བཅོམ་ལྡན་འདས་མ་ལ་ཕྱག་འཚལ་བའི་ཚིགས་སུ་བཤད་པ་འདོད་པ་ཀུན་འགྲུབ་པ།
བཅོམ་ལྡན་འདས་མ་རྗེ་བཙུན་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ།།
ཚོགས་གཉིས་གསེར་གྱི་ཆུ་འཛིན་དབང་བོ་ནི།།
ཡན་ལག་དྲུག་ཅུའི་འབྲུག་གི་སྒྲ་དབྱངས་ཅན།།
འདོད་དགུའི་ཆར་བཟང་ཕབ་པས་སྒྲུབ་པ་པོའི།།
རེ་བ་གཅིག་ཆར་སྐོང་ལ་ཕྱག་འཚལ་ལོ།།
ཁྱོད་ཀྱི་མཚན་ཙམ་འཛིན་པའི་སྐྱེ་བོ་ལ།།
མནར་མེད་མེ་ལྕེ་ཁ་བ་ལྟར་བསིལ་ཞིང་།།
འཆི་བདག་བེ་ཅོན་རི་མོའི་དབྱུག་པ་ལྟར།།
བདེ་བླག་གྲུབ་པར་མཛད་ལ་ཕྱག་འཚལ་ལོ།།
ཁྱོད་སྐུ་མཐོང་དང་ཁྱོད་གསུང་ཐོས་པ་དང་།།
ཁྱོད་ཀྱི་གཟུངས་སྔགས་ལན་ཅིག་ཙམ་དྲན་ན།།
དེ་ཡི་མོད་ལ་འཇིགས་པ་ཀུན་བྲལ་བ།།
ཁྱོད་ཉིད་ལྟ་བུར་མཛད་ལ་ཕྱག་འཚལ་ལོ།།
གསེར་བཟང་ཁུ་བ་གནམ་དུ་འཕྱུར་བ་ཡི།།
ཟེགས་མས་ཆུ་མཐོང་འགོག་པའི་མཆོད་སྦྱིན་གྱིས།།
དགྲ་བོ་ཐལ་བ་ཉིད་དུ་བརླག་བྱེད་པ།།
ཡེ་ཤེས་མེ་དཔུང་སྤྲོ་ལ་ཕྱག་འཚལ་ལོ།།
འཇིག་རྟེན་མཐའ་དག་སྣང་བྱེད་ཉི་མ་དང་།།
ཟླ་བ་ཁྱོད་ཀྱི་རྗེས་འབྲང་ཐ་ཤལ་ཏེ།།
འདི་དག་གཟི་བརྗིད་མཐོང་ཚེ་ཁྱོད་ཀྱི་སྐུ།།
བསམ་མི་ཁྱབ་པར་མཐོང་ནས་ཕྱག་འཚལ་ལོ།།
དཔག་ཡས་ཡོན་ཏན་ཚོགས་འདི་བདག་ཉིད་ཡིད།།
རང་དབང་བྲལ་འདི་ཁྱོད་ཀྱི་དབང་གྱུར་ཏེ།།
ཁྱོད་ཞབས་བསྟེན་པའི་སླད་དུ་རང་གི་སྲོག།
ལན་བརྒྱར་དོར་མང་གཡོ་མེད་ཕྱག་འཚལ་ལོ།།
མཆོད་པ་གསལ་བྱེད་ཐལ་མོ་སྦྱར་ནས་ནི།།
ཤུགས་དྲགས་སྙིང་གི་ཁོང་ནས་དད་པ་ཡིས།།
ཁྱོད་ཐུགས་ངེས་པར་དགྱེས་བྱེད་བསྟོད་དབྱངས་ཀྱི།།
ང་རོས་ནམ་མཁའ་བཀང་སྟེ་ཕྱག་འཚལ་ལོ།།
ཅེས་བཅོམ་ལྡན་འདས་མ་ལ་ཕྱག་འཚལ་བའི་ཚིགས་སུ་བཅད་པ་འདོད་པ་ཀུན་གྲུབ་པ་ཞེས་བྱ་བ་འདི་ནི་
སྡེ་སྣོད་འཛིན་ཀུན་འཛིན་པའི་སྤོང་བ་པ་ཆོས་དབང་གྲགས་པའི་དཔལ་གྱིས་གཡར་ཀླུང་དཔལ་འབར་ཞེས་བྱ་བའི་དགོན་པར་རྣམ་པར་སྦྱར་བའོ།།
རྩོམ་ཁུངས།