་ཆགས།།

འདུ་འབྲལ་མང་བའི་སྐྱོ་གདུང་མོད་པོ།།
ལྷན་འཛོམས་ཉུང་བའི་གཏམ་རྒྱུད་རྫོགས་མེད།།
འཚོ་བའི་ཁ་དོག་ཅི་འདྲ་ཡིན་རུང་།།
འཁོར་བའི་བསླུ་བྲིད་མེད་པར་མི་འདུག།

ཐེངས་རེར་འཁོར་བ་བརྩེ་དུང་མཚོ་མོ།།
ལན་རེར་འཁོར་བ་མུན་པའི་འཇིག་རྟེན།།
མངར་སྐྱུར་འདྲེས་མའི་ཚོར་བ་ཡོད་དོ།།
སྲིད་པའི་བུ་མོའི་ཆོ་འཕྲུལ་ཡིན་སོང་།།

དེ་རིང་དགའ་ཞིང་དགའ་བའི་དགོད་སྒྲ།།
སང་ཉིན་སྐྱོ་ཞིང་སྐྱོ་བའི་མིག་ཆུ།།
མ་ངེས་སྐྱིད་སྡུག་འཁོར་བའི་གཤིས་ལ།།
འདྲིས་དང་ལོབ་པའི་དུས་ཤིག་མི་སྲིད།།

འཁོར་བའི་བུ་མོ་གཡོ་ཐབས་མཁས་པས།།
སྐྱེ་བ་གཅིག་ལ་ལན་ཆགས་མང་བ།།
དཀར་པོ་དགེ་བའི་ཕྱོགས་སུ་ཆས་ཀྱང་།།
བསླུ་བྲིད་འོག་ནས་ཐར་ཐབས་མི་འདུག།

ཡུན་ཐུང་མི་ཚེའི་དར་རྒུད་ཁྲོད་དུ།།
གཤིན་རྗེའི་ཕོ་ཉ་ནམ་ཉེ་ཆ་མེད།།
འཚོ་བའི་བདེ་སྐྱིད་ཇི་ལྟར་བཙལ་ཡང་།།
འཁོར་བའི་ངལ་དུབ་ཟད་པར་མི་འདུག།

སྙིང་དང་འདྲ་བའི་ཕ་མ་སྤུན་མཆེད།།
ཆུང་ནས་འདྲིས་པའི་རྩེ་རོགས་ན་ཟླ།།
ཡོད་ཚད་འཁོར་བའི་པང་དུ་འཚོ་བས།།
འདུ་བྲལ་སྐྱོ་བའི་ཆང་གིས་བཟི་སོང་།།

ཕྱི་མའི་བདེ་སྡུག་ཞེ་ལ་ཐོགས་ཀྱང་།།
ཀུན་རྫོབ་བློ་ཡི་མེ་ལོང་ངོས་སུ།།
འཁོར་བའི་མཛེས་པ་ཡང་ཡང་འཆར་བས།།
གཤིན་རྗེ་ཁྲོས་པའི་ཉེས་བྱས་མང་སོང་།།

བརྟགས་ཤིང་བརྟག་ཚེ་འཁོར་བའི་ཐང་ན།།
སྙིང་པོ་ཟེར་བ་གང་ཡང་མེད་ཀྱང་།།
བསླུ་བྲིད་བསླུ་བའི་སྒྱུ་མའི་འོག་ནས།།
ཞེན་ཆགས་རྟ་རྒོད་ཟིན་པར་མི་འདུག།

འཁོར་བའི་ཉེས་དམིགས་ཡོངས་སུ་ཟད་དེ།།
ལས་ཀྱིས་བསྐོས་པའི་འཆི་བདག་མདུན་ནས།།
མི་འཇིགས་སྤོབས་པའི་གདེང་ཚོད་རྙེད་པར།།
ད་དུང་སྐྱེ་བ་མང་ཙམ་དགོས་འདྲ།།

ཀླད་ཀོར། གོ་རབས་པ། སྨར་ཁམས་བྱིས་གྲོངས་ལུང་པའི་མི། སྒྲུང་འབྲིང་དེབ《རོ་ལངས》དང་། སྒྲུང་ཐུང་དེབ《དུས་ཚོད་ཁྲ་ཁྲ》གཉིས་དཔར་ཡོད།

གྲིབ་མ།
  
རྣམ་ཤེས་ནི་ལུས་ཀྱི་གྲིབ་མ
འོད་སྣང་མེད་པའི་མཚན་མོ་ཡང
ཁྱོད་ཀྱི་རྗེས་སུ་འབྲང
ཁྱོད་རང་བསྡད་ཚེ
ཁོ་རང་བསྡད
ཁྱོད་རང་འགུལ་ཚེ
ཁོ་རང་འགུལ
ཁྱོད་ཀྱིས་རྨི་ལམ་རྨིས་ན
ཁོས་ཀྱང་རྨི་ལམ་དེའི་གྲིབ་མ་རྨིས
སྡིག་པ་ཁྱོད་ཀྱིས་བསགས
རྣམ་སྨིན་ཁོ་ལ་འཁོར།

གངས་རི།

ང་རང་བྱིས་པ་ཡིན་དུས
ཨ་ཕ་རྩྭ་ཐང་་དུ་འགྲེང་སྟེ
“གངས་རི་མཐོང་གི་འདུག་གམ”ཞེས་དྲིས།

ངས“ཨ་ཕ། གངས་རི་གང་དུ་འདུག
རྩ་བ་ནས་མཐོང་གི་མི་འདུག”ཅེས་བཤད།

ཨ་ཕས་ང་རང་ཁོའི་ཕྲག་པར་བླངས་སོང
ངས་ཨ་ཕའི་མིག་ལམ་དུ་ཤར་བའི
གངས་རི་དཀར་པོ་དེ་ལས་ཀྱང
དཀར་ཞིང་མཐོ་བའི་གངས་རི་ཞིག་མཐོང་བྱུང་།

ངའི་ལུས་པོར་རྔུལ་ཆུ་ལངས་ཡོད་ནའང
གྲང་བ་ཞིག
ངའི་སྙིང་ག་ནས་རྩ་ལམ་གང་སར་རྒྱུ།

ཐག་རིང་གི་གངས་རི
ཨ་ཕའི་དབུགས་ཀྱི་རྒྱུ་བ་མཉམ་དུ
ཕར་གཡོ་ཚུར་གཡོ་བྱས།

ད་ལྟ་ཨ་ཕས་ང་རང
རྩྭ་ཐང་དུ་བཞག་བྱུང
གངས་རི་སྔ་བཞིན་ངའི་མིག་མདུན་དུ་འདུག
ང་རང་ངལ་ཏེ
དབུགས་ཀྱི་རྒྱུ་བ་ཡང་ལེན་དཀའ
ངའི་ཕྲག་པར་གངས་རི་ཆེན་པོ་ཞིག་བཞག་ཡོད་པ་ཚོར།

ཕྲག་པའི་ཐོག་གི་ངའི་བུ་ཆུང་གིས
“ཨ་ཕ། ངས་གངས་རི་མཐོང་བྱུང
ངས་ངོ་མ་གངས་རི་མཐོང་བྱུང”ཟེར།

རྒྱ་སེ།

ང་རང་ད་ལྟ
ཐག་འཁྱུད་མེ་ཏོག་དང
ཤིང་པད་མ
མུ་མེན་མེ་ཏོག་གིས་ཁེངས་པའི་
ལྡུམ་རའི་ནང་དུ་ཡོད།

མེ་ཏོག་ལྡུམ་རའི་གང་སར
ང་རང་དགའ་པོ་ཡོད་པའི
རྒྱ་སེ་མཐོང་རྒྱུ་མི་འདུག

ཁྱོད་ཀྱིས་བཏང་བའི
སྙིང་དམར་གཟུགས་ཅན་གྱི་འཕྲིན་པ
རྒྱ་སེའི་ཚབ་བྱེད་ཨེ་ཐུབ་སྙམ།

ཁྱོད་ཀྱིས
“འཕྲིན་པ་འདི
རྒྱ་སེ་དང་མཉམ་དུ
ཁྱོད་ལ་འབུལ”ཟེར།

ངའི་སྣ་ལམ་དུ
དབུ་མེད་ཀ་ཁའི་ཡི་གེས་བྲིས་པའི
རྒྱ་སེ་ཆུན་པོ་དེའི
དྲི་ངད་ལྡང་།

དངོས་མིང་ལ་བྱམས་པ་རབ་བརྟན་འབོད་ཅིང་དྲ་མིང་ལ་སྙན་རྐང་གླིང་ཞེས་བཏགས། སྤྱི་ལོ་༢༠༠༠་གཡས་གཡོན་དུ་ཕ་ཡུལ་ཆབ་མདོ་གྲོང་ཁྱེར་མཁའ་རོ་ཆུས་རོང་འབྲོག་དཀྱུས་མ་ཞིག་ཏུ་སྐྱེས། བོད་ཁུལ་གྱི་དུས་དེབ་མང་པོར་རྩོམ་ལུས་མི་འདྲ་བའི་རྩོམ་ཡིག་མང་དག་ཅིག་སྤེལ། ད་ལྟ་ཡང་རྩོམ་རིག་དང་གཞས་ཚིག་དག་ལ་མུས་ནས་བརྩོན་པ་བྱེད་ཀྱིན་ཡོད།

ཐོལ་གྱིས་འཕྱུར་བའི་འཆར་ཡན།

བཅོ་ལྔའི་ཟླ་བ་གཙང་བོའི་འགྲམ་དུ་འཕྲོས།།
གསེར་མིག་ཉ་ཁྱུས་འཁྱུག་གར་ངོམ་བཞིན་དུ།།
ལྡེམ་ལྡེམ་གཙང་ཆུ་ཀློང་དུ་ཆུ་རྐྱལ་རོལ།།
བདག་མེད་ཉ་ཚོགས་སྣང་བ་གར་ལ་རྩེན།།

མཚན་གྱི་ཨ་སྔོན་དབེན་པའི་མཁའ་ཀློང་ན།།
སྤྲིན་དཀར་ཐར་ཐོར་མཆིས་པའི་གཡས་གཡོན་ནས།།
བཅོ་ལྔའི་ཟླ་གཞོན་གསལ་བའི་ལང་ཚོ་ཡིས།།
ང་དང་འདྲིས་པའི་བྱམས་པ་སྣང་བ་དྭངས།།

ཤིག་ཤིག་གཡོ་བའི་ལྗོང་ཤིང་ཕང་ཕུང་ཀུན།།
འཇམ་པའི་རླུང་གིས་མགོ་ལྕོག་ལྡེམ་བཞིན་དུ།།
མཉེན་པའི་ཟུར་གྱིས་ཡང་བ་འགྱུར་བའི་ངང་།།
ཟླ་བའི་འོག་ནས་གཡོ་བའི་རྣམ་པ་མངོན།།

ཟླ་བའི་སྤྱན་མིག་མུ་མེད་མཐའ་རུ་གསལ།།
ཆད་མེད་བྱ་བྱིའུས་སྐད་ཅོར་འདོན་བཞིན་དུ།།
སྣང་བ་དྭངས་པའི་ངང་ནས་འཕུར་དགའ་རྩེ།།
མུ་མེད་ཀློང་དུ་དགའ་བའི་ཉམས་ཤིག་སྟོན།།

ཁེར་རྐྱང་སྡོང་རྒན་སྐྱ་བོར་རྒྱབ་ཏུ་སྙེས།།
མཐའ་ཡས་མཚོ་རུ་མིག་ཟུང་ཤུགས་ཀྱིས་ཅེར།།
ཟླ་བས་བདག་ལ་ལྟས་ནས་དགོད་བཞིན་དུ།།
ཚོར་བའི་སྣང་བ་ངའི་སེམས་ཆར་དུ་ཕབ།།

གཙང་འགྲམ་རྩྭ་འཇག་ལྡེམ་པའི་ཟུར་སྣེ་ནས།།
ང་ཡིས་རྐང་གླིང་སྙན་པ་འབུད་བཞིན་དུ།།
མི་མེད་རྐང་ལམ་ལན་རེ་བརྒལ་བ་ཡིས།།
ཟླ་བས་བདག་ལ་གཅེས་པའི་འཛུམ་རེ་བྱུང་།།

ཤར་གྱི་མཐོ་བའི་སྒང་ནས་ཟླ་བ་འཛུམ།།
ངའི་སེམས་ཚོར་རྟོག་རྒོད་པའི་སྣང་བ་ཡིས།།
སྙན་ངག་ལན་རེ་འབྲི་བའི་འདུན་པ་ལས།།
འདི་ལྟར་ཕལ་བའི་འཆར་ཡན་བྲུགས་ལ་བྲེལ།།
                ༢༠༢༥.༡༠.༨.ཉིན།

དགུན་དུས་ཀྱི་བོད་ལྗོངས།

ནམ་ཟླ་སྐད་ཅིག་འགྲོས་པ་དྲི་བཞོན་རླུང་།།
མི་ཚེ་འདི་ལྟར་རྫོགས་པ་ཚོར་བཞིན་དུ།།
འདུ་བྲལ་འཁོར་བའི་ཁྲོད་ནས་མི་རྐྱང་གིས།།
ཚོར་བའི་དབྱར་རྔ་རྡུང་བཞིན་ལོ་ཟླ་བསྐྱལ།།

གངས་ལྗོངས་ཡིད་འོང་འཛིན་མའི་ལྟོ་བ་རུ།།
བསིལ་ལྡན་བརྗིད་པའི་བཻཌཱུར་འགྱིང་བ་ལྟར།།
གང་ཕྱོགས་མཐོང་བའི་མོད་ལ་མཛེས་པ་ཡིས།།
གངས་དཀར་སྐྱིད་པའི་ཚོར་བ་ཡིད་སེམས་མྱོས།།

དྭངས་གཙང་ཁོར་ཡུག་མཛེས་པའི་ཞིང་ཁམས་སུ།།
ཁ་བ་ལྷབ་ལྷུབ་གཡོ་བའི་སེམས་ཚོར་འདི།།
མཛེས་པའི་ལྭ་དཀར་གསོལ་བའི་དགའ་སྟོན་བཞིན།།
དུས་ཚིགས་འདི་ཡང་མཛེས་པས་སྣང་བ་འབྱུང་།།

ས་མཐོ་རི་རབ་འགྱིང་པའི་ལྗོངས་ཆེན་དུ།།
རྨད་བྱུང་ཁ་བའི་དོ་ཤལ་ལེགས་སྤྲོས་ནས།།
རྫ་ངོགས་སྐེ་རྒྱན་དཀྲིས་པའི་རྣམ་པ་སོགས།།
རི་ལུང་མཚར་སྡུག་འབུམ་གྱི་གཟི་བྱིན་སྟུག།

སྟོད་ཕྱོགས་སྨུག་ཞག་ལང་ལོང་གང་སར་འཁྲིགས།།
ནགས་ཀློང་ཚང་ཚིང་དབུས་ནས་བྱ་ཁྱུ་ཡིས།།
སྙན་པའི་གསུང་དབྱངས་དིར་དིར་སྒྲོག་བཞིན་དུ།།
ཕན་ཚུན་དུང་བའི་བརྩེ་དགའ་ཅི་ཡང་འཁྱུད།།

ན་བུན་དལ་དལ་རི་ཚོགས་སྐེ་དཀྲིས་བཅིངས།།
ཁོར་ཡུག་འཁྱག་པའི་རྣམ་པ་ད་ཚུར་སྟོན།།
ཆུ་ཕྲན་ལྷུང་ལྷུང་ཁ་བའི་འཁྱག་པས་བསྡམས།།
ཚོར་བའི་སྣང་སེམས་ཆུ་རིས་འཕྱོ་ཞིང་རྒོད།།

སྟོན་མཇུག་ལོ་མ་སེར་ཆེན་ཐང་དུ་ལྷུང་།།
འཇམ་པའི་རླུང་གིས་རྡོག་པའི་ལམ་དུ་དེད།།
ཚོར་བའི་འཆར་ཡན་སྔོག་པའི་མདའ་སྣེ་བཞིན།།
རང་སྣང་ཚོར་བའི་ལྡིང་ཁང་ཉུལ་བར་ཟིང་།།

ཟླ་བ་ལམ་ལམ་འཚེར་བའི་དགོང་ཁ་ནས།།
གཙང་འགྲམ་བྱ་ཁྱུ་མཛེས་པའི་གར་དང་སྡོང་།།
རྩྭ་འཇག་རླུང་གིས་བདས་པའི་སྣང་བ་ལས།།
བྱུང་བའི་ཚོར་སྣང་སེམས་ཀྱི་རྒྱ་མཚོ་དཀྲུགས།།

ཕྱི་ཡི་ཁོར་ཡུག་གྲང་བས་མནར་ན་ཡང་།།
ནང་སེམས་ཚོར་བའི་རླབས་རྒྱུན་མཁའ་རུ་རྩེན།།
སྟོན་ཟླའི་ཚོར་བས་མྱོས་པའི་ལུས་སེམས་ལ།།
སྙན་ངག་གླེགས་བམ་ཞིག་གི་སྔས་མགོ་བྱས།།

ཁེར་རྐྱང་སྒེའུ་ཁུང་ངོས་ནས་ཕྱི་མིག་འཐེན།།
ཆང་དྲི་རབ་ཏུ་འཐུལ་བའི་བོད་ཆང་ཞིག།
དམ་བེ་འགའ་ཞིག་འཐུང་ནས་ར་རོར་བཟི།།
ཚོར་བའི་རྟ་ཁྱུ་འཇུ་མེད་གང་སར་འདྲོགས།།
              ༢༠༢༥.༡༢.༣.ཉིན་ནས་བརྩམས།

དངོས་མིང་ལ་དབྱངས་ཅན་སྒྲོལ་དཀར་ཟེར་ཞིང་བྱིངས་ཀྱིས་དབྱངས་ཅན་མ་ཡང་འབོད།  ཕ་ཡུལ་ཁམས་རི་བོ་ཆེ་ནས་ཡིན།  མོ་ན་རེ། ང་རང་མི་མོ་ཤིན་ཏུ་བསོད་ནམས་ཅན་ཞིག་ཡིན་པ་འདྲ་བས་ཚེ་འདིར་ལྷ་མིའི་ཆོས་ཀྱི་དྲོད་ཁོལ་ཡོད་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། དེར་མ་ཟད་དྲིན་ཆེན་ཕ་མ་གཉིས་དང་བླ་མ་དང་དགེ་རྒན་དག་གིས་ཆུང་དུས་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཞིབ་དཔྱོད་བདེན་འཚོལ་བྱེད་པའི་གོ་སྐབས་ལྟ་ན་སྡུག་པ་ཞིག་སྤྲད། དེར་བརྟེན་ནམ་རྒྱུན་ལས་སྐལ་ཤིན་ཏུ་བཟང་ཨང་སྙམ་པའི་དགའ་སྤྲོའི་སྤོབས་པ་དང་བཅས་ཏེ་རང་ནུས་གང་ཡོད་ངང་ལོ་སྣེར་ཟླ་མཐུད་ཀྱིས་ཆོས་སྲིད་གཉིས་ཀྱི་རིག་གཞུང་ཆེ་ཕྲ་ཀུན་ལ་འབད་འབུངས་བགྱིས་ཤིང་བགྱི་བར་འགྱུར་བ་ཡང་ལགས།  ལྷག་ཏུ་རང་གི་ཕ་སྐད་མ་ཡིག་ལ་གཅེས་སྲུང་ཀྱི་བསམ་བློ་བརྟན་པོ་ཞིག་ཡོད། 

རྒྱང་རིང་ཟླ་བ།
                             
སྐྱོ་སྐྱོ་མ་གནངས་རྒྱང་རིང་ཟླ་བ་ལགས།།
མཇལ་འཛོམས་མི་འདུག་སྙམ་ནས་མ་སྐྱོ་ཨང་།།
མི་སེམས་ཆར་གྱིས་བརླན་པའི་རི་སུལ་ནས།།
དྲན་པའི་སྨུག་སྤྲིན་དྭངས་བ་མི་འདུག་ཨེ།།
ཉེ་ཡང་འཇའ་ཚོན་ལག་གིས་ཟིན་པ་མེད།།
རིང་ཡང་འཇའ་མདངས་ཞེ་རུ་འཚེར་ན་ཆོག།
སིམ་གདུང་ཚོར་བའི་རྔུལ་ཆུ་བྲུག་པ་ན།།
ཞེན་ཆགས་རྨི་ལམ་སྒྱེ་གང་རུམ་ལ་བཅུགས།།
ནང་སེམས་ཁོ་ནས་ཁྱོད་རང་ཚོར་བར་བྱས།།

མུན་པ་རབ་རིབ་རྗེས་སུ་མ་ཉུལ་དང་།།
སྲེད་པའི་མེ་ཆེན་འབར་བའི་སྲང་ལམ་དུ།།
འདོད་ཡོན་སྒྱུ་མ་མཁན་གྱི་ཟློ་གར་ལས།།
གར་མའི་སྨྱོས་བུམ་རྩེན་པའི་རྒྱ་གྲོང་དུ།།
འགྱུར་མེད་ཚེ་བུམ་ལག་ཏུ་མི་ཐོབ་ཨང་།།
ཕྱིར་ལ་ཕེབས་དང་ཉ་གང་ཟླ་བ་ལགས།།
འཕྲོག་བྱེད་ཡུ་མོ་འཛུམ་པའི་ཞེ་འདང་ལ།།
བག་ཡངས་རྩེད་དགའི་རོལ་མོ་ཅི་ཡང་འཁྲོལ།།

སྐྱ་ཐག་ཆད་པའི་གྲོང་གི་ཨར་ཁང་དུ།།
སྐྱོ་གདུང་འཇག་སྐྱ་འཐོར་བའི་ངོ་གདོང་ལ།།
ཡི་ཆད་མེ་ལོང་ཆག་རོ་མི་སྟོན་རོགས།།
ཕྱིར་ལ་གཟིགས་དང་སྔོ་ལྗང་ནམ་མཁའ་ལ།།
འདི་ན་ཧམ་འཐོབ་ལྕེབ་པའི་ཁྱི་གུ་མེད།།
རྩྭ་ཐང་འདི་རུ་གྲིབ་ཆེན་གུག་ན་ཡང་།།
གྲིབ་མའི་ནང་དུ་རང་ཉིད་གཅིག་པུ་ཡིན།།
ཁྲེལ་གཞུང་མི་འདུག་སྙམ་ནས་མ་ཁྲེལ་དང་།།
ཕྲ་རྒྱས་གོ་བརྒྱད་མཐིལ་ནས་ཁྱེད་རང་བགྲངས།།
སེམས་དང་སེམས་བྱུང་དབུས་ནས་ཁྱེད་ཉིད་གླེང་།།
བསམ་གཟུགས་སྟོང་ཆེན་མཁའ་རུ་ཁྱེད་ཉིད་བྲིས།།

ཡར་ལ་གཟིགས་དང་དགའ་ལྡན་ཕོ་བྲང་མཐིལ།།
རིག་རྩལ་པད་མའི་འདབ་བརྒྱ་གྲོལ་བའི་སྟེང་།།
སྐལ་ལྡན་བུང་བའི་འཕུར་ལྡིང་གཡོ་བའི་དབུས།།
སྙིང་སྟོབས་དོགས་པས་ཁྱེར་བའི་ན་ཆུང་མ།།
གཤོག་ཡ་ཆད་པའི་བྱེའུ་རྨས་མ་བཞིན།།
སྒྱིད་ལུག་ལེ་ལོའི་ཁུད་ནས་གང་དུ་འཕུར།།
མིག་ཟུང་རབ་རིབ་གསེང་ནས་སུ་ལ་སྒུག།
འཛུམ་ལ་སྐྱོ་ཉམས་དོད་པ་སུ་ཡི་ཆེད།།
སྤྱན་རས་གཡོ་ཙམ་གནང་ངམ་ཇོ་ཇོ་ལགས།།
སྡེ་ཆེན་རྒྱ་གྲོང་དཀྱིལ་གྱི་མི་རྐྱང་ཁྱོད།།
སྐྱོ་ཞིང་གདུང་བའི་ཞལ་རས་རོག་རོག་གིས།།
རྒྱང་རིང་ཡུལ་ནས་སུ་ལ་སྒུག་གིན་ཡོད།།

ཕྱི་ཐག་གཙང་ཆེན་བཞུར་བའི་ཟམ་པའི་སྟེང་།།
ལས་ཀྱི་མེ་ཏོག་ཐོགས་པའི་ན་གཞོན་ཀྱེ།།
ཕར་ལ་མི་འགྲོ་ཕྱིར་ལ་མི་ཡོང་བའི།།
ཁྱོད་རང་དེ་ནས་ཇི་ཙམ་བསྒུག་རྒྱུ་ཡིན།།
གཏན་གྲོགས་ཡུལ་དུ་ལུས་པ་མ་་ཡིན་ནམ།།
ཁྱེད་ཀྱི་འགྱུར་མེད་ཚིག་དང་གདུང་བའི་དབྱངས།།
སྐྱོ་སྐྱོའི་རྣ་བར་འཁྲོལ་བའི་དྲན་པའི་མགུར།།
སེམས་ཆུང་བུ་མོའི་རྒྱན་དུ་མི་ཆུད་ཨང་།།
ཕྱིར་ལ་ཕེབས་དང་རྒྱང་རིང་ཟླ་བ་ལགས།།

གསོན་སྙིང་མི་འདུག་གསུང་ནས་མ་ངལ་དང་།།
ལས་ཀྱི་མེ་ཏོག་གད་པའི་དྲི་བསུང་གི།
མི་ལོ་དགུ་ཡི་ལོ་ཟླ་མ་དྲན་ཡང་།།
སྐྱོ་སྐྱོའི་གདོང་གི་ཟིལ་བ་མི་མཐོང་ངམ།།
འདི་ན་རིག་གཞུང་པད་མའི་སྦྲང་རྩི་ལ།།
ཅི་དགར་སྤྱོད་དུ་ཡོད་པའི་ལས་ཅན་གྱིས།།
གུ་ཡངས་བདེ་བའི་ཉམས་རབ་འབར་མཐོང་ཚེ།།
ཆུ་འཛིན་སྟུག་པོས་གཡོག་པའི་མུན་གྲོང་དུ།།
རིག་པའི་བུ་ཆུང་གཉིད་དུ་ཤོར་བ་ཡི།།
གཞོན་པའི་ལང་ཚོ་འཛད་པའི་ལོ་ཟླ་ལ།།
བལྟ་བར་མི་ཕོད་སེམས་ཀྱིས་མི་བཟོད་ན།།
ཕྱིར་ལ་ཕེབས་དང་རྒྱང་རིང་ཟླ་བ་ལགས།།

སྨུག་པའི་གསེང་གི་རྟོག་འགྱུ།

ལོ་ཟླ་བ་འདས་པའི་རྨི་ལམ་གྱི་ངོགས་ན།།
མཁར་བཙན་པོའི་དབུ་རྩེ་དགུང་སྔོན་དང་མཉམ་པའི།།
རི་ཧི་མ་ལ་ཡའི་མདུན་རྒྱབ་ཀྱི་གཟི་བྱིན།།
དུས་ད་ལྟ་དྲན་ན་ང་རྒྱལ་གྱིས་བཟི་ཡོང་།།

མུ་མེད་པའི་ཡངས་པའི་རྩྭ་ཐང་གི་ཕང་བར།།
རྡོ་བྱེ་མ་བརྩེགས་པའི་ལྷ་ཀླུ་ཡི་འདམ་རས།།
ལུག་གཡང་དཀར་སྲུང་བའི་རྫི་བོ་ཡི་ངོ་གདོང་།།
འཛུམ་ལྷགས་པས་ཁྱེར་བའི་མུན་ནག་གིས་གཙེས་སོང་།།

ཉམས་སྣང་བ་འུར་བའི་སྙན་ངག་གི་རྒན་པོའི།།
ངག་ལྗོན་ཤིང་འདར་བའི་དབྱངས་གསལ་གྱི་རྒྱུད་སྐུད།།
ཚིག་གཡུང་དྲུང་རི་མོས་སོར་རྩེ་ལ་དྲངས་ཀྱང་།།
ལོ་སྣང་བ་མཐོ་བའི་གཞོན་ཆུང་གིས་མི་ཚོར།།

གཞི་རང་སྣང་འཁྲུལ་བའི་གཅོང་རོང་གི་རྦ་རླབས།།
སེམས་རེ་དོགས་འཕྲང་ལས་ཕྱིར་ཕྱིར་རང་བཞུར་བའི།།
བཀའ་གཞུང་ལུགས་ཚལ་དུ་ཉིན་མཚན་ཀུན་འདུར་ཡང་།།
ལས་ངར་འཛིན་འཆིང་བས་མུ་མེད་དུ་མནར་སོང་།།

ཐུགས་བྱམས་བརྩེའི་སྦྲང་ཆར་ས་ཆེན་གྱི་ཕྲག་པར།།
དུས་ཉིན་མཚན་མེད་པར་ངོམ་མེད་དུ་ཕབ་ཀྱང་།།
ལག་སོར་བཅུའི་པད་མོ་དད་འདུན་གྱིས་འབུས་པའི།།
ལོ་ནམ་ཟླ་ཡོལ་བའི་བགྲེས་སོང་གི་མི་རིགས།།

སྟོད་རྫ་ལུང་གོང་མའི་བྲེ་སེར་གྱི་འབྲོང་ཡག།
སྨུག་ལང་ལོང་གསེང་ནས་རྗེས་མེད་དུ་བོར་སོང་།།
ཐང་ཆེན་པོའི་རྩི་ཤིང་སད་སེར་གྱིས་བཅོམ་དུས།།
བྱ་བྱེའུས་རྒྱང་བགྲོད་སྐྱོ་གླུ་ཡང་ལེན་གི།

རྒྱུ་ལས་ཉོན་བྲན་པའི་སྡུག་ལྡན་གྱི་ཕུང་པོ།།
ཤ་རུས་པའི་ཞེན་ཆགས་སྟོང་བསམ་ངང་ལུས་པ།།
སེམས་ཚོར་ཤེས་མདའ་མོས་སོ་ཁ་ལ་དྲང་ན།།
མ་ཡུ་མོའི་ཞེ་རྩ་ཆར་ཆུ་ཡིས་བརླན་སོང་།།

ལ་མཐོན་པོ་གདང་ལ་རི་བོ་ཡི་སྐེད་ནས།།
སྤྱང་ཝ་ཁྱི་སྨྱོས་པས་ལུག་ཁྱུ་དེ་གཏོར་དུས།།
ཕོ་ལུག་རྫི་རྒན་པོས་ཀི་སྒྲ་ཞིག་བཏབ་ཀྱང་། །
མི་འོན་པའི་རྣ་བར་ཞ་ཉེ་ཡིས་བཀང་འདུག།

ཁྱིའི་རྨི་ལམ་ནང་གི་གངས་རི་དང་རྩྭ་ཐང་།།
མཐའ་ཡས་པའི་རི་ལུང་གྲིབ་ཆེན་གྱིས་གཡོག་དུས།།
ལམ་ནོར་འཛོལ་བྱུང་བའི་མི་ཚོགས་ཀྱི་གསེང་ནས།།
ངའི་མགྲིན་པ་བརྣངས་ཤིང་མིག་ཟུང་ཡང་བསྒྲིབས་སོང་།།
  
ལྷ། 2002 ལོར་མདོ་སྟོད་རལ་གཞུང་ལ་མི་ཡི་གཟུགས་སུ་རོལ། 2017 ལོར་འཇིགས་སྐྲག་གི་དོན་རྐྱེན་ཞིག་གིས་རང་སེམས་ལྷོད་ལ་བབ་ཕྱིར་སྙན་ངག་འབྲི་བའི་ལམ་ཁར་ཞུགས། ཞོར་དུ་རིས་མེད་ཀྱི་ཚུལ་དུ་སྟོད་སྨད་ཀྱི་དགོན་སྡེ་དུ་མར་དཔེ་ཀློག་གི་བྱ་བར་འགྲུལ་བཞུད་བྱས། སྔ་ཕྱིར《མཆོད་མེ་རྩོམ་རིག་དྲ་བ།》 《ཁམས་པའི་ཚགས་པར།》 《རྫོང་སར་རྩོམ་རིག》སོགས་ཚད་ལྡན་གྱི་དྲ་བ་དང་དུབ་དེབ་ཚགས་པར་རེའང་ཁོ་བོའི་རྩོམ་རིག་གི་ཞིང་ས་རུ་གྱུར།《པདྨའི་ལེའུ།》 《མི་རྐྱང་གི་ལེའུ།》 《འབྲུག་ལྷང་ལྷང་།》《སྤྲིན་དཀར་གྱི་མཐོ་རླབས།》 སོགས་བརྩེ་དུང་གི་སྙན་ངག་འབོར་ཆེན་བྲིས་པས་ཀུ་རེའི་ཚུལ་དུ་ཀློག་པ་པོ་དག་གིས་དུང་བརྗོད་སྙན་ངག་གི་ལྷ་ཆེན་པོ་ཞེས་ཀྱང་འབོད།

ངག་རིག་ལྷ་མོའི་འཇོ་སྒེག 

པདྨའི་གདན་ལ་གངས་ཀྱི་ལྷུན་པོ་དང་།།
སྤྲིན་བྲལ་མཚན་མོར་ཟླ་དཀར་ཚེས་པ་བཞིན།།
ཚངས་པའི་ནགས་ཀྱི་རི་དྭགས་འདྲོགས་པ་ལྟའི།།
ཡིད་རབ་འཕྲོག་པའི་དབྱངས་ཅན་ལྷ་མོར་འདུད།།

འཆར་ཀའི་པདྨོ་ཁ་འབུས་བྱེ་བས་ཀུན་ནས་བསྐོར་བའི་ནགས་ཀྱི་རྫིང་།།
སྣ་ཚོགས་གཟུགས་ཀྱི་ངང་པས་གར་བྱེད་ཡིད་འོང་ལྷ་ཡིས་གླུ་ལེན་ཞིང་།།
རང་བྱུང་ཆུ་ཀླུང་སྙན་པའི་སྒྲ་སྒྲོགས་འོད་ཟེར་ཟིལ་བས་ཆར་འབབ་པ།།
ཡིད་ལ་གནས་པའི་དགའ་ལྡན་ནགས་ཀྱི་ཚངས་པའི་བུ་མོ་ད་ཚུར་བྱོན།།

ངག་རིག་རླུང་གི་འཁོར་ལོས་གཡོས་པས་གཉུག་གཤིས་པདྨའི་ཚལ་ཆེན་ནས།།
སྙན་ཚིགས་བདུད་རྩིའི་ཟིལ་དངར་ཕྲེང་བ་ཟླ་འོད་ཞུན་མའི་གོས་གྱོན་པ།།
གཟུགས་འགྱུར་སྤྲུལ་བའི་རྒྱ་མཚོའི་ངོགས་སུ་སྒྱུ་མའི་རྟ་གླང་འདེད་བྱེད་པའི།།
རྟོག་འགྱུའི་ན་ཆུང་སྒེག་པའི་ཉམས་བཅས་གཙང་བོའི་མཐའ་ནས་རྒྱང་མིག་བྱེད།།

སྙིང་རྗེའི་ལས་ཀྱིས་འཁོར་བའི་གྲོང་ནས་བརྩེ་བའི་ཆར་གདུགས་བཟུང་བ་ཡི།།
ལས་འཕྲོའི་ཁྱི་རོ་ཐང་ནས་འདྲུད་བཞིན་ས་མཐའི་ཡུལ་ལ་ངལ་གསོ་བསྟེན།།
ལང་ཚོའི་ཆག་གྲུམ་ཚིག་གིས་མཐུད་དེ་རང་སེམས་སྨྲེང་བའི་སྣ་གླུ་འཐེན།།
ཕྱིར་དྲན་གདུང་བའི་ཆར་རླུང་ཁྲོད་དུ་ཁེར་རྐྱང་གཅིན་པ་གཏོང་ཞོར་ངུས།།

རབ་མཛེས་གཞོན་ནུ་ཨུཏྤལ་མིག་ཅན་འཛུམ་བཞིན་དགོད་པའི་མེ་ཏོག་ཕྲེང་།།
ལྟ་སྡུག་ཡན་ལག་སོར་མོའི་གེ་སར་ཟླ་དཀར་ཟིལ་མའི་མདངས་ཆགས་པ།།
དྲན་པ་ཡིས་ཀྱང་བྱིན་རླབས་ཆུ་གཏེར་དད་པའི་ཡིད་མཁར་འཕྱོ་བྱེད་པ།།
མ་འདྲིས་མཛའ་གཅུགས་དྭངས་མའི་བཅུད་ལེན་དབྱངས་ཅན་སྒེག་མོ་ཁྱེད་ཉིད་དྲན།།

ལྷ་དང་དྲང་སྲོང་རིག་བྱེད་སྙན་པའི་སྒྲ་དབྱངས་མི་ཟད་ནགས་ཀྱི་ཚལ།།
ཆུ་སྐྱེས་འདབ་མ་གདན་དུ་བྱས་པ་མནན་ན་ནེམ་ཞིང་བཏེགས་ན་འཕར།།
དབང་པོའི་ཁ་དོག་སྤུ་ལེགས་སྒྲོ་ལྡན་རྨ་བྱ་གཞོན་ནུས་གར་བྱེད་པ།།
རིན་ཆེན་དྲ་བའི་མུ་ཁྱུད་དྲུག་ལྡན་དགའ་བའི་ཡིད་ཀྱི་གྲོང་ཁྱེར་དེར།།

སྣ་ཚོགས་ལྗོན་ཤིང་ཡལ་ག་ལྷུན་སྟུག་བྱང་ཆུབ་སྨན་གྱི་དྲི་བཟང་འཐུལ།།
བཀོད་ལེགས་འཇའ་ཚོན་འོད་ཀྱིས་བརྗིད་པའི་ཁང་པ་ཁང་ཆེན་མུ་ཏིག་གི།
འོད་ཆགས་སྒེག་པའི་འབེབ་སྟེགས་དག་ལས་འོད་ཟེར་བུང་བ་ལྟར་འཛུམ་ཞིང་།།
སྒྱུ་མའི་ཟློས་གར་རྩེ་བའི་ཉམས་ཀྱིས་ཡིད་རབ་འཕྲོག་པའི་དཔལ་དེ་ཡིས།།

ཏིང་འཛིན་ཞི་བའི་རོ་ཡིས་མྱོས་བྱེད་མཐོན་མཐིང་ལན་བུའི་མདུད་བརྒྱ་ལས།།
ངོ་མཚར་སྙན་པའི་སྒྲ་དབྱངས་རྒྱ་མཚོའི་རླབས་ཀྱི་རོལ་བ་ཅི་དགའ་རྩེན།།
བརྩེ་ལྡན་སྙིང་གི་རི་དྭགས་འགུག་པའི་དྲུག་བཅུའི་དབྱངས་ཀྱི་གླིང་བུ་འབུད།།
རྒྱུ་སྐར་བྱེ་བའི་ཕྲེང་བ་སྤེལ་ལེགས་ཁྱེད་སྐུ་མཛེས་པའི་ཉི་གཞོན་འཚེར།།

རང་བྱུང་སྙན་པའི་ཆུ་ཀླུང་རོལ་མོའི་རླབས་ཀྱིས་བསྒུལ་བའི་ན་ཆུང་གི།
ཡིད་འཛིན་ལྷ་ཡི་ངང་པ་འཇུག་བྱེད་གཟུགས་འགྱུར་སྒྱུ་མའི་ཕོ་ཉ་མོས།།
ཡང་ཡང་བསྐུལ་བའི་དྲི་ཟའི་ངག་རིག་གཤོག་འགྱུར་ཡངས་མོའི་སྟབས་བླང་དེ།།
དགའ་བའི་ཤུགས་ཀྱིས་ཕྱིར་མི་བཟློག་པར་བརྩེ་བའི་ཕྱག་ཏུ་འབུལ་བར་མོས།།

ངག་གི་ཟླ་བར་གཡུ་ཡི་འཁྲི་ཤིང་ཕུན་ཚོགས་འདོད་དགུའི་དཔལ་འཇོ་བ།།
འཇིག་རྟེན་གསུམ་མགོན་ཞལ་གཅིག་ཕྱག་གཉིས་བཅུ་དྲུག་ལང་ཚོའི་འགྱུ་བག་གིས།།
མྱ་ངན་གདུང་བའི་མུན་པ་ཟ་བྱེད་སྲིད་གསུམ་ཡེ་ཤེས་སྒྱུ་མའི་གར།།
རི་བྲག་རྩྭ་དང་འབབ་ཆུ་དག་ལས་ཁྱེད་ཀྱི་སྙིང་རྗེའི་རི་དྭགས་རྒྱུ།།

ཆུ་ཤེལ་དུང་དང་སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པའི་ཁྱེད་ཞལ་གྱི།།
ཀུ་མུད་ད་དང་ཨུཏྤལ་གཡོ་བ་ཇི་བཞིན་འཛུམ་པའི་རི་དྭགས་མིག།
གངས་ཀྱི་ར་བར་སྲོད་ཀྱི་མཚམས་སྤྲིན་བབ་པའི་ཚུལ་གྱིས་མཛེས་པ་ཡི།།
ཨེ་མ་ཡིད་འཕྲོག་ཁྱེད་ཀྱི་གཟུགས་བྱད་བདག་གི་བསམ་པའི་ཡུལ་ལས་འདས།།

རྡུལ་མེད་རྡུལ་བྲལ་འོད་ཟེར་བྱེ་བས་ཞབས་ཀྱི་པདྨའི་འཁོར་ལོ་འཛིན།།
སྨིན་མཚམས་དུང་དཀར་གཡས་སུ་འཁྱིལ་བ་མུ་ཏིག་སིལ་མས་གར་བྱེད་པ།།
ལྷ་ཡི་ཚོགས་ཀྱིས་གུས་པས་བསྟོད་མ་ཕྱག་འཚལ་ངག་གི་དབང་ཕྱུག་མ།།
པི་ཝང་སྒྲ་དང་སྙན་པའི་དབྱངས་བཅས་མགྲིན་པའི་ཁབ་ཏུ་ཕེབས་པར་མཛོད།།

སྙུག་མིང་ལ་དབྱངས་ལྡེའུ་དང་དངོས་མིང་ལ་སྐལ་བཟང་བསྟན་པ་ཟེར། ༢༠༠༤ལོར་བྲག་གཡབ་རྫོང་གི་ཆར་གཏོགས་རྒྱ་འགའ་གྲོང་ཚོར་སྐྱེས། བརྩམས་ཆོས་བརྒྱ་ཕྲག་གཉིས་ལ་ཉེ་བ་ཙམ་ཞིག«ཤྭ་སྐྱ» «གངས་དཀར་རི་བོ» «ཁྲི་ཤོར་རྒྱལ་མོ» «མཆོད་མེ་དྲ་བ» «ཁམས་པའི་ཚགས་པར» «མཚོ་སྔོན་བོད་ཡིག་གསར་འགྱུར» «བོད་ལྗོངས་ཉིན་རེའི་ཚགས་པར»  «གཞིས་ཀ་རྩེ་ཚགས་པར» སོགས་སུ་བཀོད། ༢༠༢༥ལོར་ཁམས་པའི་ཚགས་པར་གྱིས་དམིགས་བསལ་གྱི་ས་མིག་སྤྲད་དེ་ཆེད་བསྒྲིགས་སྤེལ་མྱོང་ཞིང་། ༢༠༢༥ལོར་སྒེར་གྱི་སྙན་དེབ་ཐོག་མ་«ལང་ཚོའི་འགྲུལ་བཞུད»དཔར་དུ་བསྐྲུན། 

ངག་རིག་ཟླ་བའི་ལང་ཚོ།
                                                                                        --གླུ་བ་མགར་བསམ་འགྲུབ་ཚེ་རིང་གི་གཞས་དབྱངས་བརྩམས་ཆོས་ཕྱོགས་བསྒྲིགས་“དབྱངས་ཀྱི་རྒྱ་མཚོ་སྐྱོམ་པའི་རླབས”ལ་ཕུལ་བ།

སྲིད་གསུམ་དབྱངས་ཀྱི་རྒྱ་མཚོ་ཆེན་མོ་གངས་རིའི་སྟར་འགྲིག་ཚར་དངར་གྲོང་། །
ལེགས་གསུམ་སྙན་དབྱངས་སྐྱོམ་པའི རླབས་ཀྱི་རིག་བྱེད་གླུ་སྐད་སྙན་པའི་དབྱངས། །
གངས་ལྗོངས་སྐྱེ་འགྲོའི་ཐོས་འཛིན་འདབ་མར་སྐྱེས་སུ་བཏེགས་པས་གཏང་རག་ཏུ། །
དབྱངས་གསལ་གཞོན་ནུའི་འཛུམ་པའི་རེ་ཁ་སོར་རྩེའི་པར་གྱིས་འདི་ལྟར་བཞེངས། །

མགྲིན་པའི་པདྨའི་གླིང་ཕྲན་ཡིད་འོང་མ་བཅོས་ལྷན་སྐྱེས་སྐད་སྙན་གྱི། །
དལ་འབབ་བརྒྱད་ལྡན་སྨན་ཆབ་གཙང་མ་ཤང་ཤང་བཞུར་བའི་འཁྱུག་གར་གྱིས། །
ཟང་ཟིང་དུད་སྤྲིན་འདྲེས་མའི་དབྱིངས་སུ་རྣམ་ཤེས་འཕུར་ལྡིང་རྩེན་འདོད་བྱིའུར། །
ཞི་བའི་བས་མཐར་ལྷོད་ཀྱིས་འཚོ་བརྡར་“འཕུར་དགོས་མ་ཟེར་”འགྲིན་གླུ་སྦྲན། །

དྲུག་འགྱུར་དབྱངས་རྟ་ལྗོན་རྩེར་སྙན་གྱེར་“དགའ་ལྡན་ཁུ་བྱུག་"མགྲིན་པའི་གླུ། །
ཡིད་འོང་གངས་ཕྲེང་ཚར་དུ་དཔལ་མངའ་མཐོ་སྒང་རི་ཀླུང་སྙན་གྱེར་མཁན། །
གཉན་པོའི་བུ་རྒྱུད་མཚན་སྙན་ཅོད་པན་རལ་པའི་གཙུག་ན་མངོན་གསལ་བའི། །
གངས་རིའི་གླུ་བའི་སྐར་མའི་རྒྱས་དབུས་ཟླ་གསལ་ཤེར་བསྟན་གླུ་དབྱངས་འཇེབས། །

ཟླ་གསལ་ལང་ཚོ་གཤིས་སུ་སྨིན་པའི་གངས་རིའི་བུ་མོའི་ཞལ་སྒོ་ནས། །
བདུད་རྩིའི་ཐེགས་ཕྲེང་དལ་བུར་འཛག་ལྟར་མ་བཅོས་གླུ་སྐད་སྙན་པ་ཡིས། །
གངས་རིའི་འབྲོག་མོའི་བདེ་སྡུག་གླེང་བའི་“གངས་རིའི་བུ་མོའི་”གླུ་དབྱངས་ཀྱིས། །
ཐོས་བྱེད་རི་དྭགས་རང་དགར་རྒྱུ་དག་སྐད་ཅིག་ཉིད་ལ་དབང་དུ་བསྡུས། །
  
བྱིན་ཆགས་ལྷུན་འགྲུབ་གངས་རི་རྫ་རི་ནགས་ཚལ་གཙང་ཆུར་མཛའ་བརྩེའི་སེམས། །
རིག་བྱེད་མ་མའི་ཞལ་ལས་དཀར་བ་ལེགས་པར་བཅིངས་བའི་གངས་ཅན་པའི*། །
ས་སྒང་བོད་ཀྱི་འབྲོག་པའི་ཕོ་རབ་ཉམས་ཀྱིས་ཕྱུག་པའི་སྟངས་སྟབས་ལྷན། །
མེས་པོའི་ངག་རིག་སྙན་པའི་གླུ་སྐད་སིང་སིང་མགྲིན་པར་བཞུར་བས་འཇེབས། །
             
ཡུལ་གདུང་དྲན་གདུང་སྤྲིན་དཀར་ལུག་ཁྱུ་ལིང་ལིང་རྒྱུ་བའི་ཡིད་མཁའ་ནས། །
སྐྱོ་ཤས་ཚིག་གི་སྨྲེང་བའི་གཞས་མགུར་ཉི་ཤུའི་སྣང་བའི་གཞོན་སྐྱེས་སྡེར། །
ཡི་ཆད་སེམས་སྨྲེང་ལོ་ཞག་ཟླ་བར་“བསམ་ཤེས་རང་གིས་བྱེད་དགོས་”ཞེས། །
ཕྲ་ལྡེམ་སྨྱུག་མའི་འཕྲེད་གླིང་དབྱངས་རྟར་སྦྱར་བའི་གླུ་དེ་སྙན་པས་ཕྱུག །

ནེའུ་གསིང་སྤང་ཁར་མེ་ཏོག་ཉི་མའི་འདབ་མའི་གུར་ཁྱིམ་གཡུ་སྦྲང་གཞོན། །
བག་ཕེབས་གཉིད་ཡུར་དབྱར་ཟླ་དྲུག་པར་མཛའ་བརྩེའི་སྲུང་མདུད་སྒྲོན་པའི་མིར། །
ཞོགས་ཟིལ་བསྣམས་པའི་“ཨུཏྤལ་སྔོན་མོའི་སྐེ་རྒྱན་”ཕྲེང་བ་སྐྱེས་བསྐུར་ཞོར། །
མཛའ་གཅུགས་གླུ་ཆུང་མཛའ་མོའི་ཕྱོགས་འཁོར་སྤྲིན་དཀར་འདབ་མར་དགོང་ཞོགས་མགུར། །

མགུལ་བ་ཆོས་དུང་དཀར་མོའི་རྒྱང་གྲགས་ལས་བྱུང་སྙན་འཇེབས་ངག་གི་ཕུལ། །
ཕུལ་བྱུང་ངག་གིས་“སྨོན་ལམ་ཆེན་མོ་”སྙོམ་པའི་དབྱངས་རྟར་སྦྱར་བའི་གླུ། །
ཐོས་འཛིན་མཚོ་མོར་དལ་གྱིས་འབབ་ཤུལ་དགའ་བདེའི་རླབས་ཕྲེང་ཁུགས་པ་སྟོང་། །
སྐྱེ་རྒུའི་ཤ་གསེང་རུས་པའི་ཕྱི་ནང་ལང་ལོང་ལྡེམ་ལྡེམ་བར་མེད་གཡོ། །

ཐོས་འཛིན་འདབ་མའི་གཡུ་བྱུར་འཕྱང་འཕྲུལ་རླུང་བུའི་སོར་མོས་སྒུལ་བའི་བུའི། །
སྨ་ར་སྟུག་པོའི་ནགས་ཀྱི་ཚལ་ནས་ཀོ་ཀི་ལ་ཡི་གྲེ་འགྱུར་གྱིས། །
གངས་སྐོར་མགྲོན་པར་“བུ་ཆུང་ང་རང་བསམ་པའི་དོན་འགྲུབ་ཡིན་”ནོ་ཞེས། །
ལེགས་པར་བརྡ་བཀྲོལ་གངས་རིའི་གླུ་བའི་སྐར་མའི་གཙང་བོར་ཟླ་ཟེར་མཐོང་། །

རང་བྱུང་འཛུམ་དཀར་འོ་མའི་གཙང་བོར་ཚེམས་དཀར་མུ་ཏིག་ལྷུན་འགྲུབ་ཅིང་། །
མཛའ་མཐུན་ལྗོན་པར་དམ་ཚིག་མེ་ཏོག་མདངས་བཀྲག་ལྟ་མི་ངོམ་པ་ཡི། །
མེ་ཏོག་འཐུ་རོགས་བེའུའི་འཚོ་རོགས་རོགས་ཆུང་འདྲིས་གངས་ལྷ་མེ་ཏོག་འདང་། །
“སྙིང་གི་བྱམས་པའི་”དྲན་གླུའི་འགྱུར་ཁུགས་དྲན་གདུང་སེམས་པར་ཡང་ཡང་བསུ། །

སྣང་བའི་འཇིག་རྟེན་དགའ་སྡུག་འཚོ་བའི་རྨི་ལམ་རིང་མོ་ཡུན་རྨིས་རུང་། །
ཆུང་ངུ་ལོ་ཟླའི་དགའ་སྐྱིད་དགོད་སྒྲ་དུས་ཀྱི་རླབས་སྒྲས་རྒྱང་ཁྱེར་ཡང་། །
སྔོན་བསགས་ལས་འབྲས་ང་ཡི་མི་ཚེར་རེ་སྒུག་ཀློང་གི་“ཁྱོད་ཡོད་པས། །”
རྒོངས་ཞོགས་བས་མཐར་དུང་ཞེན་ཆུ་ཕྲན་དྲན་གདུང་མཚོ་མོར་བརྟས་པར་བྱེད། །

མྱུར་སྐྱེན་རྟ་ཕོའི་འགྲོས་ཀྱིས་མི་ཟིན་དུས་ཀྱི་འཕྲུལ་འཁོར་སྒུལ་སྟབས་ཀྱིས། །
ཆུང་ངུའི་ལོ་ཟླ་གཞོན་པའི་སྣང་བ་འདས་སོང་ལོ་ཟླར་སྐྱེལ་བའི་གཞུག །
ཀུན་རྟོག་འཛིན་མ་སྔོ་ལྗང་གོས་ཅན་ལས་འཕྲོའི་ནང་གི་བྱམས་པ་ཡི། །
“དྲན་ཤིང་”ཡལ་འདབ་སྔར་ལས་མདངས་བཀྲག་རྟག་པའི་ཟོལ་གྱིས་ཀྲོང་ངེར་བགྲེང་། །

གཞོན་སྐྱེས་གླུ་བའི་གྲལ་གྱི་ཁྱུ་མཆོག་མགར་བསམ་བསོད་བཀྲ་ཀླུ་རྒྱམ་གྱི། །
མ་བཅོས་གྲེ་འགྱུར་ཤང་ཤང་ཏེའུས་སྙན་དགུའི་ལེགས་མགུར་“འབྲོག་པ”འི་གླུས། །
ཤར་ནུབ་དེང་རབས་གླུ་དབྱངས་རྩེ་ཕུད་གོམ་སྟབས་ལྡེམ་པའི་འབབ་སྟེགས་སུ། །
གོམ་པའི་རི་མོའི་རེ་ཁ་གཙང་མ་གཟུར་གནས་བློ་ངོར་གསལ་གྱིས་བསྐྲུན། །
     *སྒྲོལ་མ་སྐྱབས་ཀྱི་མིང་གཞན་ཞིག་གོ།

དྲན་པའི་རླབས།

ནགས་ལྗོན་པ་ཡི་རྩེ་མོ་སྒུལ་བའི། །
བྱ་ཁུ་བྱུག་གི་མགྲིན་མཚོའི་ངོགས་ནས། །
སྐད་སྙན་འགྱུར་གྱི་རླབས་ཕྲེང་གཡོ་དུས། །
གཞི་བས་མཐའ་ཡི་ཞི་བསིལ་ཟླ་བ། །
ལོ་ཁོར་མོ་རུ་གྲོགས་སུ་བསྟེན་པའི། །
རྗེ་བླ་མ་ཡི་ཞལ་གསུང་དྲན་ནམ། །

རླབས་ཆལ་ཆིལ་ལ་འོད་ཟེར་འཕྲོ་བའི། །
མཚོ་དངུལ་དཀར་གྱི་མེ་ལོང་ངོས་སུ། །
ཆ་ཀུན་རྫོགས་ཀྱི་བཅོ་ལྔའི་ཟླ་བ། །
མིག་གནམ་མཐོངས་སུ་ལྟད་མོ་བྱོན་དུས། །
རྒས་གཉེར་མ་ཡིས་དཔྲལ་བར་ཁེངས་བའི། །
དྲན་མ་ལོ་ཡི་ཞལ་རས་དྲན་ནམ། །

མདངས་བྱིན་ཆགས་ཀྱི་གཡུ་སྔོན་ནམ་མཁར། །
དཀར་དབྱིབས་མཛེས་ཀྱི་སྤྲིན་པའི་སྟར་ཕྲེང་། །
སེམས་འཕྲོག་བྱེད་དུ་ལིང་ལིང་རྒྱུ་དུས། །
དགྲ་འཆི་བདག་གིས་ལྔ་ལམ་བརྫང་བའི། །
འདང་བརྩེ་ཞེན་གྱི་ཡབ་ཆེན་དམ་པ། །
གནས་ས་མཐའ་ནས་ཡང་ཡང་དྲན་ནམ། །

ལས་ཨ་ཡིག་གི་ཐོད་པའི་རི་མོ། །
སྔོན་གང་བཀོད་ལས་བཅོས་པ་དཀའ་བས། །
གཞོན་ལོ་ཟླ་དེ་ས་མཐར་བསྐྱལ་དུས། །
དྲིན་ཕ་མ་ཡི་བྱམས་བརྩེའི་སྤང་ཁར། །
ལུས་ལང་ཚོ་ཡི་མེ་ཏོག་མཉམ་བཞད། །
གཞིས་ཁྱིམ་གཅིག་གི་མིང་སྲིང་དྲན་ནམ། །

སྟོན་ལྷོ་སྤྲིན་གྱི་གཙང་བོ་བརྒལ་བའི། །
བྱ་ཁྲུང་ཁྱུང་གིས་དཔུང་གདང་ཤིག་ཤིག །
ཡིད་འཁྲེང་ཞེན་གྱི་རང་སར་བསྙེགས་དུས། །
དུས་ཡུན་ཐུང་གི་གཞོན་པའི་ལོ་ཟླ། །
ཡིད་མཛའ་གཅུགས་ཀྱི་སྐུད་པ་འཁེལ་སའི། །
གྲོགས་ན་ཟླ་ཚོའི་བཞིན་འཛུམ་དྲན་ནམ། །

སྤང་ན་གཞུང་ལ་ནེམ་ཤ་རྒྱས་པར། །
མཉེན་འདབ་མ་ལྡེབས་ཟིལ་བ་ཁྲོམ་མེ། །
མཛེས་དཔལ་དུད་ཀྱི་མེ་ཏོག་མཐོང་དུས། །
སྨན་ན་ཆུང་གི་ལང་ཚོ་སྨིན་པར། །
ཁྲེལ་དམ་ཚིག་གིས་ཁྲ་རྒྱན་བཏབ་པའི། །
ཆུང་བྱམས་པ་ཡི་ལང་ཚོ་དྲན་ནམ། །

ཕུགས་འདུན་མ་ཡི་དྲི་བཞོན་རླུང་བུས། །
གནས་ངེས་མེད་ཀྱི་ས་མཐའི་ས་མཐར། །
གཞོན་ལང་ཚོ་ཡི་སྤྲིན་པ་བདས་དུས། །
ཚེ་འདི་སྣང་གི་འབབ་ཚིགས་མཐའ་མ། །
རྒ་འཆི་འཕོ་ཡི་དུར་ཁྲོད་གཅིག་པུ། །
ཡིད་དག་ཞིང་གི་ཕ་ཡུལ་དྲན་ནམ། །

ལོ་ན་ཚོད་ཀྱི་ལ་མོ་བརྒལ་ཤུལ། །
ཕྱི་འདུ་འཛི་ཡི་སྣང་བ་རྒོད་པོས། །
ནང་སེམས་པ་ཡི་ལྷིང་འཇགས་བཅོམ་དུས། །
སྨུག་དར་ཡུག་ཁུད་ཕྱེད་གཏུམ་ཕྱེད་བཏང་། །
གནས་དབེན་ལྗོངས་ཀྱི་དབྱར་གསུམ་དཔལ་ཡོན། །
སེམས་གཏིང་རུམ་ནས་ཡང་ཡང་དྲན་ནམ། །

མེ་ལོང་མ། ཆིག་དགུ་གོ་དྲུག་ལོར་བྲག་གཡབ་བསྡུས་རུར་སྐྱེས། ཉིས་ཐིག་བདུན་ལོར་ཨ་མྱེའི་གམ་ནས་བོད་ཀྱི་བླ་ཚེ་སྲོག་གསུམ་སྟེ་བོད་ཡིག་ལ་སློབ་གཉེར་བྱས། ཉིས་ཐིག་བཅུ་དྲུག་ལོར་རྩོམ་ཡིག་གི་ལམ་ཁར་ཞུགས། ད་ལྟ་«སྙན་ངག་དང་ཆང་གི་རྒྱང་རིང་»གི་རྐང་འཛིན་རྩོམ་པ་པོ་དང་རྩོམ་སྒྲིག་པ་ཡིན།

མི་རྟག་པའི་ཞལ་ཐང་།

ཚིག་སྦྱོར་སྙན་ལ་བརླིང་བའི་ཏིང་འཛིན་གྱི་མགུར་ཆུང་། །
ཁྲེལ་གཞུང་ཡོད་དོ་སྙམ་པའི་སྙན་དབང་དུ་བླངས་ཀྱང་། །
ཀུན་རྫོབ་སྒྱུ་མའི་གཤིས་ཏེ་ཐལ་གཡོགས་ཀྱི་སྐྱག་པ། །
ལོ་ཟླའི་འགྱུར་བ་དང་བཅས་དྲི་ངན་གྱིས་བརྒྱངས་སོང་། །

ཆུ་བུར་མིག་གིས་བལྟས་ན་མཚར་སྡུག་གི་དབྱར་གཞུང་། །
ཐོས་འཛིན་རྣ་བས་ཉན་ན་ཁུ་བྱུག་གི་གྲེ་འགྱུར། །
ཡ་ཆུང་སེམས་ཀྱིས་དཔྱད་ཚེ་བསླུ་བྲིད་ཀྱི་སྒང་བུ། །
ཡུན་ཐུང་མི་ཚེ་གཅིག་གི་ལན་ཆགས་སུ་སྣང་བྱུང་། །

“བལྟས་ན་སྐྱིད་སྐྱིད་འདྲ་བའི་འཇིག་རྟེན་གྱི་ཕུན་ཚོགས། །
ཐོབ་ན་རང་རང་སྐབས་ཀྱི་སྡུག་བསྔལ་རེ་འདུག་པ། །”
རིག་པ་རལ་གྲིའི་དབལ་ཅན་དགེ་ཆོས་ཀྱི་མྱོང་བ། །
བླུན་པོ་གླེན་པའི་ཀླད་པར་འདྲེས་སྙམ་ཞིག་བྱུང་ངོ་། །

ཉ་གང་ཟླ་བ་འགྲིབ་པའི་ངང་ཚུལ་དེ་གཅིག་གྱིས། །
ཆར་ཤུལ་འཇའ་ཡི་ཡལ་སྟངས་གློ་བུར་དེ་གཉིས་གྱིས། །
མེ་ཏོག་སེར་བས་ཟོས་པའི་སྐྱོ་གར་དེ་གསུམ་གྱིས། །
མི་རྟག་གཅེར་བུ་བྱས་པའི་ཞལ་ཐང་ལ་འདྲ་ལེ། །
              17/6/2025

འཆར་སྒོ་འདྲ་མི་འདྲ་བཅུ།

༡ བསྐྱར་བརྟག
ལྒང་ལིར་དགའ་བ་དག་གིས་ས་མཆོང་གནམ་མཆོང་སྐྱིད་པོར་བྱེད། །
རྩེད་མོར་སྤྲོ་བ་དེ་ཚོས་མཛུབ་མོའི་མྱུར་ཆ་ལྷུག་པོར་གྲོལ། །
བག་ཡངས་རྒྱུ་བར་འདོད་པས་རེ་དོགས་དྲི་རྟགས་དག་པར་བྱས། །
རྩོམ་པར་དགའ་བ་ངས་ནི་ཤོ་ལོའི་མཐུད་ལམ་བསྐྱར་དུ་བརྟག །

༢ ནད་ཡམས།
དྲྭ་བའི་བྲིས་རྩོམ་ཕལ་ཆེར་ཡར་མར་བཤུས་པ་ཤ་སྟག་སྟེ། །
ཀློག་སྙིང་འདོད་པོ་མ་བྱུང་འཆར་ཤེལ་ངོས་ནས་ཚ་འདེད་བྱས། །
བསྟོད་སྨད་མཐའ་གཉིས་ཅན་དེ་འབད་ལས་བྱུང་བའི་ངོ་སོར་རློམ། །
རྡོ་ཆག་ལྷུར་སྒྲིག་མཁས་པས་རང་བྱུང་རི་མོ་བསྣད་ནས་འདུག །

༣ རང་ཚུགས།
སྔོན་མ་བྲིས་པ་མང་སྟེ་ཚོར་བའི་རླུང་བུ་ད་རུང་སྐྱོམ། །
ད་ཆ་འབྲི་བར་འདོད་དེ་ཕུན་སུམ་ཚོགས་པ་ཁག་པོར་གྱུར། །
འོན་ཏེ་གཞན་པའི་ལུགས་ལྟར་ཐ་སྙད་རྡོ་ཆག་ལྷུར་སྒྲིག་གིས། །
ཚོར་བ་སྒུལ་དགོས་བྱུང་ན་དེ་ཡང་འགན་གྱིས་སྟོང་སྣང་ཤར། །

༤ འཚོ་བ།
སེམས་འདུན་སྣེ་ཁ་མང་པོ་བསྐྱུར་དགོས་ཐུག་ཅིང་། །
མུན་པའི་ལ་དང་ལུང་པར་ཉལ་དགོས་ཁེལ་བྱུང་། །

༥ སྟེ།
འབྱོར་པ་ཆེ་ན་མི་གཤིས་བཙོག་ན་ཆོག་སྟེ། །
ཁ་ལྕེ་བདེ་ན་དོན་དག་མེད་ན་རུང་སྟེ། །
འཁྲབ་རྩལ་བཟང་ན་རྒྱུན་གཏན་མིན་ན་བླ་སྟེ། །
སྐྱེ་བོ་མང་མའི་ལྕེ་ཡིས་ཁྱོད་རང་ལྡག་ཅིང་། །
སྐྱེ་བོ་མང་མའི་ངག་གིས་ཁྱོད་རང་བསྟོད་དོ། །

༦ བུ་དགའ།
ཞིབ་མོ་རྣམ་པར་འཐག་པའི་རིག་རྩལ་གྱིས། །
སོ་སོའི་སེམས་ནི་བྱ་རའི་ཆུ་ཡིས་ཁྲུས། །

༧ བློ་དར་རྒྱས།
རྟག་བརྟན་ཐེར་ཟུག་གི་བྱ་དངོས་གང་ཡང་མི་འདུག །
ཡོད་ཚད་རླུང་བུ་ཡིས་དར་ལྕོག་སྒུལ་བ་འདྲ་བྱུང་། །
འོ་ན་གཟབ་ནན་གྱིས་གཞན་ངོར་བསྟུན་པའི་སརྒ། །
འོས་ཤིང་འཚམ་པ་ཞིག་ཞུས་དང་ཐུགས་གཅོང་ཆུང་ལེ། །

༨ ཞོགས་པ་ཞིག་ལ།
སྨུག་པ་རི་ནས་ཡལ་བའི་ཚུལ་ལ་བལྟས་ཏེ། །
ཁོང་གིས་མི་རྟག་པ་ཡི་ཞལ་ཐང་བྲིས་བྱུང་། །

༩ ངས་ཁྱོད་ལ་འདྲི།
རི་བོའི་མདངས་ཤོར་ལྕང་མའི་ཡལ་ག་ལྷུང་ན། །
ཆུ་བོས་གོས་གྱོན་ཐལ་བས་ནམ་མཁའ་སྒྲིབ་ན། །
ཉི་མའི་འགྲོས་མྱུར་ནངས་ནུབ་གྲང་བ་བཙན་ན། །
ཁྱོད་ཀྱི་ཡིད་ལ་ཡང་ཡང་དྲན་པ་སུ་རེད། །
ཞི་ལྷག་འདྲེས་མའི་དམིགས་པ་སྲ་མོ་མ་དེ། །
སྙིང་སྡུག་སུ་དང་གང་གི་ཁྱམས་སུ་གཏད་ཡོད། །

༡༠ དུར་སའི་སྟེང་གི་ངེས་འབྱུང་སྤུ་སུད་མ།

མིག་གིས་མཆི་མ་མ་ཁོག་གཏོང་སྙམ་བྱས་བྱུང་། །
ལུས་ཀྱིས་བ་སྤུ་མ་བཟུང་ཟིང་སྙམ་བྱས་བྱུང་། །
ངག་གིས་སྐད་གདངས་མ་ཐུབ་འདར་སྙམ་བྱས་བྱུང་། །
འཆི་བའི་ས་ཚུགས་དེ་ཡི་འཇིགས་སྣང་བསམ་བྱུང་། །

ཡུན་རིང་འདུག་རྒྱུ་ཨེ་ཡོང་བཤད་ཚོད་སུས་ཐེག །
ད་ལྟའི་སྐད་ཅིག་མ་ལ་སྐྱིད་པོ་གསོན་ཤོག །
འཛུམ་གྱི་མེ་ཏོག་བཅོས་ནས་གྲོལ་བར་མ་གནང་། །
གཟབ་ནན་ཐུབ་པའི་ཚོད་དེ་དགོས་ལེ་རེད་གདའ། །
                     8 / 4 / 2025

དྲུང་རམས་པ་སད་མ། འཇོ་མདའ་རྫོང་གི་མི་ཡིན། སྐབས་བཞི་པའི་བསེ་ཚང་རྩོམ་རིག་བྱ་དགའ་དང་། བོད་ལྗོངས་སོག་རྫོང་ལྗོན་བཟང་སྙན་ངག་བྱ་དགའ་སོགས་མང་ཙམ་ཐོབ། བརྩམས་ཆོས་འགའ་《སྦྲང་ཆར》《གུར་ཀུམ་ཆུན་པོ》སོགས་དུས་དེབ་བཅུ་ཕྲག་དང་། 《ཁམས་པའི་ཚགས་པར》《རྔ་བའི་ཚགས་པར》སོགས་དང་། 《མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ》《མེ་ཏོག་ཕོ་བྲང་དྲ་བ》སོགས་ཏེ་དུས་དེབ་དང་ཚགས་པར་ཉི་ཤུ་ལྷག་གི་ནང་དུ་སྙན་ངག་དུ་མ་སྤེལ། ཁམས་པའི་ཚགས་པར་དུ་ཆེད་བསྒྲིགས་ཀྱང་སྤེལ།《ཞེ་ཆེན་དབྱངས་ཅན་རྟགས་མ》འི་རྩོམ་རིག་འགན་འཛིན་པ། ལོ་དེབ《པདྨའི་ཚལ》གྱི་རྩོམ་སྒྲིག་པ། 《ང་རོའི་ཆོ་འཕྲུལ》ཚང་གི་གཙོ་སྒྲུབ་མི་སྣ་བཅས་ཡིན། བརྩམས་ཆོས་སྙན་དེབ་ལ། 《བས་མཐའི་གླུ》དང་།  《འཕྱང་མོ》ཞེས་པ་གཉིས་ཡོད།

སྙན་ངག་ཁྲོད་ཀྱི་འབྲོག་མོ།

རི་མཐོ་ས་གཙང་གངས་ཀྱི་ཡུལ། །
གནས་པའི་གདོང་དམར་ན་ཆུང་མ། །
འཆར་ཀས་གོས་པའི་བཞིན་རས་ཀྱི། །
དུང་གི་སོ་ཕྲེང་མཛེས་པ་ལ། །

མཁུར་ཚོས་དམར་བའི་འགྲམ་པ་རུ། །
ཕན་ཚུན་འཛིང་པའི་རྣ་ཆ་འཕྱང་། །
སྨིན་མའི་གནམ་རུ་ཉེར་བཀུག་སྟེ། །
ཟུར་མིག་མདའ་མོ་ལྐོག་ནས་འཕེན། །

ཅུང་ཟད་དགོད་པའི་དམུལ་འཛུམ་གྱིས། །
ཡིད་འཕྲོག་ཟླ་ཐལ་སྟོང་ཡང་འཁུ། །
ནགས་ཀྱི་སྐྲ་ཆུན་དཔྱངས་བྱས་པའི། །
ཞལ་གྱི་གོར་མོ་གང་ལས་བྱུང་། །

དཀར་དམར་ཚོན་ཡང་མ་བཏང་ཞིང་། །
ཟོལ་རྫུན་འཕྲུལ་གྱིས་མ་བཟོས་པའི། །
བཅོས་མིན་གདོང་གི་མཛེས་པ་འདིས། །
མེས་པོའི་མཛངས་མ་དྲན་དུ་བཅུག །

འདྲེན་བྱེད་ཁྲ་ཆུང་གཟི་ཡི་སྤུན། །
གནག་ཅིང་སྣུམ་པའི་ལན་བུ་ཡག །
འགྲོགས་ན་ཁ་བརྡ་ཉུང་གྱུར་ཀྱང་། །
འགྲོ་ཞོར་ཟུར་མིག་ཀློང་ནས་བསྙད། །

རབ་དཀར་ཁ་བས་བརྒྱན་པའི་རིར། །
འཛུམ་དཀར་འབྲོག་གི་བུ་མོ་ནི། །
བློ་དཀར་སེམས་ཀྱི་ལང་ཚོ་ཡིས། །
གྲགས་དཀར་སྤྲིན་གྱི་དོག་པ་འཁྱུད། །

ཁྱོད་བཞིན་རི་མོ་བཀོད་པའི་གཟུགས། །
སྨྱུག་མའི་ཚལ་ལས་བཏོན་པ་བཞིན། །
མཉེན་ལྡེམ་གློག་གི་རྐེད་པ་ནི། །
ཟློས་གར་སོར་མོའི་རྗེས་སུ་འགྲོ། །

དངུལ་དཀར་ལན་བརྒྱར་ཕྱིས་པ་བཞིན། །
དཔྲལ་བའི་མེ་ལོང་ལྟ་ན་སྡུག །
རྫི་མས་འགོག་པའི་སྐད་ཅིག་ཙམ། །
ཁྱོད་ཀྱི་དཔལ་ལ་སྐལ་བཟང་དམན། །

ཁ་ཆུང་པདྨ་གསར་བ་ཡི། །
མཆུ་སྒྲོས་བིམྤ་སོ་མའི་དབུས། །
རྨད་བྱུང་གེ་སར་ཚེམས་ཕྲེང་ཚོགས །
གངས་ཀྱི་རི་བོ་སྒྲིག་དང་མཚུངས། །

དཀར་དཀར་གངས་དང་ཉི་འོད་ཀྱི། །
ཁུ་བ་འཕོས་པའི་ཆ་ཡང་ལྡན། །
དམར་དམར་མཚོ་དང་མེ་ལྕེ་ཡི། །
ཁ་དོག་འདྲེས་པའི་ཚོན་ཡང་མཆིས། །

རབ་དབྱེས་ཐོད་པའི་ཟླ་རིས་ངོས། །
ལན་ཆུང་གཡུ་བྱུར་ཕྲ་ཚོམ་དགོད། །
མཐོན་མཐིང་ལྷས་མའི་སྐྲ་ལོ་ཡང་། །
གཅིག་ཏུ་སྤུངས་པའི་རྣམ་པ་འཇེབས། །

ལྷག་མ་གཡས་གཡོན་འཕྱང་བྱས་ཏེ། །
ནགས་ཀྱི་འདབ་ལྟར་ཡངས་ཤིང་སྟུག །
པདྨའི་ངད་ལྡན་ཞལ་སྒོ་ལས། །
ཏ་ལའི་འདབ་བཞིན་ལྗགས་ཀྱང་ཡངས། །

ཤལ་རིང་སྙན་མཆོག་བྱེད་པོ་ཡིས། །
བཀོད་མིན་འགྲམ་པ་ཟུང་གི་ཐོག །
གསེར་གྱི་རྣ་ལུང་འོད་ཟེར་གྱིས། །
ཉི་མའི་ཟེར་ལ་རབ་ཏུ་བསྒྲུན། །

འཇམ་ལྡན་ངོས་ཡངས་བྲང་གི་མཁར། །
སྤྲིན་དཀར་འཛུམ་པའི་ཐིག་ལེ་ཟུང་། །
མི་སེམས་མཚོ་མོར་ལྷུང་གྱུར་པའི། །
ཁྱོད་ཀྱི་འོ་མ་འཛིན་ལའང་འགྲན། །

ཆུ་ཤེལ་ཟོ་བའི་མགྲིན་པ་ཡང་། །
ཕ་སྐད་འོ་མའི་སྟིམ་སྒྲས་ཁྱབ། །
རིན་ཆེན་རྒྱན་ཆའི་ཚོམ་བུ་ཡིས། །
བྲང་གི་ངོས་ཀྱང་ལྟ་ན་སྡུག །

སྣ་ཆུང་ཙན་དན་བུམ་ཏོག་ཀྱང་། །
གདོང་པའི་འབུར་ཤས་ལྷག་པར་མཛེས། །
མཚུར་ཚོས་ཀུ་ཤུ་སོ་མ་ཡང་། །
འགྲན་པའི་ཟོལ་གྱིས་ཡོང་བ་འདྲ། །

གདུ་བུ་འཐབ་པའི་སྐད་སྒྲ་ལས། །
དཔུང་པ་གསོམ་དཀར་ཐང་ཤིང་གི །
སོར་མོའི་ཡལ་འདབ་གཉིད་ལས་ཀྱང་། །
དཀྲོགས་པའི་སྣང་བ་ཨེ་ཡིན་སྙམ། །

པདྨའི་རྩ་བས་གཏད་མཚུངས་པའི། །
ལྟེ་བ་གཡས་འཁྱིལ་བུ་ག་ཀོང། །
སྐེད་པ་མཉེན་བཅུག་འཁྲི་ཤིང་གི །
ལྡེམ་པའི་སྒྱུ་རྩལ་ཨེ་མ་ལྡན། །

རོ་སྨད་གཡུ་འབྲུག་འཁྱུག་པའི་ཉམས། །
གླང་ཆེན་འཕྱོར་འགྲོས་བཞིན་དུ་དལ། །
སུག་པ་རྒྱ་ལྕང་དུད་པའི་མཉེན། །
ལྡེམ་མྱུར་ལམ་ནས་གར་ལ་རོལ། །

དུང་གི་ཀ་བ་གཤིབ་པ་བཞིན། །
བརླ་ཟུང་བདེ་དྲོད་དཀྱིལ་འཁོར་དུ། །
པད་མ་ཤ་ཡི་ལྷུན་པོ་ལས། །
འདོད་པའི་གཏེར་མཚོ་ངང་གིས་རྡོལ། །

ད་ནི་སྙན་ཚིག་གཙང་བོའི་རྒྱུན། །
ད་དུང་ལྷོད་མེད་འབབ་ན་ཡང་། །
མི་ཚེ་ཤོག་དཀར་རིང་མོའི་ངོས། །
སྐོམ་པའི་དུས་ཀྱང་ག་ལ་ཟད། །

ཆང་།  དངོས་མིང་ལ་སྨན་ལྷ་དཔལ་འབྱོར་ཟེར། ཆབ་མདོ་རི་བོ་ཆེའི་མི་ཡིན། ཁོ་ན་རེ། ངས་སྙན་ངག་འབྲི་བ་ནི་ནར་མ་སོན་པའི་སྙན་ངག་དེ་དག་གིས་ང་ལ་སྐྱོར་མ་གནང་བས་ཡིན། 

ང་དང་ངའི་སྙན་ངག

ཁྱོད་རང   ཆང་ལ་དགའ་བ་ལྟར
ང་རང   སྙན་ངག་ལ་དགའ་སྲིད

ཁྱོད་ཀྱིས   ཆང་ཡང་ཡང་འཐུང་བ་ལྟར
ངས་ཀྱང   སྙན་ངག་ཡང་ཡང་འབྲི་སྲིད

ཁྱོད་རང   ཆང་གིས་བཟི་བ་ལྟར
ང་རང   སྙན་ངག་གིས་བཟི་ཡང་སྲིད

ཁྱོད་རང   ཆང་དང་འབྲལ་ཐབས་མེད་པ་ལྟར
ང་ཡང   སྙན་ངག་དང་འབྲལ་ཐབས་མི་འདུག

དེ་ནི་གཏན་ཚིག་དང་ཁྱབ་མཐས་གཞལ་མི་ནུས་པའི་
གསང་བའི་བརྩེ་དུང་ཞིག་རེད
ང་དང་ངའི་སྙན་ངག་གི་བརྩེ་དུང་ཞིག་ཀྱང་རེད

སྙན་ངག་པའི་སྨོན་ལམ།

སྙན་ངག་བྲིས་ཏེ།
མི་རེ་རེའི་སེམས་ཁོང་གི་སྡུག་བསྔལ་ཕྱི་རུ་དབྱུང་ཐུབ་པར་ཤོག
ཁྱོད་ཀྱིས་རྨིས་འདོད་པའི་རྨི་ལམ་དེ་ནམ་རྒྱུན་རྨིས་པར་ཤོག
གྱེས་བྲལ་གྱིས་མནར་བའི་མི་རྣམས་ཐུགས་ཕྲད་བྱུང་བར་ཤོག
ཡང་ཡང་བསམ་པའི་་རེ་འདུན་དག་མགྱོགས་མྱུར་འགྲུབ་པར་ཤོག

སྙན་ངག་བྲིས་ཏེ།
རང་རང་གི་ཕ་སྐད་མ་ཡིག་བརྗེད་པ་མེད་པར་ཤོག
རྟག་བརྟན་འགྱུར་མེད་ཀྱི་སྙིང་སྡུག་དང་འཕྲད་པར་ཤོག
འཁོས་ཞན་གྱི་འཚོ་བར་དཀའ་ངལ་མེད་པར་ཤོག
འཛོམས་པ་སྤྲོ་བས་བརྟས་ཤིང་གྱེས་པ་འཁོན་སེམས་མེད་པར་ཤོག

སྙན་ངག་བྲིས་ཏེ།
རང་གི་མི་ཚེ་ལ་སྤྲོ་བས་བརྟས་པར་ཤོག
རང་ཉིད་སྤྲོ་བའི་ལས་ཀར་དུས་ཚོད་འདང་ངེས་ཡོད་པར་ཤོག
རང་ཉིད་སྙེགས་པའི་ལམ་ཁར་སུས་ཀྱང་སྡང་སེམས་མེད་པར་ཤོག
རྨི་ལམ་མཐའ་དག་འོད་ཀྱི་ཁེངས་པར་ཤོག

སྙན་ངག་བྲིས་ཏེ།
མི་རྣམས་ཀྱིས་ཚེ་སྲོག་ཡང་སྙིང་ལོན་པར་ཤོག
ཁེར་རྐྱང་གི་ངལ་དུབ་ཞི་བར་ཤོག
དམག་འཁྲུག་དང་མུ་གེ་མེད་པར་ཤོག
སྡུང་བསྔལ་དང་མིག་ཆུ་མེད་པར་ཤོག

སྙན་ངག་བྲིས་ཏེ།
ཡོད་ཚད་བྱིས་དུས་བཞིན་འཇམ་མཉེན་གྱིས་འཚོ་བར་ཤོག
ཁེང་དྲེག་དང་ཕྱོགས་ལྷུང་གི་མེ་དཔུང་ཞི་བར་ཤོག
གཏན་ཚིག་དང་སྒྲིག་ལམ་གྱི་ར་བ་ལས་ཐར་བར་ཤོག
མི་ཡུལ་འདི་མཐའ་དག་བརྩེ་བས་འཚོ་བར་ཤོག

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཆབ་མདོའི་གཞོན་སྐྱེས་སྙན་ངག་པའི་སྙན་ངག་བདམས་བཀོད།(ཁག་དང་པོ།)

2026-04-01 ཀླད་ཀོར་སོགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།