གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

པའེ་ཏའོ་དང་དེང་རབས་སྙན་ངག གསུམ་པ།

2015-07-15 08:40:28 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

          ལན་ལྡོན་པ།

ཐ་ཤལ་ནི་ཐ་ཤལ་བའི་དཔང་ཡིག་དང
རླབས་ཆེན་ནི་རླབས་ཆེན་པའི་དུར་བྱང་ཡི་གེ་ཡིན
ལྟོས་དང གསེར་ཆུས་བྲན་པའི་མཁའ་དབྱིངས་སུ
གཤིན་པོའི་ཀུག་ཀྱོག་གི་ལྡོག་གཟུགས་འཕྱོ་ཞིང་རྩེན

ལྷག་རླུང་རྒོད་པའི་གྲང་རེག་གི་དུས་རིམ་སོང་ཚར་ནའང
ས་ཕྱོགས་ཀུན་དུ་དར་སོབ་ཀྱིས་ཁེངས་ནས་ཡོད་པ་ཅི་ཡི་ཕྱིར
མཛེས་སྡུག་སྙེམས་རྫོགས་ཀྱི་རེ་བའི་མཚོ་ཁུགས་ཪྙེད་ཟིན་ནའང
མྱ་ངམ་གྱིས་གཟུར་བའི་མཚོ་ངོགས་སུ་གཡོར་མོ་སྟོང་གི་འཁྱུག་རྩལ་ངོམ་པ་ཅི་ཡི་ཕྱིར
ང་རང་འཇིག་རྟེན་འདིར་ཡོང་བར
ཤོག་བུ་དང་ཐག་པ གྲིབ་གཟུགས་བཅས་ཁོ་ན་འཁྱེར་ཡོང་བ་ནི
འཁྲུན་ཐག་མ་བཅད་པའི་སྔ་རོལ་དུ
ཁྲིམས་ཆད་ཀྱི་བཅད་ཁྲ་བསྒྲགས་ཟིན་པའི་སྐད་སྒྲ་དག
ཀློག་འདོན་བྱེད་བསམ་པས་ཡིན
འཇིག་རྟེན་ཨང ངས་སྨྲ་བར་སྤོབས་ཏེ
ང་རང —— ཡིད ——མི་ཆེས
ཁྱོད་ཀྱི་ཞབས་སར འཐབ་མོ་བ་ཆིག་སྟོང་གནས་ན
ང་རང་ཡང་ཆིག་སྟོང་བརྒྱ་མེད་གཅིག་པུ་དེར་བརྩི་རོགས

གནམ་སྔོན་པོ་ཡིན་པར་ང་རང་ཡིད་མི་ཆེས
འབྲུག་སང་སང་གྲགས་པར་ང་རང་ཡིད་མི་ཆེས
རྨི་ལམ་སྒྱུ་མ་ཡིན་པར་ང་རང་ཡིད་མི་ཆེས
སྐྱེ་བ་སྔ་ཕྱི་མེད་པར་ང་རང་ཡིད་མི་ཆེས

གལ་ཏེ་བླ་མཚོ་སྔོན་མོའི་རགས་ཁ་ཤོར་ངེས་པ་ཆོས་ཉིད་ཅིག་ཡིན་ན
སྡུག་ཅིང་བསྔལ་བའི་ཆུ་བོ་མ་ལུས་བདག་གི་སེམས་ཁོང་དུ་འབྱོ་བར་ཤོག
གལ་ཏེ་སྐམ་ས་ཆེན་མོ་མཐོ་རུ་འཕགས་ངེས་པ་ཆོས་ཉིད་ཅིག་ཡིན་ན
མིའི་རིགས་ལ་འཚོ་གནས་ཀྱི་ཡང་རྩེ་དེ་བསྐྱར་དུ་གདམ་དུ་འཇུག་རོགས

འདུན་མ་དང་ལམ་ལམ་འཚེར་བའི་སྐར་མ་དག་གིས
མཐོང་རེག་བྲལ་བའི་ནམ་མཁའ་བརྒྱན་བཞིན་འདུག
དེ་ནི་ལོ་ངོ་སྟོང་ཕྲག་ལྔའི་རིང་གི་མེས་པོའི་ཡི་གེ་རེད
དེ་ནི་མ་འོངས་པའི་མི་རྣམས་ཀྱི་ཅེ་རེར་བལྟ་བའི་མིག་ཟུང་རེད། 
           ཕྲན་དཔྱད།   སྙན་རྩོམ་འདིའི་ཁྲོད་ཀྱི་“ཐ་ཤལ་ནི་ཐ་ཤལ་བའི་དཔང་ཡིག་དང/རླབས་ཆེན་ནི་རླབས་ཆེན་པའི་དུར་བྱང་ཡི་གེ་ཡིན”(卑鄙是卑鄙者的通行证 / 高尚是高尚者的墓志铭)ཞེས་པའི་ཚིག་འདི་རྒྱའི་སྙན་སྟེགས་སུ་སྐད་གྲགས་རྒྱས་པའི་ཚིག་རྐང་གཉིས་ཏེ། ཁོང་ཁྲོའི་མེ་ལྕེ་ལས་བཏོན་པའི་སྙན་ངག་གི་བརྗོད་པ་དེས་གཟོད་ལོ་བཅུའི་ཟིང་བཀོད་ཀྱི་སྐབས་སུ་ལྷ་འདྲེ་གོ་བརྗེ་བའི་མི་སེམས་ཀྱི་ཉམ་ང་དང་འཇིག་རྟེན་གོ་ལྡོག་གི་གནས་བབ་ངན་པའི་ཆོ་ངེ་དེ་མངོན་པར་བསྒྲགས་པའི་ཁྱད་ཆོས་མངོན་ཡོད་པ་དང་། ཀྲུང་གོའི་སྤྱི་ཚོགས་གསར་བའི་ནང་གི་འགལ་བ་ཡོ་བསྲིང་དང་མི་བཞི་ཤོག་ཁག་གིས་རིག་གནས་ལ་བཏོན་པའི་བརྡབ་གསིག་དེར་ཆེད་དུ་ཁ་རྡུང་ལྕོག་པའི་ཚུལ་གྱིས“གནམ་སྔོན་པོ་ཡིན་པར་ང་རང་ཡིད་མི་ཆེས/འབྲུག་སང་སང་གྲགས་པར་ང་རང་ཡིད་མི་ཆེས/རྨི་ལམ་སྒྱུ་མ་ཡིན་པར་ང་རང་ཡིད་མི་ཆེས/སྐྱེ་བ་སྔ་ཕྱི་མེད་པར་ང་རང་ཡིད་མི་ཆེས”(我不相信天是蓝的/我不相信雷的回声/我不相信梦是假的/我不相信死无报应)ཅེས་རྟུལ་ཕོད་ཀྱི་སེམས་རྒྱ་དང་རེ་བའི་རྨི་ལམ་གསར་བ་དེར་འབོད་སྐུལ་གནང་ནས་ཡོད་པ་རེད།
རྒྱའི་རྩོམ་སྟེགས་སུ་སྙན་ཚིག་འདི་གཙོ་བོ་ཆབ་སྲིད་ཁ་གཡང་སྒྲོག་པ་ལྟ་བུའི་ངོས་ནས་དུས་རབས་ཀྱི་མགྲིན་ཚབ་ཏུ་གྱུར་བ་ཞིག་ལ་ངོས་འཛིན་གྱིན་ཡོད་ནའང་། གཙོ་བོ་སྙན་ངག་པའི་མིའི་རིགས་ཀྱི་བདེན་པ་བརྡར་བའི་སེམས་ཀྱི་འགལ་འདུ་དང་བརྩེ་བ་རྣལ་མས་བཏོན་པའི་ཁོང་ཁྲོའི་ངག་ཚིག་དག་སྤྱོད་མཁས་ཀྱིས་སྙན་ངག་གི་ལམ་དུ་ཇི་ལྟར་མཚོན་བརྗོད་ཐུབ་པའི་སྒྱུ་རྩལ་གྱི་བླ་གནས་དེ་ངོས་ཟིན་རྒྱུ་ནི་སྙན་ཚིག་འདིའི་སྒྱུ་རྩལ་གྱི་ཡང་ཏིག་སྙིང་བོ་ཪྙེད་པའི་ཐབས་དམ་པའོ། །།


                གནའ་དགོན།

བོར་ཟིན་པའི་ཅོང་སྒྲ
སྡོམ་རྒྱའི་གཟུགས་སུ་གྲུབ་ཅིང
ཀ་བའི་གས་སྲིབ་ལས
ལོ་འཁོར་གྱི་ཨ་ལོང་རེ་རེ་ཆགས་ཏེ་བྱུང
དྲན་ཤེས་མེད་དེ རྡོ་བ
གྲོག་རོང་ལས་བྲག་ཅ་འཁོལ་ཡོང་བའི
རྡོ་བར དྲན་ཤེས་མེད
ལམ་ཕྲན་དག་འདི་ནས་གཟུར་བའི་དུས་སུ
འབྲུག་དང་ཁྱུང་ཆེན་ཡང་འཕུར་ནས་ཚར
བྱ་གཡབ་ཀྱི་འདབ་ཁ་ནས་གཡུར་ཆུང་གི་སིལ་སྒྲ་དང
ཡིག་ཚགས་སུ་མ་བཀོད་པའི་ངག་རྒྱུན་དག་འཁྱེར་སོང
གྱང་ངོས་ཀྱི་ཡི་གེ་དག་ལ་ནོག་སྐྱོན་བཟོས་པ་དེ
མེ་དགྲ་ཆེན་པོ་ཁོ་ན་ཞིག་གི་ཁྲོད་དུ
ད་གཟོད་ངོས་འཛིན་ཐུབ་པར་ངེས
འཇག་རྩྭ་རྣམས་ལོ་འཁོར་ཟླ་བ་རེས་མོས་ཀྱིས
སྐྱེས་ཤིང་རྒྱས་པ དེ་འདྲའི་སྣང་མེད་ངང
བདག་པོའི་སེམས་དོན་ལ་བསམ་གཞིགས་ཡེ་ནས་བྲལ
བཙུན་པའི་རས་ལྷམ་ཡིན་ནམ
ཡང་ན་རླུང་བུ་ཡིན
གས་ཆག་གི་རྡོ་རིང་གིས་ནམ་མཁའ་བཏེགས་ནས་ཡོད
ནམ་ཞིག་གསོན་འདོད་ཀྱི་མིག་འོད་ལ་གཞིགས་ཏེ
རུས་སྦལ་འདས་ལོག་བྱུང་བ་ནས
ཆེས་ལྕི་བའི་གསང་བ་ཞིག་འཁུར་བཞིན
སྒོ་ཐེམ་ལས་ཕྱིར་ནུར་ཡོང་།

       ཕྲན་དཔྱད། སྙན་རྩོམ་འདི་ནི་པའེ་ཏའོ་ལགས་ཀྱི་སྙན་ཚིག་སྔ་མ་དག་དང་མི་འདྲ་བ་ཞིག་ལ་སྙན་ཚིག་ཁྲོད་ཀྱི་ཡིད་བརྙན་འགོད་སྟངས་ཅུང་འཚུབ་ལ་རྫོབ་ཟིང་ཆེ་བ་ཞིག་རེད། སྤྱིར་ན་ཡིད་བཪྙན་སྡེབས་བརྩེགས་ཅན་གྱི་ལག་ཐབས་དེས་སྙན་ངག་གང་དེའི་རང་བཞིན་ཁ་དམ་པ་ཞིག་ཏུ་གཏོང་སྲིད་ནའང་། སྙན་ཚིག་འདིའི་ཁྲོད་དུ“གནའ་དགོན”ཞེས་པའི་ཡིད་བཪྙན་ཚོགས་པ་ཞིག་བཀོད་ཡོད་པ་དེས་རྗེས་ཀྱི་ཡིད་བཪྙན་ཆིག་རྐྱང་དག་ལ་རམ་འདེགས་ཀྱི་ནུས་པ་ཐོན་ཡོད་པ་ནི། གནའ་དགོན་གྱིས་ཀྲུང་གོའི་གནའ་བོའི་སྲ་མཁྲེགས་རང་བཞིན་གྱི་འདུ་ཤེས་འཛིན་སྟངས་དེ་མངོན་དུ་བཅུག་ཡོད་ལ་དངོས་ཡོད་ལས་བརྒལ་བའི་རི་མོ་ཞིག་འབྲི་བའི་ཚུལ་གྱིས་དུས་ཚོད་མཐའ་དག་སྲ་གཟུགས་སུ་བཞེངས་ཏེ་ཚེ་སྲོག་གི་སྣང་བ་ཡོད་ཅོག་བག་འཁུམས་སུ་བཅུག་ཡོད་པ་རེད།
སྙན་ཚིག་འདི་ལ་མཚོན་ན་པའེ་ཏའོ་ཡི་སྙན་ཚིག་གཞན་དག་དང་མི་འདྲ་བའི་ཁྱད་ཆོས་གཙོ་བོ་དེ་མགོ་བརྩམས་མ་ཐག་གི་ཚིག་རྐང་དག་སྟེ་“བོར་ཟིན་པའི་ཅོང་སྒྲ/སྡོམ་རྒྱའི་གཟུགས་སུ་གྲུབ་ཅིང/ཀ་བའི་གས་སྲིབ་ལས/ལོ་འཁོར་གྱི་ཨ་ལོང་རེ་རེ་ཆགས་ཏེ་བྱུང”ཞེས་ཅོང་སྒྲ་གཟུགས་ཅན་དུ་བཀོད་པའི་ཚོར་བརྗེ་ཡི་འགྱུ་ཤུགས་ཏེ། ཧྥ་རན་སེའི་སྙན་ངག་པ་བྷོ་ཏི་ལེར་ནང་བཞིན་གྱི་སྐྱེ་མཆེད་ཀྱི་ཚོར་བ་ཕན་ཚུན་བསྣོལ་བའི་ཚུལ་གྱིས་ཉན་བྱ་དེ་བལྟ་བྱ་རུ་བསྒྱུར་བ་ནི་རྒྱའི་དེང་རབས་སྙན་ངག་གི་རྗོད་པའི་གཞི་རྒྱ་བསྐྱེད་པར་ཕུན་སུམ་ཚོགས་པའི་ཆ་རྐྱེན་བསྐྲུན་ཡོད་པ་མ་ཟད། ཅོང་སྒྲ་སྒོར་ཞིང་ཟླུམ་པའི་ལོ་ཟླའི་གཟུགས་སུ་བཀོད་པ་དེས་ཁ་རུབ་ཀྱི་འཇིག་རྟེན་དེའི་ཪྙིང་ཞེན་གྱི་ཆ་དེ་འབུར་གཟུགས་སུ་མངོན་པ་ལ་མཛེས་དཔྱོད་ཀྱི་རིན་ཐང་དཔེ་མེད་ཅིག་བསྐྲུན་ནས་ཡོད་དོ། །

 

           འགྲོ།

འགྲོ འདབ་ལོ་གྲོག་རོང་གི་ཟབ་སར་སྤུར་ཟིན་ནའང
གླུ་སྐད་ལ་ལོག་མལ་མི་འདུག

འགྲོ འཁྱག་དར་སྟེང་གི་ཟླ་འོད
གྲམ་གཞུང་ནས་གྱེན་དུ་འཕྱུར

འགྲོ སྤྱན་ཟུང་ནམ་མཁར་གཏད་ཀྱང
སེམས་ཀྱིས་སྨུག་མདོག་གི་རྔ་བོ་ཆེ་དྲག་ཏུ་རྡུང

འགྲོ ང་ཚོའི་དྲན་པ་ཉམས་མེད
ང་ཚོ་ཚེ་སྲོག་གི་མཚེའུ་འཚོལ་དུ་འགྲོ

འགྲོ ལམ་ཡ་ལམ
རྒྱ་མེན་དམར་བོས་ཁྱབ་ནས་འདུག

      ཕྲན་དཔྱད། སྙན་ཚིག་འདི་ལས“འདབ་མ”དང་“གླུ་སྐད”ཅེས་པའི་ཡིད་བཪྙན་འགོད་སྟངས་དེས་སྔར་འདས་ཟིན་པ་དག་འདབ་ལོ་ཇི་བཞིན་ཡོངས་སུ་ཐུར་དུ་ཟེགས་པར་གྱུར་ནའང་གསེང་མཐོར་གྱེར་བའི་གླུ་སྐད་ལ་ད་དུང་གནས་ཚང་མེད་པའི་སྡུག་ཐུག་གི་སེམས་ངོ་འཛིན་སྟངས་ལས་སྐབས་དེ་ཤད་ཀྱི་ན་གཞོན་དག་རྨོངས་པའི་ཚུལ་གྱིས་ཁ་ཕྱོགས་ངོས་ཟིན་གྱིན་མེད་པ་དེ་བསྟན་ཡོད་པ་དང་། བསིལ་ཟེར་གྱི་ཟླ་འོད་འཁྱག་རོམ་གྱི་ངོས་སུ་རྒྱུ་བ་ནི་སྙན་ངག་པའི་གསར་དུ་བཞེངས་གྲུབ་ཐུབ་པའི་སྙན་ངག་གི་ཁམས་དེ་གྲང་ཅང་ཅང་གི་འཇིག་རྟེན་ཞིག་ཡིན་པའི་ཉམས་ཇེ་ཆེར་གཏང་བའི་ཕྱིར་དང་། ལོང་ཁོག་ནས་ཕྱིར་མངོན་པ་དེས་ཟང་ཟིང་གི་ལོ་རབས་དེའི་ངོ་བོ་འཁྱག་ལ་འབྱར་བཞིན་མདུན་ཕྱོགས་སུ་བགྲོད་ཐབས་མེད་པའི་གནས་བབ་འགྲེལ་བརྗོད་བྱས་ཡོད།
ཚན་པ་གསུམ་པ་རུ་“སྤྱན་ཟུང་ནམ་མཁར་གཏད་ཀྱང/སེམས་ཀྱིས་མུན་མདོག་གི་རྔ་བོ་ཆེ་དྲག་ཏུ་རྡུང”ཞེས་ཐུན་མོང་གི་དམིགས་པ་གཏོད་ཡུལ་གཅིག་ནའང་། སེམས་ཀྱི་སྒྲ་དབྱངས་དེ་མཉམ་སྒྲོག་རོལ་མོ་ཞིག་གི་ཚུལ་དུ་དཀྲོལ་མི་རུང་བར་ལྗིད་ཏིག་ཏིག་གི་རྔ་སྒྲ་ཞིག་སེམས་སུ་ལྡང་བའི་བློ་རྩ་བསྟན་ནས་ཡོད་ཅིང་། དེ་ལྟར་ཚེ་སྲོག་གི་མཚེའུ་འཚོལ་དུ་འགྲོ་བའི་རིན་ཐང་ལྟ་ཚུལ་གྱིས་ལམ་དེ་རང་ག་བ་ཞིག་མིན་པ་ཡང་བསྟན་ཡོད་པ་རེད། མཇུག་ཏུ“རྒྱ་མེན་དམར་བོ”ཞེས་པའི་ཡིད་བཪྙན་བཀོད་ཡོད་པ་དེས་ཟུངས་ཁྲག་གི་མཆོད་མེ་རེ་རེས་མིག་མདུན་གྱི་ལམ་བུ་དེ་ཚེ་སྲོག་གི་འཇིག་པ་དང་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ལ་ཐོད་གཏུག་པ་ནས་དེར་བགྲོད་པ་ལ་བློ་སྟོབས་དང་དད་ཞེན་བླ་ལྷག་ཅིག་དགོས་པའི་རྒྱུ་མཚན་བསྟན་ནས་ཡོད་དོ། །
 

                                  པར་དབང་འདི་གར་ཡོད་པས་གཞན་གྱིས་བརྒྱུད་འགོད་བྱ་མི་ཆོག

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།