གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེང་རྡོར་གྱི་སྙན་ངག་གསར་བ་ཁག་ཅིག

2014-09-02 13:41:00 སེང་རྡོར། ཀློག་གྲངས། མཆན ཡོད།



          ༈ རྨ་ཆེན་གངས།

དྲོན་པོའི་ཁྱིམ་ནས་ཐོན་ཏེ་འཁྱགས་པའི་གངས་འདབས་བསྙེགས།།
གངས་སྐོར་ཡག་པོ་བརྒྱབ་རྗེས་ཡང་བསྐྱར་གངས་ལ་བལྟས།།
མི་རྗེས་རྟ་རྗེས་ཚང་མ་གངས་ལ་དཔར་དུ་གསལ།།
ལུས་ཀྱི་དཀའ་ངལ་འདི་ཡིས་སེམས་ཀྱི་བདེ་བ་བསྐྱེད།།
རྒྱུ་མཚན་བཤད་ཀྱང་མི་ཤེས་བཤད་ཀྱང་མི་དགོས་ལགས།།

བན་གྱིས་གཡས་སུ་བསྐོར་སོང་དུང་གི་ལྷུན་པོ་ལགས།།
བོན་གྱིས་གཡོན་དུ་བསྐོར་བྱུང་ཤེལ་གྱི་ས་འཛིན་ལགས།།
གངས་རྩེར་ཉི་འོད་ཕོག་ཅིང་ཉི་རྩེ་ས་ལ་བརྒྱབ།།
ས་ལ་དད་པའི་རྡུལ་དག་རླུང་དང་བཅས་ཏེ་འཕུར།།
འགྲེལ་བཤད་རྒྱག་ཀྱང་མི་ཕོད་བརྒྱག་ཀྱང་མི་དགོས་ལགས།།

ཁྱེད་ནི་ལྐོག་གྱུར་ཅིག་སྟེ་དཔྱད་པས་མི་དཔོག་གོ།།
ཁྱེད་ནི་མངོན་སུམ་ཞིག་སྟེ་བསྐོར་བས་མི་ཟད་དོ།།
ཁྱེད་ནི་གློག་མ་སྤྲིན་ཏེ་ང་ཚོའི་ལོ་རྒྱུས་རེད།།
ཁྱེད་ནི་བར་མ་དོ་སྟེ་ང་ཚོའི་རྒྱལ་ཁམས་རེད།།
བདེན་དཔང་རྙེད་ཀྱང་མི་རུང་རྙེད་ཀྱང་མི་དགོས་ལགས།།



         ༈ སྙན་ངག་པ་རྒན་གཞོན་གཉིས་ལ་ཕུལ།

རྩྭ་ཞྭ་དཀར་པོ་མང་པོ་མཁའ་ལ་ལྡིང་སོང་།།
མུན་པའི་བྱིའུ་ཆུང་མང་པོ་མཁའ་ལ་ལྡིང་སོང་།།
དེ་ནས་རི་ལམ་གྱ་གྱུ་སྨུག་པས་བསྐོར།།
དེ་ནས་འཇིག་རྟེན་རྒྱལ་རབས་ངོ་མཚར་རྫོགས།།
རྟ་ཁྱུ་དམར་སེར་ཉི་མའི་མདངས་ཀྱིས་བརྒྱུགས།།
ལོ་དང་ཟླ་བ་སུས་ཀྱང་ཤེས་པ་མེད།།
རྫ་རིའི་རྩེ་མོར་ཆར་བ་བབས་དུས་བདེན་པ་རྟོགས།།
ལམ་ནི་དེ་ཡིན་ལམ་གྱི་བཀོད་པ་ཡང་ནི་དེ་ཡིན།།
གཅིག་དེ་གློ་བུར་མྱོང་བའི་ནམ་མཁའི་གཟའ་སྐར་རོ།།
གཅིག་དེའང་གློ་བུར་མྱོང་བའི་ནམ་མཁའི་ཕྱི་ནང་ངོ་།།
                                     2014/5/11 ཉིན།


          ༈ གྲངས་ཀའི་སྙན་ཚིག

མིག་ཤེལ་ནང་ནས་མཐོང་བའི།།
ཚེ་དབང་བཀྲ་ཤིས་གཉིས་རེད།།
སྐོར་བྲོ་ལྡིང་བཞིན་ལྡིང་བཞིན།།
གཅིག་དང་ཕྱེད་ཀར་གྱུར་སོང་།།
གླུ་སྐད་བཞག་ན་གསུམ་རེད།།
སྟངས་སྟབས་བསྣན་ན་བཞི་རེད།།
ཆར་བ་བབས་ན་བརྒྱ་རེད།།
གློག་དམར་འཁྱུགས་ན་སྟོང་རེད།།
དུས་རབས་ཉི་ཤུ་རྩ་གཅིག །
ཡོལ་བ་མང་པོ་ཕྱེ་སོང་།།
སྤྱི་ལོ་ཉིས་སྟོང་བཅུ་བཞི།།
སྒོ་མོ་མང་པོ་བརྒྱབ་སོང་།།



         ༈ དགའ་རོགས་དུས་ཆེན་ལ་ཆུང་མས་གོ་ཐུབ་པ་ཞིག་བྲིས།

མཛེས་མ་རེ་རེའི་དབྱངས་རྟ་གོ་ཕྱིར་སྒོ་ཐེམ་ལ་མོ་སྣ་ཚོགས་བརྒལ།།
ཆང་དྲི་དུ་དྲིའི་མེ་ལྕེའི་འོག་ནས་སེམས་ཀྱི་རྒྱུད་སྐུད་ཡང་ཡང་ཆད།།
མཛེས་མ་རེ་རེའི་དྲི་ལ་སྣོམ་ཕྱིར་མལ་ཁྲི་སྟོང་གི་ཙིག་སྒྲར་མཉན།།
བྲོ་བ་ཕལ་ཆེར་འདྲ་བོ་འདུག་པས་ཏོག་ཙམ་ཨ་ཐང་ཆད་པ་བྱུང་།།
གློ་བུར་བརྡབས་མ་འཆོལ་གྱིས་འོངས་ཏེ་ཐོག་མའི་བུད་མེད་འཁྲིས་སུ་ཉལ།།
སྟབས་བདེའི་དབྱངས་དང་དཀྱུས་མའི་དྲི་ཞིག་མ་བསམས་ས་ནས་ལྡང་བ་བྱུང་།།
སྙན་པོ་བྱུང་སོང་འདྲིས་པོ་བྱུང་སོང་ཀྱེ་མ་འཇིག་རྟེན་མགོན་པོས་མཁྱེན།།
ཆམ་པ་རྒྱག་ཞོར་རྨི་ལམ་གཏོང་ཞོར་འདི་ནས་ཚེ་སྨད་འགྲོ་ཡང་འཚལ།།



          ༈ ན་བའི་གནས་སྟངས་བྱ་དཀའི་ལམ་ནས་བརྗོད་པ།

                   ༡
ཆམ་པས་མནར་ནས་སྣང་བ་དྭངས་པ་དཀའ།།
ཚ་བས་བརྙས་པས་རང་འཇགས་ཉལ་བ་དཀའ། །
ཟླ་ནས་ཟླ་བར་སྨན་སྤྱད་ཁབ་བརྒྱབ་ཀྱང་།།
བག་ཙམ་མ་ཕན་ལྷག་པར་ན་བ་ལགས།།
                  ༢
ཀ་ར་མ་ཟ་གདས་ནས་སྨན་པས་བཀག །
ཁ་ལག་གཞན་ལ་རང་ཡང་དགའ་བ་ཉམས།།
ག་ནས་བསམས་ཀྱང་ནད་ལ་འགྲན་དཀའ་བས།།
ང་རྒྱལ་ཉམས་པའང་ལན་གྲངས་མང་ཙམ་སྣང་།།
                  ༣
ན་བའི་སྐབས་སུ་སུ་ཡང་མཐོང་མི་འདོད།།
འདོད་ཆགས་མི་སྐྱེ་སྐྱེ་ཡང་སྤྱོད་མི་དགའ།།
དགའ་རོགས་རོགས་སུ་ཡོད་ཀྱང་བལྟ་མི་དཔེ།།
དཔེ་ཆ་ཁོ་ནར་ཅེར་བཞིན་བཞིན་མདངས་ཤོར།།
                  ༤
མི་ནི་རྩི་ཤིང་ཇི་བཞིན་རིབ་རིབ།།
ངུ་ངུ་འཁུན་འཁུན་ཆུ་རྒྱུན་བཞུར་བཞུར།།
བེམ་ཤེས་ཕྱེ་ལེབ་ཡེར་ཡེར་ལྷེམ་ལྷེམ།།
གྲོགས་པོ་ཁོ་ཚོས་ཁོ་བོ་བསྐོར་རོ།།

        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།