གསང་ཆེན་རྙིང་མའི་གདན་ས་ཆེན་པོ་དྲུག་གི་ལོ་རྒྱུས་རགས་ཙམ་བརྗོད་པ།
དཔལ་ཡུལ་བྱང་ཆུབ་རྣམ་རྒྱལ་ཆོས་གླིང་། པར་དབང་། སྐྱ་བོའི་ཡིན།
བསྟན་པ་ཕྱི་དར་གྱི་སྐབས་འདིར་གསང་སྔགས་སྔ་འགྱུར་བའི་རིང་ལུགས་རྨ་མེད་འཛིན་པའི་གདན་ས་ཆེན་པོ་དྲུག་ཏུ་གྲགས་པ་ལས་དེ་སྔའི་གསུང་སྲོལ་ལ་“སྟོད་ན་རྡོར་སྨིན་དཔལ་གསུམ་དང་། སྨད་ན་ཀཿདཔལ་རྫོགས་གསུམ།”ཞེས་གྲགས་པའི་ཡ་གྱལ་འཕྱོངས་རྒྱས་དཔལ་རི་ཐེག་མཆོག་གླིང་ནི་དབུས་ཕྱོགས་ཀྱི་རྙིང་དགོན་སྔ་ཤོས་ཤིག་ཏུ་སྣང་སྟེ། འཕྲེང་པོའི་གཏེར་སྟོན་ཤེས་རབ་འོད་ཟེར་གྱིས་ཕྱག་བཏབ། གཏེར་སྟོན་གཤེགས་རྗེས་ཀརྨ་རྒྱལ་སྲས་ཀུན་བཟང་སོགས་ཀྱིས་བསྐྱངས། དེ་ནས་རིག་འཛིན་ངག་གི་དབང་པོའི་གཅུང་རིག་འཛིན་འཕྲིན་ལས་རྣམ་རྒྱལ་མཚོ་སྐྱེས་བཞེད་པའི་དབང་པོས་གདན་ས་མཛད། བར་སྐབས་ཀྱི་གདན་རབས་མ་རྙེད། ཕྱིས་སུ་ངག་དབང་ཀུན་བཟང་པདྨ་སོགས་སྐྱེ་སྤྲུལ་རིམ་བྱོན་གྱིས་གདན་ས་བསྐྱངས་པའི་ཆོས་ལུགས་ནི་སྔ་འགྱུར་བཀའ་མ་དང་། འཕྲེང་པོའི་རང་གཏེར་ལ་ཉམས་བཞེས་མཛད་པ་ཡིན་ནའང་། ཉེ་བའི་དུས་རབས་སུ་ཆེས་ཆེར་ཉམས་ ནས་རྗེས་སུ་ཆོས་ལུགས་ནི་ཀློང་ཆེན་སྙིང་ཐིག་གཙོ་བོ་མཛད་ཅིང་། གདན་ས་ཆེན་པོ་དྲུག་གི་ཁོངས་སུ་རྩིས་སྲོལ་མེད་པར་གྱུར། ཉེ་བའི་དུས་རབས་སུ་རྙིང་མའི་གདན་ས་ཆེན་པོ་དྲུག་ཏུ་གྲགས་པ་ནི། སྟོད་ན་རྡོར་སྨིན་གཉིས། བར་ན་ཞེ་རྫོགས་གཉིས། སྨད་ན་ཀཿདཔལ་གཉིས། ཞེས་གྲགས།
དེའང་། སྟོད་ན་རྡོར་སྨིན་གཉིས། ཞེས་གྲགས་པའི་ཡ་གྱལ། ༡ ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་ནི། རྡོར་བྲག་རིག་འཛིན་སྐུ་ཕྲེང་གསུམ་པ་ངག་གི་དབང་པོའི་སྐུ་ཚེའི་སྨད་རབ་བྱུང་བཅུ་གཅིག་པའི་ལྕགས་རྟ། སྤྱི་ལོ་༡༦༣༠ལོར་ཕྱག་བཏབ། ཆོས་ལུགས་བཀའ་མ་དང་། རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་ནམ་རྒོད་ལྡེམ་རྗེས་ཟང་ཟང་ལྷ་བྲག་﹙ངམ་རིང་རྫོང་ཁོངས་﹚གི་ལྷའི་སྐྱེད་ཚལ་བྱ་བའི་ཕུག་ནས་གཏེར་དུ་བཞེས་པའི་ཆོས་ཚན་ལ། བྱང་གཏེར། ཞེས་གྲགས་པ་གཙོ་བོར་མཛད། རིག་འཛིན་རྒོད་ལྡེམ་གྱི་ཡང་སྲིད་རིམ་བྱོན་ལ་རིག་འཛིན་ཆེན་མོ་ཞེས་ཞུ་ཞིང་། རིག་འཛིན་ཆེན་མོ་སྐུ་འཕྲེང་རིམ་བྱོན་བཅུ་ཕྲག་དང་། རྒྱལ་སྲས་སྤྲུལ་སྐུ། ཆུ་བཟང་སྤྲུལ་སྐུ་བཅས་སྐུ་ཕྲེང་རིམ་བྱོན་ནས་འཁོར་ལོ་གསུམ་གྱི་འཕྲིན་ལས་མ་ཉམས་པར་བསྐྱངས། ཆེས་སྔ་དུས་གཉུག་མར་གནས་པའི་དགེ་འདུན་བརྒྱ་ཕྲག་ལྔ་ལ་ཉེ་བ་ཡོད་པར་གྲགས་ཀྱང་རབ་བྱུང་བཅུ་གཉིས་པའི་མེ་བྱ་﹙སྤྱི་ལོ་༡༧༡༧ལོ་﹚ཇུན་གར་པའི་དམག་དཔུང་ལྗོངས་འདིར་ལྷགས་ནས་དགོན་པའི་ཁང་པ་ཡོངས་རྫོགས་རྨང་ནས་བཤིགས་པ་དང་། སྐུ་གསུང་ཐུགས་རྟེན་ཆེ་གྲས་རྣམས་གཙང་ཆུར་བསྐྱུར་བ། ཁག་གཅིག་དགེ་ལུགས་ཀྱི་དགོན་སྡེ་ཁག་ལ་ཕུལ། རིག་འཛིན་ཆེན་མོ་སྐུ་ཕྲེང་བཞི་པ་པདྨ་འཕྲིན་ལས་དགུང་གྲངས་དོན་བདུན་ལ་ཕེབས་པ་བཀྲོང་པ་ལ་སོགས་པའི་ཀླ་ཀློའི་རྩིང་སྤྱོད་དུ་མས་དགོན་འདིའི་རྟེན་དང་བརྟེན་པ་ཡོངས་རྫོགས་རྨེག་མེད་དུ་བཅོམ། དེ་རྗེས་ཆིང་གོང་མ་ཁང་ཤིས་ཀྱི་དཔུང་གིས་ཇུན་གར་གྱི་དམག་དཔུང་མཐར་བསྐྲད་པ་དང་། རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོ་གསེར་ཁྲིར་སྤྱན་དྲངས་པས་ཇུན་གར་བས་རྡོར་བྲག་གི་ཆོས་གཞིས་འཛིན་དབང་འབྲས་སྤུངས་སུ་སྦྱོར་འཇགས་བྱས་པ་རྣམས་ཀྱང་ཕྱིར་སློག་བསྩལ་བ་དང་། གདན་ས་བསྐྱར་གསོ་ཆོག་པ་བྱུང་རྗེས་རྗེ་གོང་མའི་གསོལ་དཔོན་དགེ་དབང་སོགས་བླ་སློབ་དད་སྦྱིན་རྣམས་ནས་དགོན་པ་གསར་དུ་བཏབ་སྟེ་རབ་བྱུང་བཅུ་གཉིས་པའི་མེ་རྟ་﹙སྤྱི་ལོ༡༧༢༧﹚ལོར་རིག་འཛིན་ཆེན་མོ་སྐུ་ཕྲེང་ལྔ་པ་སྐལ་བཟང་པདྨ་དབང་ཕྱུག་དགུང་གྲངས་བརྒྱད་ལ་གདན་ཁྲིར་མངའ་གསོལ། དུས་འགྱུར་སྐབས་སྐུ་གསུང་ཐུགས་རྟེན་འཐོར་གྱར་སོང་བ་ཁག་གཅིག་ཚུར་ལོན་པ་བཅས་སྔར་དང་ཆ་འདྲ་བ་ཙམ་བྱུང་། ཆོས་བརྒྱུད་འཛིན་པའི་དགོན་ལག་གངས་ལྗོངས་ཀྱི་སྟོད་མངའ་རིས་ནས་སྨད་དར་རྩེ་མདོ་ཡན་ཆོད་དུ་དགོན་སྡེ་བརྒྱ་ཕྲག་ལ་ཉེ་བ་བཞུགས་ཏེ་བཤད་སྒྲུབ་ཀྱི་འཕྲིན་ལས་རྒྱ་ཆེ་ཙམ་བྱུང་། སླར་ཡང་རབ་བྱུང་བཅུ་དྲུག་པའི་མེ་རྟ་﹙སྤྱི་ལོ༡༩༦༦﹚ལོ་ནས་བཟུང་། རིག་གནས་གསར་བརྗེའི་སྨྱོ་སྤྱོད་ཀྱི་ལོ་ཟླའི་ནང་། རྙིང་པ་བཞི། ཞེས་རྟེན་དང་བརྟེན་པ་ཡོངས་རྫོགས་སླར་ཡང་ཐལ་བའི་ཕུང་པོ་གཅིག་ཏུ་བཏང་། གོང་གསལ་རབ་བྱུང་གི་﹙སྤྱི་ལོ་༡༩༨༥﹚ལོ་ནས་ཀྲུང་དབྱང་གི་ཐུགས་འཁུར་འོག་དགོས་དངུལ་གྱི་མཐུན་རྐྱེན་བསྩལ་བ་ལ་བརྟེན་ནས་དགོན་པའི་རྣམ་པ་རགས་ཙམ་ཆགས་པ་དང་། ཆོས་ལུགས་ཀྱི་བྱེད་སྒོ་དང་། གཞུང་ལུགས་ཀྱི་སློབ་གཉེར་གནང་སྒོ་བཅས་ས་བཅད་མ་སྟོང་ཙམ་དུ་གནས་བཞིན་པ་ལགས་སོ། །
༢ འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ནི། རབ་བྱུང་བཅུ་གཅིག་པའི་ལྕགས་ཁྱི་﹙སྤྱི་ལོ་༡༦༧༠﹚ལོའི་ཧོར་ཟླ་བཞི་པའི་ཚེས་བཅུའི་ཉིན་གོང་ས་ལྔ་པ་མཆོག་ནས་ཆོས་གཞི་གྲྭ་རྒྱུན་སོགས་མཐུན་རྐྱེན་མ་ཚང་བ་མེད་པ་བསྩལ་བ་དང་ཆབས་ཅིག་དགེ་ཡིའི་དགོན་མ་ལག་དང་། གྲྭ་ཕྱི་ཐར་པ་གླིང་སྐོར་གྱི་བདག་ཐོབ་དབང་རིགས་ཚང་མ་ལྷ་འབངས་སུ་སྦྱོར་འཇགས་བཀའ་དྲིན་བསྐྱངས། དེ་རྗེས་རབ་བྱུང་གཅིག་པའི་མེ་འབྲུག་﹙སྤྱི་ལོ༡༦༧༦﹚ལོར་གཏེར་ཆེན་སྐུ་མཆེད་ནས་ཕྱག་བཏབ། གཞི་གསུམ་གྱི་ཕྱག་ལེན་གཙང་མའི་རྨང་གཞིའི་ཐོག་ཆོས་ལུགས་སྔ་འགྱུར་བཀའ་མའི་སྐོར་དང་། གཏེར་ཁ་གོང་འོག་སྟེ། ལྷོ་གཏེར་དུ་གྲགས་པ་དང་།རང་གཏེར་གཏེར་གསར་བཞི་སོགས་གསང་སྔགས་ཕྲིན་སྒྲུབ་ཀྱི་ཕྱག་བཞེས་བཟང་པོ་སྔ་འགྱུར་བའི་རིང་ལུགས་འཛིན་པ་ཀུན་གྱི་མིག་དཔེ་ལྟ་བུར་གྱུར། སྨྱོས་ཀྱི་གདུང་བརྒྱུད་ཟམ་མ་ཆད་པའི་ཁྲི་རབས་རིམ་བྱོན་དང་། མཁན་རབས་རིམ་བྱོན་ནས་འཕྲིན་ལས་ཀྱི་སྣང་བ་ཕྱོགས་ཀུན་ཏུ་བརྡལ་བར་མཛད། ༧གོང་ས་ལྔ་པ་ཆེན་པོས་དགོན་ལག་ཉེར་ལྔ་སྦྱོར་འཇགས་མཛད་པ་ནས་རིམ་བཞིན་ཇེ་རྒྱས་ཇེ་འཕེལ་དུ་སོང་སྟེ་གངས་ལྗོངས་དབུས་གཙང་མདོ་ཁམས་འབྲུག་འབྲས་བཅས་ཀྱི་ཕྱོགས་སུ་དགོན་ལག་ཤིན་ཏུ་མང་ཞིང་། སྨིན་གླིང་གི་ཆོས་བརྒྱུད་ཁྱབ་བདལ་ཆེ་ཙམ་བྱུང་། རབ་བྱུང་བཅུ་གཉིས་པའི་ཤིང་རྟ་﹙སྤྱི་ལོ་༡༧༡༤﹚ལོ་ཧོར་ཟླ་གཉིས་པའི་ཚེས་གཉིས་ཉིན་གཏེར་ཆེན་རིན་པོ་ཆེ་མྱ་ངན་ལས་འདས་རྗེས་མེ་བྱ་﹙སྤྱི་ལོ༡༧༡༧﹚ལོ་ཇུན་གར་ཚེ་དབང་རབ་བརྟན་གྱིས་བཏང་བའི་དམག་དཔུང་བོད་དུ་ལྷགས་ཏེ་རྙིང་མའི་དགོན་པ་མང་ཆེ་བ་གཏོར་བ་དང་། བསྟན་འཛིན་གྱི་སྐྱེས་བུ་དུ་མའི་སྐུ་སྲོག་འཕྲོགས་པ་སོགས་མི་བསུན་ཀླ་ཀློའི་རྩིང་སྤྱོད་ཀྱིས་བྲེལ་བའི་སྐབས། ལོ་ཆེན་རྨ་ཤྲཱི། རྡོར་འཛིན་བློ་བཟང་བསྟན་པའི་རྒྱལ་མཚན། གདུང་སྲས་པདྨ་འགྱུར་མེད་རྒྱ་མཚོ། གཅུང་ཡིད་བཞིན་ལེགས་གྲུབ་བཅས་ཀྱི་སྐུ་བཀྲོངས་པ་དང་། གདུང་སྲས་རིན་ཆེན་རྣམ་རྒྱལ་མོན་བོད་བརྒྱུད་ཁམས་ཕྱོགས་སུ་ཕེབས་པ་དང་། སྲས་མོ་རྗེ་བཙུན་མི་འགྱུར་དཔལ་སྒྲོན་ཕག་རི་བརྒྱུད་འབྲས་ལྗོངས་སུ་བྲོས་ཕེབས་ཏེ་ཇུན་གར་བའི་བརླང་སྤྱོད་ཀྱིས་གླགས་མ་རྙེད་ཀྱང་སྨིན་གླིང་དགོན་པ་གཏོར་སྐྱོན་ཚབས་ཆེན་བཏང་ཏེ་མང་ཆེ་བ་གྱང་ཧྲུལ་དུ་གྱུར།
ལྕགས་བྱི་﹙སྤྱི་ལོ་༡༧༢༠﹚ལོར་འཇམ་དབྱངས་གོང་མ་ཆེན་པོས་དཔུང་ཆེན་འབུམ་ཕྲག་མངགས་གཏོང་མཛད་དེ་སོག་པོ་ཇུན་གར་གྱི་དཔུང་རྣམས་བོད་ནས་བསྐྲད། རྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་དང་། སྲིད་སྐྱོང་སོགས་ནས་རྙིང་ལུགས་ཀྱི་དགོན་པ་གཏོར་སྐྱོན་གྱིས་འཐོར་ཞིག་སོང་བ་རྣམས་སླར་གསོ་བྱེད་དགོས་པའི་ས་ཁུལ་སོ་སོར་བཀའ་ཤིག་བཀྲམ་པའི་དགོངས་དོན་བཞིན་སྨིན་གླིང་དགོན་གྱི་དབུ་ཆོས་རྣམས་བཀའ་གྲོས་ཀྱིས་བསླབ་སྡོམ་སྐྱོན་མེད་རྣམས་བསྡུས་ཏེ་འདུས་ཚོགས་ཚུགས་རྒྱུའི་གྲ་སྒྲིག་མཛད། དེ་ནས་མི་རིང་བར་རྗེས་བཙུན་མི་འགྱུར་དཔལ་སྒྲོན་དང་་། གདུང་སྲས་རིན་ཆེན་རྣམ་རྒྱལ་སྐུ་མཆེད་ཟུང་འབྲས་ལྗོངས་དང་། ཁམས་ནས་སྔ་རྟིང་དུ་ཕེབས་ནས། “གཉེན་མཁར་རི་ཟུར་ནས་དགོན་པར་གཟིགས་སྐབས་སྔར་ལྷའི་དགའ་ཚལ་ལྟ་བུའི་གནས་དེ་གསང་སྔགས་ཕོ་བྲང་མ་གཏོགས་གཙུན་ལག་ཁང་དང་། བླ་བྲང་ཆོས་འཁོར་ལྷུན་པོ། སྐུ་འབུམ་མཐོང་གྲོལ་ཆེན་མོ། གཉེར་ཚང་ལས་ཁུངས་ཀླུ་ལྡིང་ལྷ་དབང་དགའ་ཚལ། སྤྱི་གསོ་ལས་ཁུངས་། བཀྲ་ཤིས་སྣང་བ། བཀྲ་ཤིས་རབ་བརྟན། རྣམ་རྒྱལ་ཕོ་བྲང་། སློབ་གྲྭ་ཁང་། གྲྭ་ཤག་སོགས་གྱང་རོ་འབའ་ཞིག་ཏུ་གྱུར་འདུག་པས་ཐུགས་སྐྱོ་བ་ཚད་མེད་བྱུང་ཞེས་གསུངས།”དེ་རྗེས་ཀླུ་ལྡིང་ལྷ་དབང་དགའ་ཚལ་ནས་འགོ་ཚུགས་ཏེ་དགོན་པའི་ཞིག་གསོ་མཛད་ནས་སྔར་དང་ཆ་འདྲ་བའི་ཉམས་པ་སོར་ཆུད་པ་ཙམ་བྱུང་ཡང་སྐུ་གསུང་ཐུགས་རྟེན་རྩ་ཆེན་ཁག་གཅིག་རྨེག་མེད་དུ་ཕྱིན་པ་དང་། ལོ་ཤས་བར་མཚམས་ཆད་པའི་དབང་གིས་རིག་གནས་དང་། གཞུང་ལུགས་སློབ་གཉེར། ཆོས་ལུགས་གནང་སྒོ་བཅས་ལའང་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་ཚོད་སྣང་། དེ་རྗེས་རིམ་བཞིན་ཉམས་གསོ་བྱུང་སྟེ་ཁྲི་ཆེན་འཕྲིན་ལས་རྣམ་རྒྱལ་གྱི་སྐུ་དུས་སུ་དགེ་འདུན་ཞལ་གྲངས་ལྔ་བརྒྱར་ལོངས་པ་བྱུང་བ་དང་། ﹙སྤྱི་ལོ་༡༩༥༩﹚དམངས་གཙོའི་བཅོས་བསྒྱུར་གྱི་གོང་དུ་དགེ་འདུན་སུམ་བརྒྱ་ལྔ་བཅུ་སྐོར་ཡོད་ཅིང་། དེ་རྗེས་རིག་གནས་གསར་བརྗེའི། ལོ་ཟླ་དེ་དག་གི་ནང་དུ་ཕྱི་ནང་སྣོད་བཅུད་ལ་གཏོར་སྐྱོན་ཚབ་ཆེན་ཕོག་སྟེ་དགོན་གནས་འགའ་ཞིག་གྱང་རོ་དང་། འགའ་ཞིག་ཁང་ཧྲུལ་དུ་གྱུར། དེ་རྗེས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས། མི་རིགས་དང་། ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱུང་སྟེ་དགོན་པ་ཉམས་གསོ་དང་། དགེ་འདུན་རྙིང་པ་ཁ་ཤས་བསྡུ་རུབ་དང་། ན་གཞོན་གསར་འཛུགས་བཅས་བྱས་ཏེ་ད་ལྟ་དགེ་འདུན་ཞལ་གྲངས་ལྔ་བཅུ་ལྷག་སྐོར་ནས་སྔོན་མའི་དུས་མཆོད་ཁག་སླར་གསོ་བྱས་པ་དང་། གཞུང་ལུགས་སློབ་གཉེར་བྱེད་པའི་བཤད་གྲྭ་དང་། གཞི་གསུམ་གྱི་ཆོ་ག་བཅས་ཡང་བསྐྱར་བཙུགས་ནས་སྔོན་ཆད་ལ་ལྟོས་ན་དགོན་གནས་ཀྱི་མིང་མ་སྟོང་ཙམ་དུ་མཆིས་སོ། །
བར་ནས་ཞེ་རྫོགས་གཉིས་ཞེས་གྲགས་པའི་ཡ་གྱལ།
༡ ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་ནི། རབ་བྱུང་བཅུ་གསུམ་པའི་ཤིང་ཡོས། ﹙སྤྱི་ལོ་༡༧༩༥﹚ལོར་ཞེ་ཆེན་ཞྭ་ལམ་རབ་འབྱམས་པ་འགྱུར་མེད་ཀུན་བཟང་བསྟན་འཛིན་རྣམ་རྒྱལ་གྱིས་ཕྱག་བཏབ། ལོ་རྒྱུས་གཞན་ཞིག་ཏུ་གྲུབ་དབང་རྫོགས་ཆེན་པའི་སློབ་མ་རབ་འབྱམས་བསྟན་པའི་རྒྱལ་མཚན་གྱི་ཡང་སྲིད་ཀུན་བཟང་རྣམ་རྒྱལ་བློ་གསལ་རྒྱ་མཚོའི་སྡེས་གོང་གསལ་ལོ་ཁམས་སུ་ཕྱག་བཏབ་ཞེས་གསལ་བས་མཚན་གྱི་རྣམ་གྲངས་ལ་དཔྱད་པར་འཚལ། ཆོས་ལུགས་བཀའ་གཏེར་སྨིན་གླིང་ཁེ་གཙང་། གདན་ས་འཛིན་མཁན་མཁས་དང་གྲུབ་པའི་རྣམ་རོལ་མཚུངས་བའི་ཟླ་དང་བྲལ་བ་རབ་འབྱམས་ན་རིམ་བདུན་དང་། རྒྱལ་ཚབ་ན་རིམ་དྲུག ལྷག་པར་དུ་དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་ཕུང་པོ་གཅིག་ཏུ་འདུས་པ་ཀུན་མཁྱེན་སྨྲ་བའི་སེང་གེ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་མདོ་སྔགས་རབ་འབྱམས་ཀྱི་གཞུང་ལུགས་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་ཕབ་པ་འཆད་ཉན་གྱི་རྒྱུན་སྤེལ་བས་དམ་པའི་སྐྱེས་བུ་དཔྱིད་ཀའི་ལྗོན་ཤིང་མེ་ཏོག་གིས་བརྒྱན་པ་ལྟ་བུ་ཚར་དུ་དངར་བས་གསང་ཆེན་སྙིང་པོའི་རིང་ལུགས་ལ་བྱ་བ་རྒྱ་ཆེར་མཛད། ཆོས་བརྒྱུད་འཛིན་པའི་དགོན་ལག་ཀྱང་ཉིས་བརྒྱར་ཉེ་བ་གངས་ལྗོངས་མདོ་ཁམས་ཀྱི་ཡུལ་གྲུར་བཞུགས་པར་གྲགས། རིག་གནས་གསར་བརྗེའི་དུས་སྐབས་སུ་ཕྱི་ནང་སྣོད་བཅུད་ལ་གཏོར་སྐྱོན་ཚབ་ཆེན་བཟོས་ནས་ཉམས་རྒུད་ཧ་ཅང་ཆེན་པོ་བྱུང་བ་དང་། སྲིད་ཇུས་དོན་འཁྱོལ་བྱུང་རྗེས་ཉམས་པ་སླར་གསོ་རགས་ཙམ་བྱུང་སྟེ་སྔར་ལྟར་ཆོས་ལུགས་ཀྱི་བྱེད་སྒོ་དང་། གཞུང་ལུགས་སློབ་གཉེར་མཛད་བཞིན་པ་ལགས་སོ། །
༢ རུ་དམ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་ནི། རབ་བྱུང་བཅུ་གཅིག་པའི་ཤིང་གླང་། ﹙སྤྱི་ལོ་༡༦༨༥﹚ལོར་འོད་གསལ་རྫོགས་པ་ཆེན་པོའི་རིག་པ་ཚད་ཕེབས་ཀྱི་ས་ལ་མངའ་དབང་བསྒྱུར་བ་གྲུབ་དབང་པདྨ་རིག་འཛིན་གྱིས་ཕྱག་བཏབ། ཆོས་ལུགས་སྔ་འགྱུར་བཀའ་མ་དང་། ཉི་མ་གྲགས་པའི་གཏེར་ཆོས། ཀློང་ཆེན་སྙིང་ཐིག་གཙོ་བོར་མཛད་པ་བཅས་འཁོར་ལོ་གསུམ་གྱི་འཕྲིན་ལས་ནམ་མཁའ་དང་མཉམ་པའི་བསྟན་འཛིན་གྱི་སྐྱེས་བུ་དཔོན་སློབ་ནམ་མཁའ་འོད་གསལ། ཞེ་ཆེན་ཞྭ་ལམ་རབ་འབྱམས་པ། གཏེར་སྟོན་ཉི་མ་གྲགས་པ་སོགས་དང་། གྲུབ་དབང་པདྨ་རིག་འཛིན་གྱི་སྐུ་ཕྲེང་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན། གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ། བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ། ﹙འདི་ཆོས་ཉིད་ཟད་སར་འཁྱོལ་ཏེ་འདི་སྣང་གི་ཐུགས་སྣང་ནུབ་པའི་རྟོགས་ལྡན་གྱི་སྐྱེས་བུ་དམ་པ་ཞིག་བྱུང་བར་གྲགས།﹚ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་བཅས་དང་། ཁྱད་པར་དུ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་ཐུགས་བསྐྱེད་དང་། འཕྲིན་ལས་ལྷ་ལམ་དང་མཉམ་པ་དུས་སུ་སྨིན་པས་རྫོགས་ཆེན་ཤྲཱི་སིང་ཧའི་ཆོས་གྲྭ་ཆེན་མོའི་རྒྱུན་བཙུགས་ཤིང་། དཔོན་སློབ་སྐུ་ཕྲེང་རིམ་བྱོན་དང་། སྔ་འགྱུར་བཀའ་གཏེར་ཡོངས་རྫོགས་ཀྱི་མངའ་བདག་རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་རྡོ་རྗེ། ཨོ་རྒྱན་བསྟན་འཛིན་ནོར་བུ། གཞན་ཕན་ཆོས་ཀྱི་སྣང་བ། ངག་དབང་ནོར་བུ་སོགས་མཁན་རབས་ནོར་བུའི་ཕྲེང་བ་ལྟ་བུ་རིམ་པར་བྱོན་པ་ལས་མཁས་གྲུབ་ཀྱི་ཚང་ཆེན་པོ་བརྡོལ་ཏེ་སྐབས་དེར་མདོ་ཁམས་སྨད་ཕྱོགས་སུ་གཞུང་ཆེན་བཀའ་པོད་བཅུ་གསུམ་འཆད་ཉན་གྱི་ཆོས་རྒྱུན་ཁྱབ་བརྡལ་དུ་སོང་བས་བསྟན་པ་སྤྱི་དང་བྱེ་བྲག་ལ་བཀའ་དྲིན་བརྗོད་ལས་འདས། ཆོས་བརྒྱུད་འཛིན་པའི་དགོན་ལག་ཀྱང་གྲངས་ཉིས་བརྒྱ་ཙམ་བྱུང་། བར་ལམ་རིག་གནས་གསར་བརྗེའི་དུས་སྐབས་སུ་རྒྱལ་ཡོངས་ཀྱི་ཁྱོན་དང་འདྲ་བར་ཕྱི་ནང་གི་སྣོད་བཅུད་ལ་གཏོར་སྐྱོན་ཚབས་ཆེན་ཉམས་ཉེས་སུ་སོང་ཡང་། དེང་སླར་གསོ་བྱས་ཏེ་རྙིང་མའི་ཐུན་མོང་མིན་པའི་རྒྱུད་གཞུང་གིས་གཙོས་གཞུང་ཆེན་བཅུ་གསུམ་གྱི་བཤད་ཁྲིད་དང་། རིག་གནས་བཅས་བསྐྱར་དར་བྱུང་ཞིང་དེང་དུས་སྨིན་གྲོལ་གླིང་དང་། རྡོ་རྗེ་བྲག་བསམ་ཡས་དགོན་པ་བཅས་སུ་གཞུང་ཆེན་དང་། རིག་གནས་སློབ་ཁྲིད་མཛད་པར་མཁན་པོ་མངགས་གཏོང་གི་ལམ་ལུགས་བཙུགས་ནས་འཁོར་ལོ་གསུམ་གྱི་འཕྲིན་ལས་སྤྲོ་བཞིན་མཆིས་སོ། །
སྨད་ན་ཀཿདཔལ་གཉིས་ཞེས་པའི་ཡ་གྱལ།
༡ ཀཿཐོགས་པ་ལ་སྔ་ཕྱི་གཉིས་ཡོད་པའི་ཀཿཐོག་སྔ་རབས་ནི། རབ་བྱུང་གསུམ་པའི་ས་ཡོས་﹙སྤྱི་ལོ་༡༡༥༩﹚ལོར་ཆོས་རྗེ་ཀཿཐོག་པ་ཆེན་པོ་བདེ་གཤེགས་སྤོབས་པ་མཐའ་ཡས་ཀྱིས་ཀཿཐོག་མི་འགྱུར་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོ་ཕྱག་བཏབ་པ་དེ་ཉིད་དུས་དབང་གིས་ཐོར་ཞིག་ཏུ་སོང་བའི་ཤུལ་དེར་སྨད་ན་ཀཿདཔལ་གཉིས་ཞེས་པ་རྙིང་མའི་གདན་ས་ཆེན་པོ་དྲུག་གི་ཁོངས་སུ་བརྩི་སྲོལ་གྱིས། ཀཿཐོག་ཕྱི་རབས་པ་ནི་རབ་བྱུང་བཅུ་པའི་ཤིང་གླང་﹙སྤྱི་ལོ་༡༦༢༥﹚ལོར་སྤྲུལ་པའི་གཏེར་སྟོན་ཆེན་པོ་རིག་འཛིན་ཀློང་གསལ་སྙིང་པོས་སྔར་ཉམས་རྒུད་དུ་ཕྱིན་པ་སླར་གསོ་མཛད། ཆོས་ལུགས་སྔ་འགྱུར་བཀའ་མ་དང་། གཏེར་སྟོན་བདུད་འདུལ་རྡོ་རྗེ་དང་། ཀློང་གསལ་སྙིང་པོ་གཉིས་ཀྱི་གཏེར་སོགས་བཀའ་གཏེར་དང་། སྤངས་དང་རྟོགས་པའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས་པ་ཞིང་སྐྱོང་སྐུ་ཕྲེང་རིམ་པ། དགེ་རྩེ་སྐུ་ཕྲེང་རིམ་པ། རྨོག་རྩ་སྐུ་ཕྲེང་རིམ་པ། ཨོ་རྒྱན་བསམ་གྲུབ་འཇིགས་མེད་ཆོས་ཀྱི་སེང་གེ་སོགས། སི་ཏུ་སྐུ་ཕྲེང་བཅས་ནས་འཁོར་ལོ་གསུམ་གྱི་ཕྲིན་ལས་མི་ནུབ་པའི་རྒྱུན་བསྐྱངས། མཁས་གྲུབ་ཀླུ་དབང་རོལ་པའི་ཚོགས་ཀྱི་བསྟི་གནས་ཆེན་པོར་གྱུར་པས་སྔ་འགྱུར་བའི་ཆོས་ཀྱི་གྲོལ་ཕུག་གཅིག་ཏུ་བགྲངས། དགོན་ལག་སུམ་བརྒྱ་ཁ་ཡར་གངས་ལྗོངས་མདོ་ཁམས་ཀྱི་ཡུལ་གྲུར་བཞུགས་ཀྱང་རིག་གནས་གསར་བརྗེའི་དུས་དབང་གིས་གཏོར་སྐྱོན་སོང་བས་དེང་སྐབས་གསར་བསྐྲུན་གྱིས་སྔ་སོར་རགས་ཙམ་ཆུད་བཞིན་བཞུགས་པ་ལགས་སོ། །
༢ དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་ནི། རབ་བྱུང་བཅུ་གཅིག་པའི་ཤིང་འབྲུག﹙སྤྱི་ལོ༡༦༦༤﹚ལོར་དཔལ་རྡོ་རྗེ་སེམས་དཔའི་རྣམ་རོལ་འོད་གསལ་སྙིང་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་དང་། སྐྱེས་རབས་ཉིས་སྟོང་ཐུགས་ལ་སྐད་ཅིག་གིས་གསལ་བ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས་ཕྱག་བཏབ། རིག་འཛིན་ཆེན་པོས་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་སྒ་རྗེ་ཆོས་སྐྱོང་རྒྱ་མཚོ་ལ་གཙུག་ཕུད་ཕུལ། གསེར་ལོ་སྟོན་པ་རྒྱལ་མཚན་དང་། ཆོས་ཉིད་རྒྱ་མཚོ། རོང་པོ་རིན་ཆེན་རྡོ་རྗེ་སོགས་ལས་ཀཿཐོག་སྔ་རབས་པའི་གདམས་ཁྲིད་མཐའ་དག་རྫོགས་པར་གསན། རིག་འཛིན་ཀློང་གསལ་སྙིང་པོས་མཁའ་འགྲོ་ཡང་གསང་བླ་མེད་ཀྱི་ཆོས་བདག་ཏུ་མངའ་གསོལ་ནས་རང་གཏེར་དབང་ཁྲིད་མང་པོ་གསུངས། ཁྱད་པར་འཁྲུལ་ཞིག་ཆེན་པོའི་སྐུ་སྐྱེ་དེ་ཉིད་དེ་མ་ཐག་གནམ་ཆོས་མི་འགྱུར་རྡོ་རྗེ་དང་། ཡོངས་འཛིན་ཀརྨ་ཆགས་མེད་གཉིས་ཀྱིས་རྗེས་སུ་བཟུང་། ཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན་མ་ལུས་པ་ཡོངས་སུ་རྫོགས། དགུང་ལོ་བཅུ་པར་ཆོས་རྒྱལ་སྡེ་དགེ་སངས་རྒྱས་བསྟན་པའི་བཀའ་ལུང་གིས་བསྐུལ་ཏེ་དཔལ་ཡུལ་རྣམ་རྒྱལ་རྩེར་ཕེབས་ནས་འཁོར་ལོ་གསུམ་གྱི་མངའ་ཐང་རབ་ཏུ་རྒྱས། སྐུ་ཚེའི་སྨད་ལ་ལྷ་རི་འོད་གསལ་སྒང་གི་རི་ཁྲོད་དུ་བཞུགས་ནས་རྫོགས་ཆེན་སྣང་བཞིའི་འོད་གསལ་མཐར་ཕྱིན། རེ་གསུམ་པར་ངོ་མཚར་བའི་ལྟས་དང་བཅས་སྐུ་མྱ་ངན་ལས་འདས་སོ། །རྗེ་ཉིད་ཀྱི་དབོན་པོ་པདྨ་ལྷུན་གྲུབ་རྒྱ་མཚོ་ལ། ཀཿཐོག་ངེས་དོན་བརྒྱུད་པའི་བསྟན་པ་འདི། །གང་ལ་བབས་པ་དེ་ཡི་འཛིན་དགོས་ཕྱིར། །ཞེས་སོགས་ཀྱི་ཞལ་གདམས་གསུངས་ནས་དོན་གྱི་བསྟན་པ་གཏད། དབོན་དེ་ལས་ཐུགས་སྲས་པདྨ་ནོར་བུ་དང་། བླ་མ་ཀརྨ་བཀྲ་ཤིས་སོགས་སློབ་བརྒྱུད་དང་བཅས་པ། དེ་དག་གི་སྐྱེ་སྤྲུལ་རིམ་པར་བྱོན་པ་རྣམས་ཀྱི་གདན་ལེགས་པར་བསྐྱངས། ཆོས་ལུགས་ནི་སྔ་འགྱུར་བཀའ་མ་དང་། གནམ་ཆོས། གཏེར་སྟོན་རཏྣ་གླིང་པའི་གཏེར་ཆོས་སུ་མཛད། ཁྱད་པར་དུ་རྒྱ་སྤྲུལ་རིན་པོ་ཆེ་པདྨ་མདོ་སྔགས་བསྟན་འཛིན་དང་། གྲུབ་དབང་པདྨ་ནོར་བུའི་སྐུ་སྐྱེ་གསུམ་པ་ཐུབ་བསྟན་ཆོས་ཀྱི་གླང་པོ་སོགས་ཀྱིས་སྔ་འགྱུར་བཀའ་གཏེར་ཡོངས་ཀྱི་བསྟན་པ་རིན་པོ་ཆེ་བཤད་དང་སྒྲུབ་པའི་ཕྲིན་ལས་རླབས་ཆེན་པོས་ཡོངས་སུ་སྐྱོང་བ་ལས་གྲུབ་དབང་དཔལ་ཡུལ་བ་ཞེས་གྲགས་པའི་བ་དན་གངས་ལྗོངས་ཁྱོན་དུ་ཁྱབ་པའི་ཆོས་རྒྱུན་འདི་བྱུང་བ་ཡིན། དེ་སྔ་ཕན་འཁོར་ལོ་གསུམ་གྱི་ཕྲིན་ལས་ནམ་མཁའ་དང་མཉམ་པའི་གདན་རབས་ཀྱི་ཕྲེང་བ་བཅུ་གཅིག་རིམ་པར་བྱོན་ནས་གསང་ཆེན་སྙིང་པོའི་རིང་ལུགས་བླ་མེད་ཡོ་ག་གསུམ་གྱི་བསྟན་པ་དར་ཁྱབ་ཆེན་པོ་བྱུང་བ་དང་། གསུམ་ལྡན་རྡོ་རྗེ་འཛིན་པའི་དགེ་སློང་གྲུབ་བརྙེས་ཁྲི་ཕྲག་དུ་མ་བགྲངས་པ་བྱོན་ཅིང་། ཆོས་བརྒྱུད་འཛིན་པའི་དགོན་ལག་གངས་ལྗོངས་མདོ་ཁམས་ཀྱི་ཡུལ་གྲུར་གྲངས་བཞི་བརྒྱ་ཙམ་དང་། དགེ་འདུན་ཁྲི་ཕྲག་བྱོན་པ་བྱུང་ཡོད་ཀྱང་། རིག་གནས་གསར་བརྗེའི་དུས་སྐབས་ཀྱི་གཏོར་སྐྱོན་རྒྱལ་ཡོངས་ཀྱི་ཁྱོན་དང་འདྲ་བས་ཉམས་རྒུད་ཆེན་པོ་བྱུང་བ་དེང་སྐབས་རགས་ཙམ་གྱི་སླར་གསོ་བྱུང་ནས་སྔ་མའི་ལམ་སྲོལ་གྱི་བཤད་སྒྲུབ་ཀྱི་ཉམས་བཞེས་མཛད་བཞིན་པར་མཆིས་པ་བཅས་སོ། །
དེ་ལྟར་སྔ་འགྱུར་བའི་ཆོས་སྡེ་ཆེན་པོ་དེ་རྣམས་ལས་འཕྲོས་པའི་དགོན་སྡེ་སོ་སོར་སྨོས་ཀྱི་མི་ལང་ཞིང་ཁྱད་པར་སྙིགས་མའི་དུས་འདིར་གངས་ལྗོངས་ཐུབ་བསྟན་སྤྱི་དང་བྱེ་བྲག་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པའི་སྙིང་པོ་སྔ་འགྱུར་རྙིང་མ་པ་ཞེས་ཡོངས་སུ་གྲགས་པའི་རིང་ལུགས་སླར་ཡང་གསལ་བར་བྱེད་པ་ལ་སུས་ཀྱང་འགྲན་མི་བཟོད་པའི་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། མཛོད་ལྔའི་ཤིང་རྟ་འཇམ་མགོན་བློ་གྲོས་མཐའ་ཡས་པའི་སྡེ་གཉིས་ཀྱི་ཕྲིན་ལས་རྒྱ་མཚོའི་གོས་ཅན་གྱི་ཐ་གྲུ་ཀུན་ཏུ་ཁྱབ་པར་བརྡལ་བཞིན་པ་དང་རྙིང་མ་རང་རྐང་གི་ལྟ་གྲུབ་ཟབ་མོའི་དོན་རྣམས་ཐུགས་སུ་མ་ཤོང་བའི་རྟོག་གེ་པ་ཁ་ཅིག་གི་ངོར། ཀུན་མཁྱེན་རོང་ཀློང་རྣམ་གཉིས་དང་། མངའ་རིས་པཎ་ཆེན། གཏེར་ཆེན་རཏྣ་གླིང་པ། སོག་ཟློག་པ་བློ་གྲོས་བཟང་པོ། སྨིན་གླིང་སྐུ་མཆེད། རིག་འཛིན་འཇིགས་མེད་གླིང་པ། ཀཿཐོག་དགེ་རྩེ་པཎ་ཆེན་སོགས་ཀྱིས་རྙིང་མའི་ལྟ་གྲུབ་ཟབ་མོ་དག་ཐེར་དང་བརྒལ་ལམ་བཅས་ཀྱི་གསལ་བར་བྱས་པ་དང་། ཁྱད་པར་རྗེ་བཙུན་འཇམ་དཔལ་དབྱངས་མིའི་ཟོལ་དུ་བྱོན་པ་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་སློབ་བརྒྱུད་དང་བཅས་པས་སྔ་འགྱུར་རང་ལུགས་ཀྱི་ལྟ་གྲུབ་ཐུན་མོང་མིན་པའི་ཟབ་གནད་རྣམས་སླར་ཡང་ལུང་རིགས་མན་ངག་བཅས་ཀྱིས་གཏན་ལ་ཕབ། ཕས་རྒོལ་གྱི་ལོག་རྟོག་མཐའ་དག་བརྒལ་རྟགས་ཀྱི་གཏན་ཚིགས་ཡང་དག་པས་ཚར་བཅད། རང་ལུགས་ཀྱི་ལྟ་སྤྱོད་རྣམ་པར་དག་པ་འཇིགས་མེད་དབྱར་རྔའི་སྒྲ་དབྱངས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་བསྒྲགས་པ་ལ་སྔ་འགྱུར་རྙིང་མ་བ་ཞེས་ཡོངས་སུ་གྲགས་པའོ། ། སརྦ་མངྒལཾ། ། ། །
རྩོམ་ཁུངས། བོད་ལྗོངས་རིག་གནས་དྲ་བ།