དབྱངས་ཅན་མའི་གཟིགས་སྣང་བསྟོད་པ་ཞེས་བྱ་བ།

པཎ་ཆེན་བློ་བཟང་ཆོས་རྒྱན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-12-31

༄༅། །ན་མོ་སྭ་ར་སྭསྟི་ཡཱ། སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ་ལྷའི་གླུ་དབྱངས་ཞེས་བྱ་བ། །བཅོམ་ལྡན་འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དབང་སྔོན་ཞུ་བ་འཁྱིལ་འདྲའི་ཡིད་བཞིན་མཚོ། །དལ་གྱི་རླབས་འཕྲེང་དབུ་བའི་འཛུམ་དཀར་ཅན། །ཆུ་སྐྱེས་བླ་བྲེས་བརྒྱན་པའི་ཆུ་གཏེར་ངོགས། །ཙ་ཤ་གཞོན་ནུའི་ཁ་དོག་ལྟར་བཀྲ་བའི། །ཡིད་འཕྲོག་བཻཌཱུར་སྔོན་པོའི་ནེའུ་གསིང་སྟེང༌། །ཟླ་བ་ནོར་བུའི་དོ་ཤལ་བཀྲམས་པ་ནི། །འཆི་མེད་ལམ་དུ་སྐར་ཚོགས་གསལ་བ་བཞིན། །མརྐ་ཏ་ཡི་ཁུ་བ་བྱུགས་འདྲ་བ། །ཡིད་འོངས་རྐང་འཐུང་མཛེས་པའི་ལག་གཉེན་ནི། །དད་པའི་སེར་བུའི་ཕོ་ཉས་བསྐུལ་བ་ན། །ཆགས་ལྡན་ཡིད་དབང་འགུགས་པའི་གཡབ་མོ་བཞིན། །གསར་པའི་ལང་ཚོ་རྒྱས་པའི་པདྨོ་རྣམས། །ལྡེམ་ལྡེམ་གར་བསྒྱུར་གེ་སར་ཟེའུ་འབྲུ་རྒོད། །མེ་ཏོག་སྦྲང་རྩིས་བྱུགས་པའི་ལྡིང་ཁང་དུ། །བུང་བ་གཞོན་ནུ་མགྲིན་པའི་རྒྱུད་མངས་བསྒྲེང༌། །ནེ་ཙོའི་གཤོག་པ་ལྟར་མཛེས་ནགས་ཚལ་གྱི། །ཕུན་ཚོགས་གཞལ་མེད་ཀུན་དགའ་བསྐྱེད་པའི་དབུས། །པད་དཀར་ལན་ཚར་གཡོ་བའི་ལྟེ་བར་ནི། །བདུད་རྩིའི་འོད་ཅན་གཟི་བྱིན་རྒྱས་པའི་སྟེང༌། །འབུམ་ཕྲག་ནམ་མཁའི་ནོར་བུའི་འོད་སྟོང་གིས། །རབ་མྱོས་ཀཻ་ལ་ཤ་ཡི་རྡུལ་བརྩེགས་ལ། །འཁུ་ལྡན་དུང་གི་འཁྲི་ཤིང་མཛེས་མ་འདི། །ལྟ་བྱེད་བདུད་རྩི་མ་ལུས་སྤུངས་པ་བཞིན། །བསིལ་འོད་བདག་པོའི་ཕྱེད་པས་ཐོར་ཚུགས་དང༌། །ཐོར་ཚུགས་ནམ་མཁར་བསྒྲེང་བས་མེ་ཏོག་འཕྲེང༌། །སྤེལ་ལེགས་མེ་ཏོག་ཕྲེང་བས་གསིལ་མའི་སྐྲ། །ཀུན་ཀྱང་གདུགས་དཀར་ཡན་ལག་མཆོག་གིས་མཛེས། །དཔལ་ལྡན་ནམ་མཁའི་ལུས་ཅན་ཁྱོད་ཉིད་ཀྱིས། །འདྲེན་བྱེད་ཡོན་པོར་འཁྱོག་པའི་སྒྲོ་ལྡན་ནི། །པཉྩ་རྫོགས་པ་ཅི་སྨོས་གཅིག་གིས་ཀྱང༌། །དཔལ་རྐང་ཡིད་ཀྱི་བསྟན་པ་རྡོ་རྗེའི་གོ། །ལན་བརྒྱར་འབིགས་ན་དེ་ལས་གཞན་པའི་ཅི། །མཆུ་སྒྲོས་བྱུ་རུའི་སྐྱེད་ཚལ་ཉམས་དགའ་བར། །ཆུ་ཤེལ་གསར་པའི་སྤུ་ལོང་ཕང་ཕུང་ལ། །འགོངས་པའི་ཚེམ་དཀར་འཕྲེང་བ་ཚར་དུ་དངར། །སྙན་ཚིག་གྲེ་འགྱུར་གདངས་ཀྱིས་སྒྲ་འཛིན་གྱི། །དབང་པོ་རྣམ་པར་བཞད་པའི་བཅུད་ལེན་འདིས། །དྲི་ཟའི་ན་ཆུང་མཁར་ཉལ་གནས་བྲོས་ཤིང༌། །གསེར་མངལ་སྐྱེངས་ནས་བསམ་གཏན་ཟོལ་ལ་བརྟེན། །རིན་ཆེན་སོར་གདུབ་མཛེས་མས་དམ་འཁྱུད་པའི། །ཕྱག་ཟུང་འཇམ་གཉེན་ཀ་མ་ལ་ཡི་སྟེང༌། །འཕང་འགྲོའི་རྔ་བསང་དབྱར་སྐྱེས་དབྱངས་བཞིན་སྒྲོག །འཕྲང་ཞིང་རབ་རྒྱས་ནུ་མའི་ཁུར་འཆང་བ། །སྨིན་ལེགས་ན་ཆུང་གཙུག་རྒྱན་ཁྱོད་ཀྱིས་ནི། །ལུས་ཅན་ཆགས་པའི་བསམ་གཏན་ལ་འགོད་ན། །འདི་ལས་གཞན་པའི་ཡིད་སྲུབས་མངའ་དེ་གང༌། །རིང་ནས་ཆགས་དང་བྲལ་བའི་དྲང་སྲོང་ཡང༌། །ཡ་མཚན་ཁྱོད་སྐུའི་དཔལ་འདིར་ཡིད་འཁྱོར་བས། །མདྡྷྱ་རཱ་ཡི་དབུ་བ་བརྩེགས་འདྲ་བའི། །མུ་ཏིག་འཕྲེང་ཚོགས་འཆའ་བས་རྒོད་པ་བཞིན། །དབང་སྔོན་འདབ་བརྒྱ་བཞད་པ་ལ་འགྲན་པའི། །སྲབ་འཇམ་ལྷ་རྫས་སྟོད་གཡོགས་རྣམ་པར་གཡོ། །པདྨ་རཱ་གའི་མདངས་ཀྱི་མཛེས་སྡུག་ཀྱང༌། །ཕམ་བྱེད་སྨད་གཡོགས་ཤམ་ཐབས་དྲ་བས་དཀྲིས། །ཡིད་འོང་རྣམ་འགྱུར་སྟོང་གི་རྣམ་རོལ་ཅན། །འཕོ་འགྱུར་སྤངས་པའི་བརྒྱད་ཟུང་ལང་ཚོའི་དབྱིངས། །མངོན་དགྱེས་དུས་གསུམ་རྒྱལ་བའི་ཡུམ་དེ་ལ། །གཙུག་སྐྱེས་འཛིན་མར་བཀོད་པའི་ཕྱག་བགྱིད་དོ། །སྙིང་ལ་ཁྱོད་སྐུའི་སྣང་བ་དྲན་ཙམ་གྱིས། །རབ་འབྱམས་ཤེས་བྱའི་ཚོགས་རྣམས་མ་ལུས་པ། །ཇི་བཞིན་རྟོགས་པའི་རྣམ་དཔྱོད་འོད་སྟོང་གིས། །འགྲོ་བའི་རྨོངས་མུན་མ་ལུས་སེལ་བར་ཤོག །བཤད་པས་བློ་གསལ་རྣ་བ་མཛེས་བྱེད་ཅིང༌། །རྩོད་པས་ལོག་སྨྲ་མ་ལུས་ཀླད་པ་འགེམས། །རྩོམ་པས་མཁས་རྣམས་མགྲིན་པའི་རྒྱན་འཆང་བའི། །དབྱངས་ཅན་ལྷ་མོས་བཀྲ་ཤིས་དེང་འདིར་སྩོལ། །ཞེས་པ་འདི་བཙུན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ན་ཚོད་ལོ་བཅུ་བཞི་པའི་དུས་སུ་སྦྱར་བའོ། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱངས་ཅན་མའི་གཟིགས་སྣང་བསྟོད་པ་ཞེས་བྱ་བ།

2014-12-31 པཎ་ཆེན་བློ་བཟང་ཆོས་རྒྱན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།