གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདོད་པའི་སྙན་ངག༼རང་མོས༽

2013-03-21 13:08:00 སྐྱབས་ཆེན་བདེ་གྲོལ། ཀློག་གྲངས། མཆན ཡོད།

ཁྱོད་ནི་ལྕགས་ཀྱི་ཐབ་ཀ་དང
བདག་ནི་དེའི་སྟེང་ན་ལྷོག་ལྷོག་ཏུ་གདུ་བཞིན་པའི་ཆུ་ཁོལ་ཏེ
ཁྱོད་རང་འཁྱག་པས
བདག་ཀྱང་འཁྱག་པར་འགྱུར་ལ
ཁྱོད་ཀྱི་འདོད་པའི་མེ་ལྕེར་གཟིམས་པ་མེད་པས
བདག་ནི་རླངས་པར་གྱུར་ཏེ་སྟོང་བའི་དབྱིངས་སུ་ཐིམ

ཁྱོད་ནི་རི་མོའི་ངོས་ཀྱི་མིག་དང
དར་ཟབ་གྱོན་པའི་མཚོ་མོ
ཨར་འདམ་ལས་སྐྱེས་པའི་ཨུཏྤལ་དམར་པོ་དང
སྤང་གཞོང་གི་ཨུག་ཆོས
བདག་གིས་བགྲང་མི་ཚར་བའི
སྡུག་བསྔལ་གྱི་གསེར་སྒོར

ཁྱོད་ནི་དཔའ་བོའི་རྨི་ལམ་ལས་འཁྲུངས་པའི
འཇའ་ཚོན་དང
བདག་ནི་དེ་འཛིན་ཕྱིར་རྒྱུག་པའི་བྱིས་པ་གཅེར་བུ་མ་ཞིག་སྟེ
ཅི་ཙམ་སོང་བས་དེ་ཙམ་རྒྱང་རིང་དུ་གནས་པ་དེས
བདག་གི་ཚེ་གཅིག་གི་རྨི་ལམ་ཇེ་རིང་དུ་བསྲིངས
ཤ་དང་ཁྲག་གི་ཟམ་པ་གྲངས་མེད་པ་བརྩིགས

ཁྱོད་ནི་ཐིག་ལེ་དམར་པོས་མཚན་པའི་གཟིག་མོ
འཆི་བ་མཚོན་པའི་ཆང་ཁང་ཞིག་ཁྱོད་ཀྱི་མིག་ལས་མངོན
ཡང་དང་བསྐྱར་དུ  ཆར་བ་ཟ་ཟི་དག་སྲེག་བྱེད་ཀྱི་གློག་ཞགས་དང་ལྷན་དུ་མངོན
                       ༢༠༡༣ལོའི་ཟླ་༣པའི་ཚེས་༡༩ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།