གཏེར་ལེན་ཁའི་ན་བུན།
ན་བུན་ཉི་རྡུལ་ལ་འདྲེས
གཞུང་ལམ་སྨུག་པོའི་མདངས་ཀྱིས་འཐིབས
ང་ཡི་འཇིང་བར་དཀྲིས
དབུགས་ལེན་དཀའ་བ་ནི
མཐོན་པོའི་སྒང་ན་ཡོད་པས་མིན
དབུས་ལམ་གྱི་ཚིགས་མལ་འདི་རུ
གསང་བ་ག་ཙམ་ཡོད
སྒོ་ལྕགས་ཀྱིས་མདུད་པའི་སྨྲ་ལྕེ་ག་ཙམ་ཡོད
ཁང་མིག་གཅིག་ང་ལ་དབང་བའི་མཚན་མོར
རྨི་ལམ་ཉིད་གཞན་ལ་ཤོར་དོགས་ཀྱིས
ཡང་ཡང་གཉིད་ལས་སད
ན་བུན་བྲང་ཁོག་གི་སྤྲིན་ལ་འདྲེས
ང་ཡི་མགྲིན་པ་ཁེགས
ཁ་ཤ་ལྷབ་ལྷབ་ཀྱིས
རྣམ་འགྱུར་ཙམ་བསྟན་ཡང་སྐད་སྒྲ་མེད་པས
ར་བཟི་བ་དག་ལས་ཕྱིར་ཐོན
བདེ་མོ་བྱོས་ཟེར་དུས
ངེད་ཅག་སོ་སོར་གྱེས་ཟིན
སྟོང་བའི་དབྱིངས་ཀྱི་ལག་གཡུག་དེ
ད་དུང་ཡང་མིག་ལམ་ན
༢༠༡༥ ༡༢ ༡༨
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།