གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཚོ་ཚང་མ་ཆུ་རེད།(ཞར་བཀོད་དྲུག་ཡོད)

2017-10-19 12:25:54 གཅན་མེ་སྟག ཀློག་གྲངས། མཆན ཡོད།


ང་ཚོ་ཚང་མ་ཆུ་རེད།
གསེར་གྱི་ཕོར་བའི་ནང་བླུགས་ནའང་།
ང་ཚོའི་བརླན་ཞིང་གཤེར་བའི་རང་བཞིན་འགྱུར་མི་སྲིད།

གཤོང་ཡངས་སའི་ལུང་ཁོག་ཏུ་འབབ་དུས།
ང་ཚོའི་མིང་ལ་གཙང་བོ་ཟེར།
གུ་དོག་སའི་རྫ་སུལ་དུ་བཞུར་ན།
ང་ཚོའི་མིང་ལ་རྫ་ཆུ་ཟེར།

གྲུ་བཞི་དང་འཕྲད་ན་གྲུ་བཞི་དང་།
སྒོར་སྒོར་དང་འཕྲད་ན་སྒོར་སྒོར་ཏེ།
གཟུགས་དང་དབྱིབས་མི་འདྲ་བར་འགྱུར་དོན་ནི།
རང་ཚུགས་མེད་པ་མིན་ཏེ།
ང་ཚོས་ཆེས་མཐའ་མཇུག་གི་ལོག་མལ་འཚོལ་ཕྱིར་ཡིན།

ང་ཚོ་ཚང་མ་ཆུ་རེད།
ཆུ་ནི་ཆུ་ཡི་རང་གཤིས་ལས་འགྱུར་ཐབས་མེད་དེ།
རླངས་པར་གྱུར་ནས་སྤྲིན་དང་འདྲེས་ནའང་།
དེ་ལས་བབས་པ་ནི་ཆར་ཆུ་འབའ་ཞིག་གོ

                                      རྨི་ལམ་དུ་འགྲེ་ལོག་ཐེངས་གཅིག་བྱས།

མལ་ཁྲིའི་སྒང་དུ་ཁྱོད་ཉིད་མེད་པའི
མཚན་མོ་རེ་རེར།  རྨི་ལམ་ནི།
བསྟན་བཤིག་ཚ་བའི་བྱིས་པ་ཞིག་དང་འདྲ་བར།
ངའི་མལ་ཁྲིའི་སྒང་ན། རྐང་བ་རྐྱོང་ཚད་ཀྱིས།
ཉལ་ཡོད།

ང་རང་འགྲེ་ལོག་ཐེངས་གཅིག་བྱས་ན།
རྨི་ལམ་ཡང་འགྲེ་ལོག་ཐེངས་གཅིག་བྱེད་དེ།
གཉིད་ཡལ་ནས་མིག་ཟུང་ཡུན་གྱིས་ཕྱེས་ཚེ།
རྨི་ལམ་གྱི་རྐང་བ།     སྔར་ནས།
ངའི་བྲང་ཁ་རུ་གླན་ཚར།

སྔོན་ཆད།  ཁྱོད་ཀྱིས་ངའི་སྔས་འགྲམ་ལ་རྣ་བ་གཏད་ནས།
ངའི་རྨི་ལམ་གྱི་ལབ་བརྡོལ་ལ་ལྐོག་ཉན་བྱེད་པ་དང་འདྲ་བར།
རྨི་ལམ་གྱི་ཆིག་ལབ་རེ་རེས་ཀྱང་།
ངའི་མཚན་མོའི་སྒེའུ་ཁུང་ལ།
ཅི་ཞིག་གི་དྲན་སྣང་བརྗོད་ཀྱིན་ཡོད།

བྱ་སྤུའི་མལ་གོས་འདི་དམ་པོར་བཟུང་སྟེ།
ཕྲག་གཡོན་གཅེར་བུར་བུད་པའི།
རྨི་ལམ་གྱི་སྟེང་དུ་གཡོགས་དུས།
མ་བསམས་པའི་སྣང་བ་ཞིག་ལ།
ངས་ཁྱོད་ཡང་བསྐྱར་ཆུང་མར་བསུས་པ་དང་འདྲ།

                                    རྨི་ལམ་འཁྲུགས་པའི་ཞོགས་པ།

མདང་དགོང་རྨི་ལམ་འཁྲུགས་འཁྲུགས་ཏེ།
ཞོགས་པར་ཡར་ལངས་དུས།
དཔྱི་མགོ་དང་རྐང་མཐིལ་བར་དུ།
རྣོ་ལྕགས་ཀྱི་ལྡེམ་རྩིབ་ཅིག་སྤྲད་པ་དང་འདྲ་བར།
གསིག་ཅིང་གསིག་ཅིང་འགྲོ་ལ།
མེ་ལོང་ནང་ཤར་བའི་ངོ་གདོང་ནི།
བསྡུས་བརྗོད་ཀྱི་རི་མོ་ཞིག་དང་འདྲ་བར།
མཚོན་དོན་མི་གསལ་བའི་ཁ་དོག་ཅིག་གིས་ཡོངས་སུ་གཡོགས་འདུག

ལག་པའི་མཐེ་བོང་འགུལ་ཙམ་བྱས་ན།
གཟེར་ཟུག་ཅིག་དཔུང་རྩ་ནས་གློ་སྦུག་བར་དུ་འགྲོ་ལ།
སྣ་སྦྲིད་ཅིག་ཤེད་ཀྱིས་བརྒྱབ་ན།
རིག་པ་ཞིག་རྨོངས་དུབ་བེར།
ཀླད་རྩ་ནས་བྲང་གཞུང་བར་དུ་མུན་ནག་གིས་འགྲོ

ཡིན་ནའང་དགའ་འོས་པ་ཞིག་ལ།
ངའི་མིག་དང་རྣ་བ་ལ་སྐྱོན་ཆེར་མི་འདུག་སྟེ།
མིག་གིས།  སྒེའུ་ཁུང་ཕྱིའི་ཡོ་འབོག་སྡོང་བོ་དེ་མཐོང་ཐུབ་ལ།
རྣ་བས།  སྡོང་བོའི་ཡལ་ག་ན་འཐམ་འཁྱུད་བྱེད་པའི།
བྱེའུ་ཕོ་མོ་དེའི་འཁུན་སྒྲ་འང་ཐོས་ཐུབ།

                                      གཙང་སེལ་གྱི་སློབ་གསོ།

ཞོགས་པ་སྔ་མོ་ནས།
ཁྱོད་ཀྱིས་ངའི་མཐའ་འཁོར་གྱི་རྩྭ་ལྡུམ་འབལ་བ་དང་།
ས་སློག་པ།  རྫ་གཡམ་གྱི་ཆག་དུམ་སྒྲུག་པ།
རྡེའུ་ཟེགས་དང་ལོ་མ་རྙིད་པ་སེལ་བ།
ཁ་དོག་སྣ་ཚོགས་ཀྱི་ཤེལ་སྒོའི་ཆགས་གྲུམ་བཏུ་བ།
འགྱིག་ཤོག་ཁུག་མ་དང་།  རྡོ་སོལ་གྱི་སྙིགས་མ་སྒུམ་པ་མ་ཟད།
ད་དུང་ས་འབུ་ནག་རིང་གི་ཚང་སྔོགས་ཏེ།
ཁོས་དགུན་ཟས་ལ་ཉར་བའི་འབྲུ་རྡོག་ཡོད་ཚད།
གད་སྙིགས་དང་ལྷན་དུ་གཙང་སེལ་བྱས་སོང་།
ད་དུང་དེ་ཡིས་མ་ཚད་པར།
ཁྱོད་ཀྱིས་ཡང་དང་ཡང་དུ་ངའི་སྟེང་ལ་ཆུ་གཏོར་ཏེ།
ངའི་ཀླད་སྒྲོམ་ནས་དབང་རྩ་ཡོངས་སུ་རློན་པ་བཟོས་སོང་།
ཝེ།  དར་ཆའི་འོག་འཚར་ལོངས་བྱུང་བའི་ཁྱོད།
གསུང་བཏུས་དང་སྲིད་ཇུས་བློ་རུ་བཟུང་བའི་ཁྱོད།
ཁྱོད་ཀྱིས་ཅི་ཞིག་བྱེད་འདོད།
ངས་རྫ་རི་དང་སྤང་ཐང་ཡོད་ཚད་བློས་བཏང་སྟེ།
ཁྱོད་ཀྱི་ལྡུམ་ར་འདི་རུ་འོང་ཞིང་།
ངས་ས་གཞི་དང་ནམ་མཁའ་ཡོད་ཚད་ཁྱོད་ལ་བྱིན་ཏེ།
ཁྱོད་ཀྱི་བུམ་པ་འདི་རུ་བསྡད་ནའང་།
ཁྱོད་ཀྱིས་ཉིན་རྒྱུན་ཆུ་དང་ཆུ་གཏོར་ནས།
ཁྱོད་ཀྱིས་ང་ག་འདྲ་ཞིག་ཏུ་སྐྱེས་པར་རེ་བཞིན་ཡོད།

                                   རྐུབ་སྟེགས་དྲུག

དཔྱིད་ཀ་དང་རྒྱང་ཐག་ཉེ་བའི་བཀོད་ཐང་སྟེང་ན།
མི་རྣམས་ངལ་གསོ་ཆོག་ལ།  གཉིད་ཀྱང་ཆོག་པའི།
ཤིང་གི་རྐུབ་སྟེགས་དྲུག་བཟོས་འདུག

གཅིག་གི་སྟེང་ལ་ཁྱོད་བསྡད་ཅིང་།
གཅིག་གི་སྟེང་ལ་ང་བསྡད་ན།
གཅིག་གི་སྟེང་ལ། ཁྱོད་ཀྱི་རྒྱབ་ཁུག་དང་།
གཅིག་གི་སྟེང་ལ།  ང་ཡི་རྒྱུད་མངས་བཞག་ཆོག

རྐུབ་སྟེགས་དང་པོ་ནས་བཞི་བའི་བར་དུ།
ངེད་གཉིས་གང་འདོད་དུ་བསྡད་ནས།
ཐག་མི་རིང་བའི་དཔྱིད་ཀ་རོལ་ཆོག་ནའང་།
རྐུབ་སྟེགས་ལྔ་བར་སྡོད་མཁན་མེད་པ་དང་།
རྐུབ་སྟེགས་དྲུག་པ་ལྡིང་ཁང་གི་གྲིབ་མའི་དབུས་ན།
ཁུ་སིམ་མེར་སྡོད་ཚུལ་དེས།
ངའི་སེམས་པ་དོན་མེད་བློང་བློང་བོར་བཟོས།

རླུང་ལྡང་གིན་མེད་ལ།
ཆར་ཀྱང་འབབ་བཞིན་མེད་མོད།
དཔྱིད་ཀ་དང་རྒྱང་ཐག་ཉེ་བའི་བཀོད་ཐང་སྟེང་ན།
མི་རྣམས་ངལ་གསོ་ཆོག་ལ།  གཉིད་ཀྱང་ཆོག་པའི།
ཤིང་གི་རྐུབ་སྟེགས་དྲུག
སྟོང་ལྷང་ངེར་ལུས་འདུག

                                   གངས་འདབས་ཀྱི་གྲོང་བརྡལ--རྟ་བོ།

གངས་འདབས་ཀྱི་གྲོང་བརྡལ་འདི།
ཁྱོད་ཀྱི་ནུབ་ཕྱོགས་ན་ཡོད།
གནས་འདི་ཡི་ཉི་མ།  སྒྱིད་ལུག་ངང་།
ཁང་བའི་རྫ་གཡམ་སྟེང་གཉིད་རྒྱུར་དགའ།

གྲོང་བརྡལ་འདི་ཁྱད་མཚར་བ་གང་ཡང་མིན་ཏེ།
ཁང་བའི་སྒེའུ་ཁུང་ལས་བལྟས་ན།
གངས་རྩེའི་རྡུལ་མ་འདྲེས་པའི་ཁ་བ་དེ་དག
མངོན་སུམ་གྱིས་མཐོང་ཐུབ་པ་ཙམ་ཡིན།
གྲོང་འདབས་ཀྱི་རྫ་ཆུ་དེད་ནས་ཆས་ན།
དུས་ཚོད་བཞིན་སྟོང་བའི་རི་སུལ་དུ།
རླུང་བུ་ཞིག་པྲ་ཚགས་ཀྱིས་རྒྱུགས་འོང་ཞིང་།
སླར་ཡང་ཁ་ཤུ་འདེབས་བཞིན་རྒྱུགས་འགྲོ

གྲོང་བརྡལ་དེ་རུ།
ངས་རྡོ་བ་རྙིང་བ་འགའ་ཞིག་ཆུ་མིག་གིས་བཀྲུས་ཏེ།
རྡོ་བ་གསར་བ་ཡིན་ཁུལ་གྱིས་བསྒྲིགས་ཏེ།
སླར་ཡང་རྡོ་བ་དེ་དག་རྙིང་བར་འགྱུར་ཚུལ་ལ་བལྟས་ཏེ།
གླན་གླེན་གྱིས་བསྡད་ཡོད།

གླན་གླེན་གྱིས།
ང་གྲོང་བརྡལ་དེའི་ལམ་འགྲམ་ན་བསྡད་ཡོད།
བར་སྣང་གི་སྤྲིན་པ་རེ་གཉིས་དང་ལྷན་དུ།
ཁྱོད་ཕྱོགས་ཀྱི་གནས་ཚུལ་ཧ་ཅང་རྒྱང་ཐག་རིང་བས།
ཟླ་བ་རི་རྩེ་ནས་ཅུང་ཟད་ཡར་འཕགས་དུས།
དུས་ཚོད་བཞིན་སྟོང་བའི་གྲོང་འདབས་དེ་ནས།
ངས་ཁྱེད་ཀྱི་ཚབ་ཏུ།
མཁའ་དབུགས་གསར་བ་རེ་ཅི་ནུས་ཀྱིས་རྔུབ་བཞིན་ཡོད།

                                     གྲོག་མ་དང་གླང་ཆེན།

གྲོག་མ་སྐེ་ཕྲ་ཞིག་ཞོགས་པའི་ནགས་ཚལ་དུ།
འཆམ་འཆམ་བྱེད་པའི་སྐབས་སུ།
གླང་བོ་ཆེ་ཞིག་རྔམ་སྟབས་ཀྱིས་སླེབས་ཡོང་།
གྲོག་མ་ན་རེ།  གྲོགས་པོ་ལགས་གཟུར་ཙམ་གནོང་དང་།
ང་ལ་ཕྲུ་གུ་སྦྲུམ་ཡོད་ཅེས་པར།
གླང་ཆེན་དགོད་ཤོར་ཏེ་བརྒྱལ་སོང་།
གླང་ཆེན་བརྒྱལ་བ་ལས་སངས་དུས།
གྲོག་མས་ཡང་བསྐྱར་ན་རེ།
ཕྲུ་གུ་འདི་ཁྱོད་ཀྱི་ལན་ཆགས་རེད་ཅེས་པར།
གླང་ཆེན་ཁྲོས་ཏེ་བརྒྱལ་སོང་།

བྱིས་པའི་མཚར་གཏམ་འདིའི་ནང་དུ།

གླང་ཆེན་ཐེངས་གསུམ་ལ་བརྒྱལ་མྱོང་ཟེར།
ཁྱོད་ཀྱིས་ཚོད་དཔག་ཅིག་གནོང་དང་།
ཐེངས་གསུམ་པར།  གྲོག་མས་ག་རེ་གསུང་རྒྱུ་ཡིན་ནམ།

 

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།