ཁངས་ཀྱི་སྙན་ངག་བདམས་བཀོད།

ཁངས། དངོས་མིང་ལ་ཚེ་ལོ་ཟེར། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་མཐར་ཕྱིན་རྗེས་གཞི་རིམ་ནས་སློབ་གསོའི་ལས་ཀར་འཇུས། སློབ་ཆུང་ནས་བཟུང་ཟླ་ཟེར་དང་སྦྲང་ཆར་སོགས་བཀླགས་ཏེ་རྩོམ་རིག་གི་བུ་རམ་མྱངས།
སྙན་ངག་ཅིག་འབྲི་བ་ནི་ཁེར་རྐྱང་གི་རང་ཉིད་ལ་རྨི་ལམ་ཐེངས་ཤིག་རྨི་རོགས་བྱེད་པའམ། འཆི་བདག་གི་རིག་ས་ནས་དུས་ཚོད་ཀྱི་མདའ་ཁབ་གསུམ་པོ་སིལ་བུར་གཏོར་བ་སྟེ། ཇེ་བཙོག་ཏུ་འགྱུར་བཞིན་པའི་འཇིག་རྟེན་འདི་ན་ད་རུང་ཉི་ཤར་དང་ཉི་ནུབ། འཇའ་ཚོན་དང་མེ་ཏོག བྱིས་པ་དང་བུད་མེད་སོགས་རིག་རྒྱུ་ཡོད་པ་ནི་སྙན་ངག་གི་བྱིན་རླབས་ཡིན་པར་རློམ་ཡོད། སྙན་ངག་འབྲི་བ་ནི་མི་སེམས་ཀྱི་གཡོ་སྒྱུ་དང་ལེ་ལོ། ཞེ་སྡང་དང་གཏད་སོ་མེད་པ་སོགས་ལ་ཐད་ཀར་གཏོང་གཏུག་པ་སྟེ། དུས་ནམ་ཡིན་ཡང་སྙན་ངག་ཡག་པོ་ཞིག་གིས་འཇིག་རྟེན་ཇེ་ཡག་ཏུ་གཏོང་བར་ཡིད་ཆེས་བརྟན་པོ་བཅངས་ཡོད།
ཁོང་མོ་སྨད་འཚོང་མར་གྱུར་པ།
ནམ་ཟླ་ཇེ་འཁྱག་ཏུ་མ་སོང་ལ
ཁྲུང་ཁྲུང་དག་ཀྱང་ལྷོ་རུ་མ་འཕུར་མོད
ང་རྫོང་མཁར་འདིར་འབྱོར་དུས
ཁོང་མོ་སྨད་འཚོང་མ་ཞིག་ཏུ་གྱུར་འདུག
བྱུར་རྙིང་གི་སྐེ་རྒྱན་ཆ་མ་དེ་དང
འོད་ཀྲིག་ཀྲིག་གི་གསེར་གྱི་གདུ་བུ་དེའང
ངའི་མཐོང་ལམ་དུ་མ་གྱུར
ང་སྡེ་བའི་མདོ་རུ་ཐོན་དུས
ཁོང་མོ་སྨད་འཚོང་མར་གྱུར་བའི་གཏམ་དེ
རླུང་བུ་འཇམ་པོས་བསྐྱལ་ནས་རྣ་སྒོར་ཐོན
ཡུན་རིང་དྲན་པའི་ལྷས་འདབས་ཀྱི་ལྕི་དྲིས
གྲོང་ཁྱེར་ནས་ལུས་པའི་རྣམ་ཤེས་ལ་བྱབས་ཁྲུས་གནང
ཁང་བརྩེགས་ཀྱི་གྲིབ་མ་དང
འཕྲུལ་འཁོར་སྣ་ཚོགས་ཀྱི་སྡུག་སྐད་ནི
མེ་ཏོག་བཞིན་སྐམ་པའི་ཁོ་མོའི་ལུས་ནས་ཟླ་མཚན་དུ་བབས
ངས་ཕྱིར་མིག་ཅིག་གི་ཕང་བར
སྲོད་ལ་བབས་པའི་རི་བོ་དང་ལུག་ཁྱུ་གཅུད
སྣུམ་ལམ་གྱིས་གས་སུ་བྱས་པའི་སྤང་ཐང་ཡང་ཕྱོགས་གཅིག་ཏུ་སྒྲིལ
ཉི་ནུབ་ཀྱི་སོ་ཁར་འགྲེང་བའི་ཁོང་མོའི་གྲིབ་མས
སྲོག་གི་དབང་བོ་འཕྲོག་བྱེད་ཀྱི་དུག་དག་ངའི་ལུས་སྟེང་དུ་བྱོས་མོད
ང་སྔར་བཞིན་མེ་ལྕེ་ལྟ་བུའི་ཁོ་མོའི་མཆུ་སྒྲོས་ལ་དགའ
རྒྱུད་སྐུད་མཐའ་དག་ལྐུགས་པར་བྱེད་པའི་ཤབ་ཤུབ་ཀྱི་གཏམ་ལ་དགའ
མཚན་གུང་།
ཡི་གེ་དག་རིམ་བཞིན་མག་མོག་ཏུ་གྱུར་དུས
ངས་རྒྱང་རིང་གི་གངས་རི་ཞུ་བའི་སྒྲ་ཐོས
སྐར་ཆེན་དག་མེ་སྟག་བཞིན་གཟིམས་ལ་ཉེ་དུས
རྨི་ལམ་ནང་གི་ཁྱོད་གློ་བུར་དུ་རྒས
ང་ལ་ཅི་ཡང་མེད་དེ
ལུས་པོ་སྡུག་ཅག་འདི
རྣམ་ཤེས་ཀྱི་སྐེ་ལ་བཏགས་པའི་ལྕགས་སྒྲོག་ཉིད
ཟླ་བ་སྤྲིན་རུམ་འདི་ནས་སྤྲིན་རུམ་གཞན་ཞིག་ཏུ་བྲོས
སྒོ་དང་སྒེའུ་ཁུང་དམ་པོར་རྒྱབ་ཀྱང
རླུང་བུ་དག་མངོན་སུམ་འཛེམ་མེད་དུ་ཁྱོད་ཀྱི་རུམ་ཁར་སྙེག
ལྭ་བའི་སྒྲོག་གུ་དག་རེ་རེ་བཞིན་བརྟོལ་རྗེས
“མ་གཞི་ལང་ཚོ་ནི་ང་རྒྱལ་གྱིས་ལྡེམ་པའི་འོ་འཛིན་ཟུང་སྟེ
དེ་ལ་རེག་ཙམ་བྱས་པས་ཀྱང
ཁྱོད་ཉིད་གཟུགས་ལས་འདས་པ་གཞན་ཞིག་ཏུ་འགྱུར་སྲིད”ཅེས་ཟློ
གཉིད་སྟུག་པོ་འདིས
གཅན་གཟན་དག་ལ་ང་རོ་དང་སྡེར་མོ་རྣོན་པོ་སྤྲད
ཁོ་ཚོའི་མཆེ་བར་ནས་འཛག་པའི་ཁྲག་ཐིགས་ཀྱིས
བུས་པ་ཚོའི་མཆུ་སྒྲོས་ལ་ནེམ་ཤ་དང་ངུ་འབོད་བྱིན
དུས་དེ་ནས་བཟུང
ཁྱོད་ཉིད་མཚན་མོ་རེ་རེར་སྐྱེས་ཤིང
མཚན་མོ་རེ་རེར་རྒས་ཤིང་འཁོགས་པར་གྱུར
རང་གཟུགས།
སྐད་ཆའི་སྣེ་མོར་ཚེར་མ་ནག་པོ་སྐྱེས
དེ་ཡིས་བར་མཚམས་མེད་པར་ན་ཟུག་བསྐྱེད
ཁྲག་གི་རླངས་པ་དྲོན་པོས་ནམ་མཁའ་སྦགས
སྤྲིན་པ་དཀར་པོ་དག་དམར་སེར་དང
དེ་ནས་རིམ་བཞིན་དམར་ནག་ཏུ་གྱུར
ཇ་ཧུབ་གང་འཐུང་པས
ཁོག་པའི་ནང་གི་དོན་སྣོད་ལ་ཡི་དྭགས་ཀྱི་རྣམ་ཤེས་ཞུགས
མུན་པ་འདྲ་བའི
ཁྱོད་ཀྱི་གཡོ་ཟོལ་འདྲ་བའི
སུ་ཞིག་གི་གསང་བ་ལྐོག་གྱུར་གྱི་འཆར་གཞི་འདྲ་བའི
སྟ་རེ་རྣོན་པོ་དེ་གནམ་ལ་ཕྱོར་ཅིག
རང་གི་གྲིབ་མ་ཡང་གཤེད་དུ་ལངས་པའི་ཁ་སང་དེ་རིང
འོད་སྣང་གིས་མོག་པོར་བཏང་བའི་མིག་ཟུང་དང
ཤེས་རབ་ཀྱི་བདུད་རྩིས་མྱོས་པའི་རང་དབང་གི་ཆེད་དུ
ངས་ཅིས་ཀྱང་ཁྱོད་ལ་འོ་ཞིག་བྱེད་དགོས
དེ་ནི་ཐང་ཆད་པའི་སྐྱེ་བོ་ཞིག་གིས་གྲིབ་བསིལ་བརྟེན་པ་དང་འདྲ་བར
ང་ཡང་ཁྱོད་ཀྱི་ཐག་ཉེ་ནས་འཆལ་བོར་འགྱུར་བའི་རྟེན་འབྲེལ་ཐོག་མ་ཡིན
བདག་འཛིན།
ནམ་མཁའ་ངའི་ཡིན
སྤྲིན་པ་ངའི་ཡིན
ནམ་མཁའ་ལྟ་བུའི་རྒྱ་མཚོ་ངའི་ཡིན
སྤྲིན་པ་ལྟ་བུའི་ལུག་ཁྱུ་ངའི་ཡིན
ཟླ་བ་ངའི་ཡིན
སྐར་མ་ངའི་ཡིན
ཟླ་བ་ལྟ་བུའི་ངོ་གདོང་ངའི་ཡིན
སྐར་མ་ལྟ་བུའི་མིག་ཟུང་ངའི་ཡིན
ཕོ་བྲང་ངའི་ཡིན
རྒྱ་ཕིབས་ངའི་ཡིན
ཤ་དང་རུས་པས་བརྩིགས་པའི་ཕོ་བྲང་ངའི་ཡིན
འོད་ཀྱི་གཟི་བྱིན་འཁྱུད་པའི་རྒྱ་ཕིབས་ངའི་ཡིན
རྟ་ཕོ་ངའི་ཡིན
སྒ་སྲབ་ངའི་ཡིན
རྨིག་པས་ས་ཆེན་སྒུལ་བའི་རྟ་ཕོ་ངའི་ཡིན
དམར་པོ་ཁྲག་གིས་བརྫིས་པའི་སྒ་སྲབ་ངའི་ཡིན
མཚན་གུང་གི་འགྲུལ་བཞུད།
རྒྱུ་སྐར་ཚོགས་ནི་ཡོམ་ཡོམ་འདར་བའི་མཚན་མོ་ཞིག་ལ།།
ངས་ནི་ལུས་པོའི་ཕྱི་ཤུན་རེ་རེ་དལ་གྱིས་ཕུད་དེ།།
སེམས་ཀྱི་རྟ་ཕོར་ཤེད་ཤུགས་ཡོད་རྒུས་ལྕག་གིས་བྲབ་ནས།།
མུན་པ་འདི་ཡི་ཕྱི་ནང་བརྒལ་བའི་འགྲུལ་བཞུད་མགོ་བརྩམས།།
དུས་ཀྱི་ཀླུང་ཆེན་ཤར་གྱིས་རྒྱུགས་པའི་གྲོག་རོང་ཞིག་ནས།།
ལོ་ཟླའི་དྲན་པ་གནའ་ནས་བོར་བའི་ཕ་བོང་ཞིག་ལ།།
མི་རབས་ཤིག་གི་འདས་མ་ད་ཡི་སྐྱིད་སྡུག་དྲིས་ཀྱང་།།
དྲིས་པའི་གཏམ་ལ་ཨ་ལན་མེད་པར་ཤུགས་རིང་ནར་ནར།།
ཟླ་འོད་འཇམ་པོ་ཆུ་ལྟར་འབབ་པའི་སྲང་ལམ་ཞིག་ནས།།
ཁྲ་ཆིལ་དགུ་ཆིལ་གློག་གི་ལྟད་མོར་ཡུད་ཙམ་ཧད་ཀྱང་།།
ཁྱོད་ཀྱི་ཁ་སྒོ་སྐྱེ་འབྲས་འདྲ་བའི་འཇོ་སྒེག་མ་མཐོང་།།
སེར་ཆེན་འདབ་མ་རླུང་གིས་ལྡེམ་འདྲའི་གོམ་འགྲོས་མ་མཐོང་།།
དུས་དེར་གློ་བུར་གནམ་གྱི་རྒྱལ་མོའི་ཕྱག་འབེབས་འདྲ་བའི།།
ཆར་ནག་དྲག་པོས་གནམ་ས་གཉིས་ལ་ཡོ་ལང་བརྡབས་སོང་།།
ཤ་དང་རུས་པའི་གཏིང་ནས་བརྡོལ་བའི་འཇིགས་སྐྲག་ཅིག་གིས།།
ཁྱོད་ལ་བརྗོད་འདོད་གཏམ་གྱི་ཤེའུ་ཆུངདེ་མུར་འདྲོགས་སོང་།།
མེ་ལོང་འདི་ནི་ཅི་ཙམ་ཕྱིས་ཀྱང་རང་གཟུགས་མི་མཐོང་།།
རང་བློ་ནང་དུ་ཅི་ཙམ་བསྡུས་ཀྱང་རང་ངོ་མི་འཕྲོད།།
བདེན་རྫུན་གཉིས་ལ་འཕལ་ཁ་འཕྲོད་པའི་འཇིག་རྟེན་འདི་ནས།།
གང་ལྟར་རང་ཉིད་གཅིག་པུ་ཡིན་པས་ཞེད་དགོས་མི་འདུག།
དེ་ལྟར་ཡུན་རིང་སྟོང་འདང་ཁྲོད་ནས་རྒྱང་ལ་འབྱོར་ཀྱང་།།
འགྲོ་རོགས་གྲིབ་མ་ཨ་ཐང་ཆད་ནས་རྗེས་ན་ལུས་འདུག།
སྣང་བའི་བྱེའུ་ཆུང་གཤོག་འགྱུར་གྲིམ་པོས་སྔོན་ལ་ཤོར་འདུག།
མི་ཁོམ་བྲེལ་བའི་ཀུན་གཞིའི་རྟ་ཕོ་གར་སོང་ཆ་མེད།།
འཆི་བ་འདི་ནི་བདག་པོ་ཡིན་འདྲ་བསུ་མར་ཡོང་འདྲ།།
སྐྱེ་བ་འདི་ཡང་བདག་པོ་ཡིན་འདྲ་སྐྱེལ་མར་ཡོང་འདྲ།།
ལུས་ཀྱི་ཐོ་ཡོར་སྒུལ་ཙམ་བྱས་ཀྱང་འགྱེལ་ནས་འགྲོ་བ།།
ལན་ཆགས་བུ་ལ་ལྟ་ཙམ་བྱས་ཀྱང་ལྷུག་ལྷུག་དགོད་པ།།
སྐྱ་རེངས་ལྷ་མོ་ཤར་རིའི་ཕྲག་ནས་དལ་བུར་ཕེབས་བྱུང་།།།
སྐར་ཆེན་སྐར་ཆུང་ཕྲ་རུ་བཏབ་པའི་དགྱེས་འཛུམ་མངོན་བྱུང།།
ངས་ཀྱང་ཉོབ་པའི་ལུས་སེམས་གཉིས་ལ་ཉ་ར་བྱས་ནས།།
སླར་ཡང་མི་ཡི་གྲལ་ལ་འགྲོ་བའི་སྟ་གོན་བྱའོ།།
ལོ་མང་པོའི་རྗེས་སུ།
ལོ་མང་པོའི་རྗེས་སུ
ཡུལ་ལྗོངས་སྟོང་བ་དེའི་བར་སྣང་ནས
དུས་བྱ་ཁྱུ་གཅིག་ལྷོ་ཕྱོགས་སུ་འཕུར་སྲིད
སྐབས་དེར་ཁྱོད་རང་སྔར་བཞིན་ཆང་ཁང་ཞིག་ན་ཡོད་ལ
མདུན་གྱི་Franziskanerདམ་བེ་གང་བོ་རྔམ་འཐུང་བྱས་ཚར་རྗེས
ཁྱོད་རང་ཆང་མ་དེའི་འདོད་པའི་མེ་ནང་དུ་མཆོངས་ཤིང
རང་གི་ལུས་པོ་ཚིག་པའི་ལྟད་མོ་ལ་ཧད་དེ་ལུས
ལོ་མང་པོའི་རྗེས་སུ
ཁྱོད་ཀྱིས་ཐ་སྙད་ཀྱིས་ཕུང་གསོག་རྒྱབ་པའི་དེབ་ཅིག་རྙེད་སྲིད
ཕྱི་ཤུན་རླུང་གིས་ཁྱེར་ནས་ཕྱོགས་བཞིར་སོང་ཡང
དེའི་ནང་གི་ཡི་གེ་དག་ལ་གཤོག་པ་སྐྱེ་བཞིན་པ་མཐོང་སྲིད
སྐར་ཆེན་དག་ཁྱོད་ཀྱི་སྒེའུ་ཁུང་གི་མདུན་དུ་བབས་ནས
ཀླད་པའི་ནང་གི་སྐམ་ཐན་གྱིས
ལོ་རྒྱུས་ཀྱི་དྲན་པ་བསུབ་ཀྱིན་པའི་གསང་བ་བཤད་སྲིད
ལོ་ངོ་མང་པོའི་རྗེས་སུ
ཁྱོད་ཀྱིས་མིག་ར་ནག་པོ་ཞིག་རྒྱབ་ནས
འཕྲུལ་ཆས་ཀྱིས་བཟོས་པའི་ཉི་མ་ཕར་འདེད་ཙམ་བྱེད་སྲིད
གཞུང་ཤག་ནང་གི་བུད་མེད་རྒྱགས་པ་དེས
རང་གི་ཁྱོ་གའི་མིང་ནས་ཡང་ཡང་བོས་ཀྱང
ཟོ་མདོག་ཤོར་བའི་ངོ་གདོང་སྐྱ་བོ་དེ་ལས
ཕྲུ་གུ་ཚོའི་ཕ་ནི་སྐྱེས་པ་གཞན་ཞིག་ཡིན་པའི་འུ་ཐུག་སྟོན
ལོ་ངོ་མང་པོའི་རྗེས་སུ
ཁྱོད་ཀྱིས་གནམ་གཤིས་རྩ་བ་ནས་འགྱུར་ཡོད་པ་ཚོར་མི་སྲིད་མོད
དབང་རྩ་ཉམས་པའི་བགྲེས་པོ་དག་ཨུ་ཚུགས་ཀྱིས་ཡར་འགྲེང་དུས
ཁོ་ཚོའི་འཁར་རྒྱུག་གི་སྣེ་མོས
ས་གཞིའི་སྙིང་ལ་མི་རྟག་པའི་དཀྱིལ་འཁོར་འབྲི་བ་དངོས་སུ་མཐོང་སྲིད
ཅི་འདི་མེད་པ།
རླུང་གིས་མཐོན་པོར་སྤུར་བའི་དར་ཆ་ཁ་གང་དེས
བར་སྣང་ནས་མར་ལྷུང་བའི་ཆུ་ཐིགས་དག་རྙོག་པོར་བཏང
ཁེར་རྐྱང་གི་ཚོར་བ་མཚོན་བྱེད་ནི
ཆང་དང་ཐ་མག་མ་ཡིན་པར
ཡི་གེ་རེ་རེའི་ཕག་ཏུ་ཡིབ་པའི་གཟུགས་དང་ཆོ་འཕྲུལ་ཡིན
ཁོ་རྒས་སོང་བའི་ཞོགས་པ་དེར
དུས་ཚོད་ཀྱི་མདའ་ཁབ་གསུམ་པོ་དེ་མ་ཐག་བཙའ་ཡིས་བཟུང
མི་ནི་ཤིན་ཏུ་ཡང་བའི་སྲིང་བལ་གྱི་རྩེད་ཆས་ཤིག་སྟེ
མཚམས་རེར་རང་གི་སྡོད་ཤག་གི་བར་སྣང་ན་ལྡིང་སྐོར་རྒྱག
ཁོ་ཚོ་བླུན་པོ་ཡིན་པའི་སྒྲུབ་བྱེད་མང་དུ་ཡོད་དེ
ཉི་འོད་སྒྲིབ་བྱེད་ཀྱི་གཤོག་པ་ཆ་གཅིག་བཟོས་པས་ཀྱང
འཆི་བ་ནི་གང་ཞིག་ལ་བུད་སོང་བ་མ་ཡིན་པར
ཕྱིར་རང་ཉིད་ཀྱི་པང་དུ་ངལ་གསོ་རུ་ཡོང་བ་དང་འདྲ
ཅི་བྱ་གཏོལ་མེད།
འབར་རྒྱུ་མེད་པའི་མེ་དམར་པོ་དེར
ངས་ཞག་གང་བོར་ཕུ་བཏབ
སྐར་ཆེན་དག་གིས་ཕྱོགས་བཞིར་བརྒྱངས་པའི་ནམ་མཁའ་འདི
ལོ་སྟོང་ཕྱུར་མང་པོའི་སྔ་རོལ་དུ་འདི་འདྲ་ཡིན་ནམ
གཞས་གསར་གཏོང་མཁན་གྱི་མི་ཕོ་དེས
སྐྱེ་བོ་མང་དག་ཅིག་ལ་སྐྱེ་བ་སྔོན་མ་དྲན་དུ་བཅུག
མི་ཟེར་བ་འདིས་རང་ཉིད་ནམ་ཞིག་ལ་འཆི་བ་ཤེས་ན
གཟེབ་ནང་གི་བྱེའུ་ཚོར་རང་དབང་སྟེར་སྲིད་དམ
འབྲོག་པ་དག་གཉིད་དུ་ཡུར་ནས་ཡུན་རིང་སོང་བས
ཁོ་ཚོའི་རྣམ་ཤེས་ཀྱིས་རང་གི་ཕ་ཡུལ་དང་ལུག་ཁྱུ་དབང་མེད་དུ་དྲན
ལོ་རྒྱུས་ཀྱི་དྲན་པ་ཉམས་པའི་མི་དག་གིས
ཉི་འོད་འོག་ཏུ་རང་གི་གྲིབ་མར་བལྟས་ནས་ཆགས་པ་སྐྱེ
སྤྲེའུ་དག་ནགས་ནས་ཐོན་རྗེས་འཇིག་རྟེན་བདག་ཏུ་བཟུང
འབྲོང་གཡག་རྫ་ནས་བབས་རྗེས་ཁོ་ཚོའི་སྒོ་ཕྱུགས་སུ་གྱུར
འགྲིག་མི་འདུག
མེ་ལོང་ནང་གི་དེ་ཁྱོད་མ་རེད
དེ་ནི་ཁྱོད་ཀྱི་སྐྱི་པགས་ཀྱིས་བཏུམས་པའི་གཟུགས་བརྙན་ཞིག་སྟེ
གསར་འགྱུར་ནང་གི་ནག་ཉེས་ལ་གཏན་དུ་རྣ་བ་གཏོད་ཅིང
དུས་ཚོད་ཀྱི་ཤ་དང་རུས་པ་ཞིབ་བུར་འཐག་པའི་གཅན་གཟན་ཞིག
སྡོད་ཁང་ནང་གི་དེའང་ཁྱོད་མ་རེད
དེ་ནི་ཁྱོད་ཀྱི་ཅ་ལག་དག་གིས་དུས་མཉམ་དུ་བོས་པའི་རྣམ་ཤེས་ཞིག་སྟེ
རྡུལ་འཚུབ་ཉི་ལེར་སྒེའུ་ཁུང་ཐེངས་ཤིག་ཕྱེས་ན
དེ་ཡིས་སྐར་མདའ་དག་ནི་མདའ་མོའི་ལྟོང་དུ་སྤྲོད་སྲིད
མེ་ཐབ་འཁྲིས་ཀྱི་དེའང་ཁྱོད་མ་རེད
དེ་ནི་ཁ་བས་སྐྲ་འདབས་ཟོས་པའི་བགྲེས་སོང་ཞིག་སྟེ
འཐོར་ལ་ཉེ་བའི་རུས་པའི་སྒྲོམ་གཞི་དེ་ཡིས
ཉིལ་བར་རྩོམ་པའི་གངས་ཀྱི་རྩིག་པ་ཡང་ཡང་སྐྱོར
གང་ལྟར་ཁྱོད་ནི་ཁྱོད་མ་རེད
སེ་གོལ་གཏོགས་པའི་ཡུན་ཙམ་ལ
མཆུ་སྒྲོས་དམར་པོར་འཁྲིལ་བའི་ཟིལ་བ་ལྡག་ཅིང
སྟོང་ཁམས་ཆེན་མོར་སྐོར་བ་ལན་གཅིག་བྱས་སྟེ
ཚེ་ཡི་རྒྱུན་བུར་བརྒྱུས་པའི་གཏམ་རྒྱུད་ཟློ་ཞིང
མཆི་མའི་རླབས་རྒྱུན་བརྩེ་བའི་ཀོ་གྲུས་བསྒྲོལ་གྱིན
སྨུག་པ་སྟུག་པོའི་གསེང་དུ་ཡལ་བ་ཉིད་དོ
འཆི་བ།
ཞགས་པ་འདི་སྦྲུལ་ཁྲ་བོ་ཞིག་རེད
འདིའི་ལྕེ་གཉིས་ཀྱིས
གཅིག་གིས་ལྷ་ཡུལ་གྱི་མེ་ལོང་འབྱིད་ཅིང
གཅིག་གིས་དམྱལ་ཁམས་ལ་སྦུད་པ་རྒྱག
རྐང་ཐང་།
རི་བོ་འདིའི་ཁོག་པ་ནས་མཚམས་མེད་པར་སྐྱེ་བཞིན་པའི་གསེར་དང་དངུལ་ལ
ས་བོན་ཞེས་མིག་གིས་མཐོང་ཐུབ་པ་ཞིག་སྟོན་རྒྱུ་མེད་ཀྱང
དེས་མི་སེམས་ཀྱི་ཟབ་ས་ནས་གཉོར་བའི་ཧམ་སེམས་དང་གཡོ་སྒྱུ་ནི
སྐྱེ་བ་གྲངས་མེད་པར་བསགས་པའི་ལན་ཆགས་ཀྱི་བུ་ལོན་བཞིན
ནམ་ཡང་ཡལ་ག་རྒྱས་ཤིང་ལོ་འདབ་སྟུག་པོར་གཡོ
ཡི་གེ་ནི་མིའི་རྣམ་པར་ཤེས་པ་རི་མོའི་སྟེང་དུ་འཕོས་པ་ཡིན་པས
དེས་མཚམས་རེར་དམ་པའི་གསུང་རབ་དང་བཀའ་བསྟན་གྱི་གཙུག་ལག་འབྲི་ལ
ལན་རེར་འདོད་པས་མ་ཚིམ་པའི་བུད་མེད་དག་གི་མཚན་མ་འབྲི
ཡང་སྐབས་རེར་ཁྲག་གི་ལྟེང་ཀ་འཁྱིལ་བའི་ཤན་པ་དེའི་ལག་གི་བཤས་གྲི་འབྲི
ངའང་རྒྱུན་དུ་གཅིག་པུར་ཆུ་འགྲམ་ལ་སོང་མྱོང
དྭངས་པའི་ནམ་མཁའ་ལག་ལ་བླངས་ནས་ཐེངས་འགར་ཕྱིས་ན་འདོད
གྲམ་ཐང་གི་རྡོ་བ་དག་སྒྲུག་ནས་ཕོ་བྲང་ཞིག་བརྩིག་ན་འདོད
ཆུ་ནང་དུ་རང་ཉིད་བེམ་པོ་བཞིན་གང་སར་འཁུར་དུ་བཅུག་ནའང་འདོད་མོད
ཆུ་འགྲམ་གྱི་མེ་ཏོག་དག་རྩད་པ་བོར་ནས་བར་སྣང་དུ་སོང་བ་མཐོང་རྗེས
ངས་ང་རང་གཅིག་པུར་འཇིག་རྟེན་འདིར་ཡོང་བ་དྲན་ཞིང
ཕྱིར་ལྡོག་པའི་ལམ་དུའང་རང་ཉིད་གཅིག་པུ་ཡིན་པ་དྲན
དེའི་རྗེས་སུ།
སྙན་ངག་གྲངས་མེད་ཅིག་བཀླགས་པའི་རྗེས་སུ
ཁྱོད་རང་ཐ་སྙད་ཀྱི་རྒྱ་རྙིར་ཚུད་དེ
ཚོར་བའི་ཚོགས་འཁོར་གྱི་བསླུ་བྲིད་ཐེངས་མང་ཐེབས་སྲིད
སྙན་ངག་གྲངས་མེད་ཅིག་བཀླགས་པའི་རྗེས་སུ
ཁྱོད་ཀྱི་རྩིབ་རུས་ཉི་འོད་ཀྱིས་ཟོས་ཤིང
མགོ་རུས་ཀྱང་སྐར་ཚོགས་ཀྱི་གསེབ་ཏུ་འཐོར་ངེས
སྙན་ངག་གྲངས་མེད་ཅིག་བཀླགས་པའི་རྗེས་སུ
ཁྱོད་ཀྱི་བརྩེ་དུང་གིས་ཁྱོད་རང་རྙེད་སྲིད་མོད
ཁྱོད་ཀྱི་གྲིབ་མས་ཁྱོད་རང་བསྐྱུར་ངེས
སྙན་ངག་གྲངས་མེད་ཅིག་བཀླགས་པའི་རྗེས་སུ
ཁྱོད་ཀྱི་སྐད་ཆར་སྒྲོ་གཤོག་སྐྱེ་ངེས
ཁྱོད་ཀྱི་རུས་པར་སིམ་པའི་ཁེར་རྐྱང་ཡང་རིམ་བཞིན་བསྲད་ངེས
སྙན་ངག་གྲངས་མེད་ཅིག་བཀླགས་པའི་རྗེས་སུ
ཁྱོད་ཀྱི་སྐྱེ་བ་ཡང་ཐེངས་ཤིག་བརྗེ་དགོས་སྟེ
ཆ་ཡོད་ཀྱི་མི་ཚོགས་འདིས་ཁྱོད་ཀྱི་རྣམ་ཤེས་བཙོན་དུ་བཟུང་ཡོད
སྙན་ངག་གྲངས་མེད་ཅིག་བཀླགས་པའི་རྗེས་སུ
ཁྱོད་ཀྱིས་སླར་ཡང་སྙན་ངག་གྲངས་མེད་ཅིག་བཀླག་སྲིད་དམ
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།

