དབྱངས་ཅན་མའི་བསྟོད་པ་དད་པའི་དྲི་བསུང་འཕྱུར་བའི་མ་ལི་དཀར་པོའི་དོ་ཤལ་ཞེས་བྱ་བ།

དོར་ཞི་གདོང་དྲུག་སྙེམས་བློ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-12-08

མར་གད་མདངས་འཛིན་འཆི་མེད་རྐང་འཐུང་མཛེས་སྡུག་མེ་ཏོག་རབ་བཀྲ་བའི།།

དབྱིབས་ལེགས་རིན་ཆེན་ཚོམ་བུར་བཀོད་འདྲའི་ས་འཛིན་ཕྲེང་བས་ཡོངས་བསྐོར་དབུས།།

ཆུ་འཛིན་གོས་དང་རྒྱུ་སྐར་རྒྱན་བཀྲོལ་གནམ་སྔོན་ས་ལ་ལྷུང་འདྲ་བའི།།

ཡན་ལག་བརྒྱད་ལྡན་དྭངས་གསལ་ཆུ་མཚོ་ཁོར་ཡུག་རི་བོ་གཟུགས་སུ་འཕོས།།

མཚོ་ཡི་མདངས་བརྐུས་རབ་སྔོའི་མཁའ་ལ་སྤྲིན་དཀར་བླ་བྲེ་ཕང་ཕུང་གཡོ།།

མཐའ་སྐོར་ཤིང་དྲུང་བྲག་ཕུག་དག་ཏུ་ལྷ་དང་དྲང་སྲོང་ཏིང་འཛིན་སྐྱོང་།།

དྲི་ཟའི་ན་ཆུང་གླུ་གར་བྱེད་ཅིང་སྤོས་ཕོར་མེ་ཏོག་ཕྲེང་བ་འཛིན།།

རི་དྭགས་ཕོ་མོ་བག་ཕེབས་ཉལ་ཞིང་འདབ་ཆགས་ངང་ངུར་མཚོ་ལ་རོལ།།

མཚོ་ངོས་འཆི་མེད་བུ་མོ་སྟོང་ཕྲག་ཁྲུས་ཀྱི་ཕྱིར་དུ་བབས་འདྲ་བའི།།

དཀར་དམར་ཆུ་སྐྱེས་སྡུག་གུར་བཀྲ་ཞིང་རྒྱུ་སྐར་ཁྲོད་ཀྱི་ཉ་ཟླ་བཞིན།།

ཁོ་ལག་ཆེར་ཡངས་འདབ་སྟོང་པད་དཀར་སྤྲིན་དཀར་སྤུངས་བཞིན་བཞད་པའི་དབུས།།

ཆུ་ཤེལ་སུམ་དྭངས་བྱས་པའི་ཉིང་ཁུ་སྒོར་ལེར་ཆགས་འདྲའི་འོད་དཀར་སྟེང་།།

དྲི་བྲལ་སྟོན་ཟླ་ཀུན་དའི་ཕོན་པོ་དུང་གི་འཁྲི་ཤིང་ལྡེམ་པ་ལ།།

འདུ་ཤེས་རྒྱན་མཚན་མངོན་པར་སྤྲས་ཀྱང་གང་གི་མཚོན་དཔེར་བྱེད་དཀའ་བའི།།

སྲིད་ཞིའི་ཁམས་ཀྱི་མཛེས་པའི་གཟུགས་དང་སྙན་པའི་དབྱངས་ཀྱི་ངོ་མཚར་བཅུད།།

ཚངས་ཆེན་ཏིང་འཛིན་འཕྲུལ་གྱིས་གཅིག་བསྡུས་མཛེས་སྡུག་སྙིང་བོ་ཚངས་སྲས་མ།།

བརྒྱད་གཉིས་བཅུ་དྲུག་ལོན་པའི་ན་ཚོད་འོད་དཀར་འཚེར་བའི་གངས་ཀྱི་རིར།།

མཚམས་སྤྲིན་དམར་པོའི་མདངས་ཀྱིས་མཁྱུད་བཞིན་དཀར་ལ་དམར་བའི་གཞོན་ཤ་ཆགས།།

མཉེན་ལྕུག་འཁྲི་ཤིང་རླུང་གིས་བསྐྱོད་བཞིན་མ་བཅོས་རང་བྱུང་གར་གྱི་ཉམས།།

ལྷན་སྐྱེས་དྲི་བཟང་ཐུལ་ཐུལ་འཕྲོ་ཞིང་རིང་ནས་བུང་བ་སྤྲིན་བཞིན་འཁོར།།

ཆར་སྨུག་སྲབ་བུས་བསྒྲིབས་པའི་རི་བཞིན་མཚར་སྡུག་སྐྱེ་མཆེད་ཕྱིར་མངོན་པའི།།

དཀར་འཇམ་ལྷ་རྫས་གོས་ཀྱིས་ཕྱེད་གཡོགས་ཞབས་གཉིས་རོལ་སྒེག་སྟབས་ཀྱིས་འགྱིང་།།

རྐེད་སྐབས་ཕྲ་ཞོམ་ཁུར་གྱིས་དུབ་པས་སྐུ་སྟོད་ཅུང་ཟད་གཡོན་དུ་ཕྱོགས།།

ཆགས་བྲལ་རི་བོའང་མཐོང་ན་འདར་བྱེད་མཐོ་འབུར་མྱོས་བུམ་ཟུང་གིས་མཛེས།།

མཇམ་གཉེན་གནག་སྣུམ་རལ་བ་ཕྱེད་བཅིངས་ཕྱེད་གྲོལ་ཕྲག་རྒྱབ་འབོལ་ལེར་ཁེབས།།

ཐོར་ལྕོག་ཨུཏྥལ་དཀར་པོས་ལེགས་བཅིངས་ཟླ་གཞོན་མུ་ཏིག་དྲ་བས་བརྒྱན།།

ཉི་ཟེར་ཕོག་པས་གསར་དུ་བཞད་འདྲའི་བཞིན་རས་པད་དཀར་འཛུམ་པའི་ངོས།།

འདོད་པའི་དབང་ཕྱུག་གཞུ་བཀང་སྨིན་འཁྱོག་མདའ་ལྔ་སྦྱར་བའི་དྲང་མཐོའི་ཤངས།།

དཀར་ནག་མ་འདྲེས་ཁྱོན་ཡངས་དཀྱུས་རིང་འཕྲུལ་འཕྲུལ་བུང་བ་གཡོ་བའི་སྤྱན།།

ཟིམ་བུས་སྒྲུབ་པ་པོ་ཡི་གདོང་དང་འཕང་འགྲོའི་རྒྱུད་ལ་རེ་མོས་བལྟ།།

སྤྱན་ཟུར་ལས་འཕོས་རྗེས་ཆགས་མདངས་མཛེས་མཁུར་ཚོས་ཟུང་གི་ངོས་ལ་འགྲེམས།།

རབ་དམར་བྱུ་རུའི་མཆུ་སྒྲོས་འཛུམ་མུལ་སྙིང་ལ་ཟིལ་མངར་ཆར་བ་འབེབས།།

སྤྱན་ཟུང་མཛེས་ཆ་འཕྲོག་པའི་ཆོམ་རྐུན་སྙན་གོང་རྒྱན་གྱི་ཟོལ་ཟློས་པའི།།

ཨུཏྥལ་དག་གིས་འཐབ་པའི་དཔུང་རོགས་ལྷེམ་ལྷེམ་གསེར་གྱི་རྣ་ཆ་སྦྲན།།

དུང་ལྟར་དཀར་བའི་མགྲིན་པའི་ངོས་ལ་གཟི་འོད་ཕྲོམ་ཕྲོམ་རྒྱུ་སྐར་ཕྲེང་།།

བྲང་གི་མཛེས་སྡུག་འཐུང་ཕྱིར་ལྷགས་འདྲའི་མུ་ཏིག་དཀར་པོའི་དོ་ཤལ་འཕྱང་།།

རིན་ཆེན་གདུ་བུ་སིལ་སིལ་འཐབ་པའི་དཀར་ཟླུམ་ཕྱག་ཟུང་གར་སྟབས་ཀྱིས།།

ལྟོ་འབུར་བསྒྲིབ་ཕྱིར་ཉ་ཟླ་བླངས་ནས་འཁྱུད་འདྲའི་དྲི་ཟའི་ཏམྦུ་རར།།

ཕྲེ་ལྡམ་སོར་མོས་འཕྲུལ་གྱིས་བསྐྱོད་ལས་རྒྱུད་སྟོང་ཧྲྰི་ཧྲྰི་གྲགས་པའི་སྒྲའི།།

སྙན་རོ་འབུམ་ལྡན་དབྱངས་ཀྱི་རྒྱུད་ལས་ཆོས་ཚུལ་ཟབ་མོ་ལྷུག་པར་འདོམས།།

རྒྱལ་ཀུན་ཡེ་ཤེས་ཁམས་ལས་ལེགས་གྲུབ་གང་སྐུའི་ཆ་ཤས་རེ་རེས་ཀྱང་།།

སྲིད་ན་མཛེས་པའི་དངོས་ཀུན་ཟིལ་གནོན་འོད་སྟོང་ལྡན་པས་རྒྱུ་སྐར་བཞིན།།

སྐབས་འགར་དྲི་ཟའི་སྒེག་མོའི་ཚུལ་བཟུང་སྲིད་པའི་མཛེས་སྡུག་ལོངས་སྤྱོད་སྐྲུན།།

སྐབས་འགར་སྒྱུ་མའི་ཕྱག་རྒྱའི་རྣམ་རོལ་མི་འགྱུར་བདེ་ཆེན་ཡེ་ཤེས་སྩོལ།།

རེ་འགའ་རབ་དམར་བྱུ་རུའི་མདངས་འཛིན་བརྟན་གཡོའི་དངོས་ཀུན་འཕྲུལ་གྱིས་སྡུད།།

རེ་འགའ་འཇིགས་རུང་སྲིན་མོའི་གཟུགས་ཀྱིས་སྡིག་ཅན་འབྱུང་བོ་དབྱིངས་སུ་སྒྲོལ།།

ཡིད་བཞིན་ནོར་དང་དཔག་བསམ་ཤིང་བཞིན་མི་རྟོག་ལྷུན་གྲུབ་རྒྱུན་མི་འཆད།།

གང་ལ་གང་འདུལ་ཆོས་སྐུའི་རྣམ་རོལ་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས།།

གང་སྐུ་མིག་ལ་སྣང་བ་ལྟ་ཞོག་དང་བའི་ཡིད་མཚོར་ཤར་ན་ཡང་།།

ཕྲ་རགས་ཀུན་རྟོག་རྦ་རླབས་ཉེར་ཞི་ཟག་མེད་བདེ་སྟོང་ཏིང་འཛིན་འཁྲུངས།།

ཤེས་བྱའི་དཀྱིལ་འཁོར་ཕ་མཐའ་ཡངས་པོར་སྐད་ཅིག་གཅིག་གིས་ཁྱབ་མཛད་པའི།།

ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་འོད་རྣོན་ཚད་མེད་སྤྲོ་བའི་ལྷ།།

ལྷ་ཁྱོད་མོས་གུས་བསྟེན་ཅིང་བསྟོད་པས་བྱམས་བརྩེ་དཔུང་བས་དམ་འཁྱུད་དེ།།

བྱིན་རླབས་དངོས་གྲུབ་ཞལ་ཕྲུ་གཟེགས་མས་བདག་བློའི་བ་ཀུ་ལ་ཕྱེ་ནས།།

རབ་འབྱམས་ཤེས་བྱར་ཆགས་ཐོགས་བྲལ་བའི་ཟབ་རྣོན་ཕྲ་ཞིབ་རྣམ་དཔྱོད་བཅུད།།

ལྟེང་ཀར་བརྡོལ་བས་གདུལ་བྱའི་རྐང་དྲུག་རྣམ་གྲོལ་ལང་ཚོས་སྙེམས་གྱུར་ཅིག།

རྩོམ་ཁུངས། དོར་ཞིའི་གསུང་རྩོམ་ཐོར་བུ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱངས་ཅན་མའི་བསྟོད་པ་དད་པའི་དྲི་བསུང་འཕྱུར་བའི་མ་ལི་དཀར་པོའི་དོ་ཤལ་ཞེས་བྱ་བ།

2009-12-08 དོར་ཞི་གདོང་དྲུག་སྙེམས་བློ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།