ཆོས་མངོན་པའི་ལུགས་ཀྱི་སྣོད་བཅུད་གཉིས་ཀྱི་རྣམ་གཞག་ལ་དཔྱད་པ།

           སངས་རྒྱས་ཆོས་གཞུང་ནས་བཤད་པའི་འཇིག་རྟེན་སྣོད་བཅུད་གཉིས་ཀྱི་རྣམ་གཞག་ལ། མངོན་པ་གོང་འོག་གི་ལུགས། ས་སྡེ་ལྔའི་ལུགས། འཇིག་རྟེན་གདགས་པའི་ལུགས། སངས་རྒྱས་རྨད་བཅད་ཀྱི་ལུགས། མཁའ་འགྲོ་རྒྱ་མཚོའི ་ལུགས། དུས་ཀྱི་འཁོར་ལོའི་ལུགས་སོགས་རྣམ་གཞག་ཕྲན་ཚེགས་མི་འདྲ་བ་མང་པོ་ཞིག་ཡོད་པར་གྲགས་ཀྱང༌། སྤྱིའི་ཆ་ནས་བཤད་ན་མངོན་པའི་ལུགས་དེས་མ་ཁྱབ་པ་དང་མ་འཐུས་པ་གང་ཡང་མེད། མངོན་པའི་ལུགས་ཀྱི་འཇིག་རྟེན་ལྟ་ཚུལ་དེ་ནི་མི་ལོ་སྟོང་ཕྲག་མང་པོའི་གོང་ནས་འཛམ་གླིང་ཤར་ནུབ་ཡོངས་ལ་ཁྱབ་པའི་བཤད་སྲོལ་རྙིང་པ་དེ་རང་ཡིན་པས་དེ་ཉིད་དེང་སང་གླེང་དགོས་པ་དང་གླེང་རིན་ཡོད་པ་ཞིག་རྩ་བ་ནས་མིན་མོད། རང་རེ་བོད་ཀྱི་མཁས་པ་ཕལ་མོ་ཆེ་ཞིག་གིས། དེང་གི་གནམ་རིག་པ་དག་དང་མི་འགྲིག་བཞིན་དུ་མཐུན་ཐབས་འཚོལ་བ་སོགས་ལྕེ་ཕར་བསྒྱུར་ཚུར་བསྒྱུར་སྣ་ཚོགས་བྱས་ཏེ། ད་དུང་ཡང་རང་ལ་དག་པ་སྟེར་བའི་རེ་སྟོང་རྒྱག་བཞིན་འདུག་པ་འདི་ནི་ཤིན་ཏུ་མི་འོས་པ་ཞིག་ཡིན་པས། དྲང་པོ་མིན་པའི་སྨྲ་མཁན་ཁོང་རྣམ་ཚོ་རེ་ཐག་ཆོད་པའི་འཁྲུལ་ངོ་རགས་ཙམ་ཞིག་སྤྲོད་པར་བྱའོ། །དེ་ལ་སྣོད་བཅུད་ཀྱི་རྣམ་གཞག་གཉིས་ཡོད་པ་ལས། དང་པོ་རང་ཅག་མིའི་རིགས་རྣམས་ཐུན་མོང་དུ་འཚོ་ཞིང་གནས་པའི་གཞི་རུ་གྱུར་པའི་ད་ལྟའི་འཇིག་རྟེན་འདི་ཉིད་ཐོག་མར་གང་ནས་བྱུང་བའི་ཚུལ་ལ། ཆོས་མངོན་པ་བ་རྣམས་ལྟར་ན། སྤྱིར་འཇིག་རྟེན་གྱི་ཁམས་ལ་ཐོག་མ་དང་ཐ་མའི་མཐའ་མེད་ཅིང་རྒྱ་ཚད་ཀྱང་གཞལ་དུ་མེད། ད་ལྟའི་འཇིག་རྟེན་འདི་ནི་འཇིག་རྟེན་གཞན་ཞིག་ཞིག་ནས་བར་གྱི་བསྐལ་པ་ཉི་ཤུ་ཐམ་པ་ལོན་པའི་རྗེས་སུ་ལས་ཀྱི་དབང་གིས་ཕྱོགས་བཅུའི་ནམ་མཁའི་ཁམས་ནས་རླུང་ཆེན་པོ་དག་ལྡང་སྟེ། དེ་དག་རིམ་གྱིས་ཕྱོགས་གཅིག་ཏུ་འདུས་པའི་མཐར་རྡོ་རྗེའི་ཁམས་ལྟར་སྲ་ཞིང་བརྟན་པར་གྱུར། དེ་ཉིད་མུ་མཐའ་མེད་པའི་ནམ་མཁའི་དབྱིངས་སུ་རྟེན་མེད་པར་ཆགས་ཤིང༌། དབྱིབས་ནི་ཕྱི་རིམ་མཐོ་ལ་ནང་དམའ་བ་སྟེ་བར་སྣང་དུ་དཔྱངས་པའི་ཟོ་སྟོང་ཞིག་དང་འདྲ་པོ་ཡོད། དེ་རྗེས་རླུང་དཀྱིལ་དེའི་སྟེང་གི་ནམ་མཁའ་ལ་སྤྲིན་གྱི་ཕུང་པོ་ཆེན་པོ་འདུས་ཏེ་ཆར་རྒྱུན་ཤིང་རྟའི་འཕང་ལོ་ཙམ་ཡུན་རིང་དུ་བབ་པས། མཐར་ཟོ་བ་ཆུས་ཁེངས་པ་བཞིན་རླུང་དཀྱིལ་གྱི་དབུས་སུ་ཆར་ཆུའི་རྒྱ་མཚོ་ཆེན་པོ་ཞིག་ཆགས། མཚོ་དེའང་རླུང་ཤུགས་ཀྱིས་བསྲུབ་ཅིང་དཀྲུག་པའི་དབང་གིས་འོ་མའི་ཐོག་ཏུ་སྤྲིས་མ་ཆགས་པ་བཞིན་ས་གཞི་ཆེན་པོ་རི་གླིང་དང་བཅས་པ་འདི་བྱུང༌། དེ་ཐམས་ཅད་ཀྱི་བདག་རྐྱེན་ནི་རྒྱལ་བའི་སྨོན་ལམ་དང༌། འགྲོ་བའི་ལས་དབང་གཉིས་ཡིན་ལ། ཉེར་ལེན་གྱི་རྒྱུ་ནི་འཇིག་རྟེན་གཞན་དག་ཞིག་པའི་ཐལ་རྡུལ་ཕྲ་མོ་དག་ནམ་མཁའ་འདིར་རླུང་གིས་ཁྱེར་ནས་འོང་བ་ཡིན། སྣོད་ལ་བར་བསྐལ་གཅིག་དང༌། བཅུད་ལ་བར་བསྐལ་བཅུ་དགུ་སྟེ་འཇིག་རྟེན་རེ་རེའི་འཆགས་པའི་དུས་ཡུན་ནི་བར་བསྐལ་ཉི་ཤུ་རེ་དང༌། བར་བསྐལ་རེའི་ཡུན་ལ་མི་ལོ་དཀྲིགས་ཆུང་བརྒྱད་ལྷག་ཙམ་ཡོད་ཟེར་ལ། དཀྲིགས་ཆུང་ནི་གྲངས་གནས་བཅོ་བརྒྱད་པ་དེ་ཡིན། དེ་ནས་བར་གྱི་བསྐལ་པ་ཉི་ཤུའི་རིང་ལ་འཕེལ་འགྲིབ་སྤེལ་མའི་ངང་ནས་གནས་པའི་མཐར་འཇིག་པའི་འགོ་རྩོམ་ཞིང༌། འཇིག་པའི་ཚུལ་ལ་མེ་ཡིས་འཇིག་པ་དང༌། ཆུ་ཡིས་འཇིག་པ་དང༌། རླུང་གིས་འཇིག་པ་བཅས་རེས་ཀྱིས་འཁོར་བ་ལས། ད་རེས་ནི་མེས་འཇིག་དུས་ཡིན་ཞིང༌། འཇིག་རྟེན་འཇིག་པར་རྩོམ་པའི་ཚེ་ཉི་མའི་དཀྱིལ་འཁོར་འདི་ཉིད་ད་ལྟ་བས་བཞི་འགྱུར་གྱིས་ཚ་རུ་ཕྱིན་པའི་སྟེང་དུ། གང་ཞིག་ནས་ཡོང་མིན་ཆ་མི་འཚལ་བའི་ཉི་མ་གསར་པ་གཞན་དྲུག་བཅས་ཁྱོན་ཉི་མ་བདུན་དུས་གཅིག་ཏུ་ཤར་ནས་ས་གཞི་ཆེན་པོ་འདི་ཉིད་རྩ་སྐྱ་མེ་ནང་དུ་འཕངས་པ་ལྟར་གཞོབ་ཐུལ་དུ་བསྲེག་ཅིང༌། མཐར་ཚིག་པའི་ཐལ་བ་ཙམ་ཡང་ཤུལ་དུ་མི་ལུས་པས་ཅང་མེད་ཀྱི་ནམ་མཁའ་སྟོང་རྐྱང་ཞིག་ཏུ་འགྱུར་བར་འདོད། རྣམ་གཞག་དེ་ཐམས་ཅད་ཀྱང་འཇིག་རྟེན་ལས་འདས་པའི་སངས་རྒྱས་ཀྱི་སྤྱན་ཞེས་བྱ་བ་དེས་དེ་ལྟར་དུ་གཟིགས་པ་ཡིན་ཞེས་པ་ཙམ་ལས། གཞན་དེ་ལྟར་ཡིན་ངེས་པའི་འཐད་པ་བཙལ་ཏེ་སྨྲས་པ་ནི་ཅུང་ཟད་ཀྱང་མེད་དོ། །ཕྱིས་ཀྱི་གནམ་རིག་མཁས་པ་དག་གི་འདོད་པ་ལྟར་ན། སྤྱིར་འཇིག་རྟེན་ལ་མཐའ་ཡོད་མེད་གང་ཡང་མི་སྨྲ་སྟེ། ཐོག་མཐའ་ལ་དུས་ཀྱིས་བསྐལ་ཞིང་ཕ་མཐའ་ལ་ཡུལ་གྱིས་བསྐལ་པས་ཡོད་མེད་གང་ལ་ཡང་བློ་མི་འཇུག་པའི་ཕྱིར། ད་ལྟའི་གནམ་རིག་གི་ཤེས་ཚད་ལྟར་ན་མ་འོངས་པར་ཡང་ཐག་ཆོད་པའི་རེ་བ་མཐོང་གི་མེད། ཡིན་ནའང་གློ་བུར་དུ་བློ་ཡུལ་ལས་འདས་པའི་བློ་སྐྱེད་འདྲ་བྱུང་བ་ཡིན་ན་ནི་བརྗོད་ཚོད་མི་ཐིག་སྟེ། སྔོན་ཆད་འོད་ལས་མྱུར་བའི་དངོས་པོ་ཞིག་ཤེས་བྱ་ལ་མི་སྲིད་པར་འདོད་ཀྱང༌། ད་ལྟ་ཐོད་བརྒལ་གྱི་འགྲུལ་བཞུད་ལ་བརྟེན་ནས་འོད་ལོ་འབུམ་ཕྲག་མང་པོ་དུས་ཚོད་ཐུང་ངུ་རེའི་ནང་དུ་བགྲོད་ཐུབ་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད་པ་ལྟ་བུ་རེད། དེས་ན་འབྲི་གུང་གི་མཁས་པ་ར་སེ་དཀོན་མཆོག་རྒྱ་མཚོ་སོགས་ཀྱིས། སངས་རྒྱས་པས་འཇིག་རྟེན་མཐའ་མེད་དུ་བཤད་པ་དེ་དོན་ལ་གནས་པའི་ར་སྤྲོད་དེང་གི་གནམ་རིག་པས་བྱེད་ཀྱིན་ཡོད་ཅེས་གསུངས་འདུག་པ་ནི་མི་བདེན་པའི་གཏམ་དུ་ཤེས་པར་བྱའོ། །འཇིག་རྟེན་སྤྱི་ཡོངས་ལ་འཆགས་པའི་དུས་ཚོད་འདི་ཞེས་འཆད་དུ་མེད་ཀྱང༌། ད་ལྟ་མིག་དང་རྒྱང་ཤེལ་སོགས་ཀྱིས་མཐོང་ཐུབ་པའི་སྐར་ཚོགས་ཀྱི་ཆོལ་ཁ་འདི་ནི་ཆགས་ནས་མི་ལོ་ཐེར་འབུམ་བཅོ་ལྔ་ཙམ་ཞིག་སོང་ཡོད་པར་འདོད། དེ་ཡང་ཐོག་མར་སྟོང་ཆེན་གྱི་ཁམས་འདིར་ཐོགས་རེག་གི་དངོས་པོ་ཅི་ཡང་མེད་པར། གློག་གི་ནུས་ཁྱམས། ཁབ་ལེན་གྱི་ནུས་ཁྱམས། ལྗིད་ཀྱི་ནུས་ཁྱམས། ཚད་རྡུལ་ནུས་ཁྱམས་བཅས་ཤུགས་རིགས་མི་འདྲ་བ་བཞི་ཙམ་གྱི་ངོ་བོར་གནས་པ་ལ། གློ་བུར་དུ་རྒྱུ་མཚན་གང་ཡིན་ཆ་མ་འཚལ་བའི་འབར་གད་ཆེན་པོ་ཞིག་ཤོར་ཏེ་ཤུགས་རིགས་བཞི་པོ་སོ་སོར་གྱེས་ཤིང༌། དེ་དག་ཕན་ཚུན་ཁྱབ་འཕྲོའི་འདུས་སྦྱོར་ལས་ཤིན་ཏུ་ཕྲ་བའི་གཟུགས་ཅན་གྱི་གསོབ་རྡུལ་མང་པོ་གསར་དུ་གྲུབ། སྐབས་དེར་དྲོད་ཚད་ཧ་ཅང་མཐོ་བ་དེ་རིམ་གྱིས་མར་ཆགས་པ་དང་བསྟུན་ནས་ཕྲ་རྡུལ་མི་འདྲ་བ་དག་ཀྱང་ཕན་ཚུན་འདྲེས་སྦྱོར་བྱུང་སྟེ། རྒྱུ་རྡུལ། བར་རྡུལ། ཉིང་རྡུལ་སོགས་རིགས་དང་ནུས་པ་མི་འདྲ་བའི་རིལ་རྡུལ་མང་པོ་ཞིག་གསར་དུ་ཐོན། དེ་ལྟའི་ངང་ལ་མི་ལོ་དུང་ཕྱུར་གཉིས་ཙམ་འདས་རྗེས་ད་གཟོད་གདོད་མའི་སྐར་རྒྱུའི་སྤྲིན་ཕུང་ཆགས་ཤིང༌། མི་རིང་བར་ཆེས་ཐོག་མའི་བརྟན་སྐར་དག་ཀྱང་འཆགས་པའི་འགོ་བརྩམ་པ་ཡིན་ཟེར། འགས་གཏོར་ཆེན་མོའི་གཞུང་ལུགས་འདིའི་ཁུངས་ནི་ཨ་རིའི་གནམ་རིག་མཁས་པ་ཧ་བོས་ཤིན་ཏུ་ལེགས་པའི་རྒྱང་ཤེལ་སྤྱད་ནས་རྟོག་ཞིབ་བྱས་པའི་གྲུབ་འབྲས་དེ་ཡིན། ཁོང་གིས་རྒྱང་ཤེལ་བརྒྱུད་ནས་ལྟ་སྐབས་སྐར་ཚོགས་ཡོད་ཚད་ཕན་ཚུན་བར་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་པ་དང༌། དེ་ཡང་རྒྱང་ཐག་ཇི་ཙམ་རིང་བ་དེ་ཙམ་གྱིས་གྱེས་ཤུགས་ཀྱང་ཆེ་བར་འདུག་ཟེར། ད་ལྟ་ང་ཚོས་མཐོང་ཐུབ་པའི་འོད་ལོ་དུང་ཕྱུར་ཕར་ནང་གི་སྐར་འོད་དེ་དོན་དུ་མི་ལོ་དུང་ཕྱུར་ཡར་སྔོན་གྱི་སྐར་འོད་ཡིན་དགོས་པས། མི་ལོ་དུང་ཕྱུར་གཅིག་གི་ཡར་སྔོན་དུ་སྐར་མ་འདི་དག་ཕན་ཚུན་གྱི་བར་ཐག་ད་ལྟ་ལས་ཉེ་བ་དང༌། དེ་དུས་སྐར་མ་ཕན་ཚུན་གྱི་གྱེས་ཤུགས་ཀྱང་ད་ལྟ་ལས་ཆེ་བ་ཞིག་ཡིན་པར་གོང་གི་རྒྱང་ཤེལ་གྱི་མཐོང་ཚུལ་དེས་ར་སྤྲོད་བྱས་ཡོད་པ་རེད། ད་ལྟ་འོད་ལོ་ཐེར་འབུམ་བཅུ་གཉིས་ཀྱི་སྐར་འོད་མཐོང་ཐུབ་པའི་རྒྱང་ཤེལ་བཟོས་ཡོད་ལ། ད་ལོ་ཉིས་སྟོང་བདུན་ལོར་ཨ་མེ་རི་ཀའི་ཁེ་ལི་ཁོ་ཉི་ཡའི་མངའ་སྡེའི་རང་བྱུང་ཚན་རིག་ཞིབ་འཇུག་ཁང་གིས་འོད་ལོ་ཐེར་འབུམ་བཅུ་གསུམ་མཐོང་ཐུབ་པའི་རྒྱང་ཤེལ་བཟོས་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག །གལ་སྲིད་འོད་ལོ་ཐེར་འབུམ་བཅོ་ལྔ་ཕན་གྱི་སྐར་འོད་མཐོང་ཐུབ་པའི་རྒྱང་ཤེལ་ཞིག་བཟོ་ཐུབ་པའི་དབང་དུ་བཏང་ན། འཇིག་རྟེན་ཁམས་འདི་ཐོག་མར་ཇི་ལྟར་ཆགས་པ་དང༌། འགས་གཏོར་ཆེན་མོ་དེ་ཇི་ལྟར་བྱུང་བའི་ཚུལ་བཅས་མངོན་སུམ་དུ་མཐོང་ཐུབ་པའི་རེ་བ་ཡོད་པ་ཡིན་འདུག །ད་དུང་དངོས་ལུགས་རིག་པའི་གཏན་སྲོལ་གྱི་སྟེང་ནས་ཀྱང་འཇིག་རྟེན་འདིའི་ཡབ་མེས་ནི་འགས་གཏོར་ཆེན་མོ་དེ་ཡིན་དགོས་པའི་གནས་ལུགས་འཆད་རྒྱུ་ཡོད་འདུག་མོད་ང་ཚོས་རེ་ཞིག་གོ་དཀའ་བར་སྣང༌། ཉི་མའི་ཁྱིམ་རྒྱུད་འདི་ཆགས་ནས་མི་ལོ་ཐེར་འབུམ་ལྔ་ཙམ་དང༌། ས་ཡི་གོ་ལ་ཆགས་ནས་མི་ལོ་ཐེར་འབུམ་ཕྱེད་ལྔ་ཙམ་སོང་ཡོད། མ་འོངས་པ་ན་མི་ལོ་ཐེར་འབུམ་ལྔ་ཙམ་གྱི་རྗེས་སུ་ཉི་མའི་འབར་རྫས་ཆིང་དང་ཧེལ་ཕལ་ཆེར་ཟད་ནས་དྲོད་ཚད་ཆུང་དུ་ཕྱིན་པ་དང་ཕྱོགས་མཚུངས། སྤུས་ཚད་ཀྱང་ཇེ་ཞན་དུ་གྱུར་པའི་དབང་གིས་དམ་ཚགས་ཤོར་ཏེ་ཉི་མའི་བོངས་ཚད་ད་ལྟ་ལས་ལྡབ་བརྒྱ་ཙམ་ཞིག་ཇེ་ཆེར་འགྱུར། སྐབས་དེར་ས་ཡི་གོ་ལ་སོགས་ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་ཕལ་མོ་ཆེ་ཡང་ཁབ་ལེན་གྱི་རི་བོར་ལྕགས་ཕྱེ་འབྱར་བ་བཞིན་དུ་ཉི་མའི་ངོས་སུ་ལེན་པར་འགྱུར་ལ། དེ་ནས་སླར་ཡང་མི་ལོ་དུང་ཕྱུར་འགའ་ཞིག་སོང་རྗེས་ཉི་མའི་འབར་རྫས་ཡོངས་རྫོགས་ཟད་དེ་ཁྱིམ་རྒྱུད་ཧྲིལ་པོ་འདི་མུན་པ་མུན་ནག་འབའ་ཞིག་ཏུ་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །ཚན་རིག་པའི་བཤད་སྲོལ་འདི་དག་གི་ཁྲོད་ནས་འགའ་ཞིག་ཚོད་དཔག་ཙམ་ལས་ཁྱབ་མཐའ་ཆོད་པ་རང་མིན་ཡང༌། གཞི་འཛིན་ས་ངེས་ཅན་རེ་ཡོད་པ་མ་གཏོགས་རང་གར་སེམས་ལ་གང་དྲན་ཁ་ནས་ཕུད་བཞག་པ་ཞིག་ཀྱང་མིན། དེས་ན་སྐབས་རེར་ཚན་རིག་པ་ཚོས་ཤེས་པ་ལས་ཀྱང་ཆོས་ལུགས་པ་ཚོས་བཤད་པ་དག་ཞིབ་ཆ་ཆེ་ལ། གསལ་ཁ་དོད་པ་ལྟ་བུ་རེ་ཡང་སྣང་མོད། རྫུན་མའི་གཏམ་ལ་ཁུངས་ལུང་མང༌། ཞེས་པ་ལྟར་ཡིན་པས་ཡ་མཚན་དང་ཡིད་སྨོན་སྐྱེ་དགོས་དོན་མེད་དེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། མུ་སྟེགས་པའི་ལུགས་ཀྱི་ཞིང་ཁམས་དེ་ཚོར་ཁང་པ་ཆེ་ཆུང་ཇི་ཙམ་ཡོད་པ་དང༌། ཁང་པ་རེ་རེའི་ནང་དུ་ཀ་བ་དུ་རེ་བསླངས་ཡོད་པ་དང༌། ཀ་བ་རེ་རེ་ལ་རིང་ཐུང་དང་ཕྲ་སྦོམ་ཇི་ཙམ་ཡོད་པ་སོགས་རྣམ་གཞག་ཕྲ་མོ་ཚུན་ཆད་ཤིན་ཏུ་གསལ་ལ་ཚང་བར་བཤད་དེ་བླུན་པོ་ཚོའི་ཡིད་དབང་ཡོངས་སུ་འཕྲོག་འགྲོ་བ་ཞིག་བཟོས་བཞག་ཡོད། ཅེས་གསུངས་པ་ལྟ་བུ་ལས་མ་འདས་སོ། ། འཇིག་རྟེན་འདིའི་དབྱིབས་ཀྱི་ཕྱོགས་ལ་མངོན་པ་བས། ས་གཞི་ལེབ་ཆེན་ཞིག་གི་དབུས་ནས་རི་ཆེན་གྲུ་བཞི་ཞིག་ཡར་ལ་འབུར་ནས་ཡོད་པར་འདོད་པ་སྟེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། འཇིག་རྟེན་ལེབ་ལེབ་ཅེས་གསུངས་པ་དེ་ཡིན། སྤྱིར་ས་གཞི་ལེབ་ལེབ་ཡིན་སྙམ་པ་ནི་ང་ཚོ་ས་སྟེང་དུ་སྡོད་པའི་མི་ཀུན་གྱི་བློ་ངོར་མ་བརྟགས་ཉམས་དགའི་སྣང་ཚུལ་དེ་རང་ཡིན་པས་གོ་བ་ལེན་མི་ཐུབ་པ་ཞིག་མིན། འོན་ཀྱང་དེའི་དཀྱིལ་དུ་རི་བོ་མཆོག་རབ་ཅེས་པའི་རི་ཆེན་ཞིག་ཡོད་པར་འདོད་པ་འདི་ནི་མཁས་ཁྱད་ཀྱི་བློས་བཏགས་བྱས་པ་མཚང་དུ་སོང་བ་ཞིག་སྟེ། དོ་དགོང་མུན་རུབ་པ་ནས་བཟུང་སང་ཉིན་ནམ་མ་ལངས་ཀྱི་བར་དུ་ཉི་མའི་འོད་སྣང་རྟ་རྔ་ཙམ་ཡང་རིག་རྒྱུ་མེད་པ་འདི་རི་ཆེན་ཞིག་གིས་བསྒྲིབ་པ་ལོས་ཡིན་སྙམ་པའི་རྨོངས་ཚོད་བྱས་པ་ཙམ་ལས་གཞན་ཁུངས་དང་རྒྱུ་མཚན་ཅི་ཡང་མེད། ལུགས་འདིས་ས་གཞི་ཁོ་ན་མ་ཟད་ཉི་ཟླ་སྐར་མའི་འཇིག་རྟེན་ཡོད་ཚད་ཀྱང་ལེབ་ལེབ་སླ་ང་ལྟ་བུ་རེ་འདོད་ཀྱིན་ཡོད། ཚུལ་འདི་ནི་ནུབ་ཕྱོགས་ས་ལྟེ་སྨྲ་བ་ལས་ཀྱང་རིམ་པ་གཅིག་རྗེས་སུ་ལུས་ཡོད་སྟབས། ལུགས་འདིའི་བག་ཆགས་ཟབ་པའི་རང་རེའི་དགེ་བཤེས་ས་གྲགས་གནམ་གྲགས་རྣམ་པས་དུས་ད་ལྟ་ཡང༌། རི་བོ་མཆོག་རབ་དེ་ང་ཚོས་མཐོང་མི་ཐུབ་པ་མ་གཏོགས་ག་ཤེད་ཅིག་ཏུ་ཡོད་ངེས་རེད་ཅེས་ཨུ་ཚུགས་ཁོ་ན་གནང་བ་དང༌། ས་གཞི་ལེབ་ལེབ་མིན་པར་ཟླུམ་པོ་ཡིན་ན་ཆུ་བོ་གྱེན་དུ་འབབ་པར་ཁས་ལེན་དགོས་ཞེས་དང༌། ས་ལྒང་ནུབ་ནས་ཤར་དུ་འཁོར་འགྲོ་བཞིན་ཡོད་ན་ནུབ་སྐྱོད་གནམ་གྲུ་ནུབ་ཏུ་འཕུར་མི་དགོས་པར་ལྡིང་༡སྐོར་རྒྱག་སྟེ་བསྡད་ན་ཡང་ནུབ་ཕྱོགས་སུ་སླེབ་འགྲོ་བར་ཐལ་བ་དང༌། ཤར་སྐྱོད་གནམ་གྲུ་ཤར་ཕྱོགས་སུ་ཇི་ཙམ་འཕུར་ཡང་ཤར་ཁའི་འབབ་ཚིགས་སུ་བསླེབ་རྒྱུ་མེད་པར་ཁས་ལེན་དགོས། ཞེས་སོགས་རིགས་སྐམ་ལྟར་སྣང་རེས་ཁ་ཕྲལ་འཇལ་ནས་དངོས་ཡོད་ལ་བསྙོན་འདིང་བཞིན་བཞུགས་དགོས་བྱུང་བ་རེད། འཇིག་རྟེན་རིལ་རིལ་ཡིན་པ་དང༌། ས་ལྒང་འཁོར་བཞིན་ཡོད་ཅེས་པ་འདི་རྩོད་ར་གོར་གོར་ཞིག་ཏུ་དཀྱིལ་ཀྲུང་གྲུ་བཞི་ཞིག་བཅས་ཏེ་བཞུགས་མཁན་གྱི་དམ་བཅའ་པ་ཞིག་དང༌། དེའི་དྲུང་དུ་ཐལ་མོ་དྲག་ཏུ་བརྡེབ་བཞིན་ཡར་རྒྱུག་མར་རྒྱུག་གནང་མཁན་གྱི་རྟགས་གསལ་པ་ཞིག་དང་བཅས་མི་གཉིས་ཁ་ཤགས་བཀྱེས་པའི་གྲུབ་དོན་ཙམ་ཞིག་མིན། མཚོ་འགྲུལ་པ་ཚོས་ཕྱོགས་སྟོན་འཁོར་ལོ་ལ་བརྟེན་ནས་དངོས་སུ་བསྐོར་བ་བརྒྱབ། མཁའ་སྐྱོད་པ་ཚོས་བར་སྣང་ཁམས་ནས་མིག་གིས་བལྟས། མཐོང་བའི་དོན་དག་པར་དང་བརྙན་འཕྲིན་བརྒྱུད་ནས་འཛམ་གླིང་གི་མི་ཡོངས་རྫོགས་ལ་ལྟད་མོ་བསྟན། དེས་མི་ཚད་བཅོས་མའི་སྐར་མ་དག་གིས་ས་ལྒང་ཧྲིལ་པོ་བསྐོར་བ་བརྒྱ་ཕྲག་དུ་མ་བརྒྱབ་སྟེ། དཔག་ཚད་རྒྱང་གྲག་ཚུན་ཆད་ཚད་ལེན་ཐིག་འདེབས་བྱས་པ་སོགས་བསླུ་མེད་མངོན་སུམ་གྱི་ཉམས་མྱོང་ཤ་སྟག་ཡིན་པས་དེ་ལ་རིགས་པ་སྐམ་པོས་ཅི་ཞིག་བྱར་ཡོད། གྱེན་དང་ཐུར་གྱི་རྣམ་གཞག་ནི་ས་སྟེང་གི་འབར་འབུར་གཤང་གཤོང་ཚོའི་བར་དུ་ས་སྙིང་གི་འཐེན་ཤུགས་ཕྲན་བུ་མི་འདྲ་བས་བཞག་པ་ཙམ་ལས། ས་ལྒང་གི་རྒྱབ་མདུན་བར་ན་གྱེན་ཐུར་གྱི་དབྱེ་བ་ཕྱེ་རྒྱུ་མེད། ཆུ་བོ་གྱེན་དུ་མི་འབབ་པ་ཡང་ས་སྙིང་གི་འཐེན་ཤུགས་ཀྱིས་ཡིན། ས་སྙིང་དེའང་ང་ཚོས་འདོད་པའི་དབང་ཆེན་གསེར་གྱི་ས་གཞི་ལྟར་ས་འོག་ཏུ་མེད་པར་ས་དཀྱིལ་རང་དུ་ཡོད། ས་ལྒང་ཤར་དུ་འཁོར་བ་ནི་སྤྱི་འགྲོས་དང༌། གནམ་གྲུ་ནུབ་ཏུ་འཕུར་བ་ནི་རང་འགྲོས་ཡིན། གནམ་གྲུ་ས་ལ་མ་ཐུག་པ་ཙམ་གྱིས་ས་ལྒང་གི་འཁོར་ཤུགས་ལས་ཐར་མི་ཐུབ། རྗེ་ཤེས་རབ་རྒྱ་མཚོས། སྒོ་ངའི་དཀྱིལ་ནས་ནམ་མཁའི་ལོ་རྒྱུས་སྨྲ། ཞེས་གསུངས་པ་དེ་ཁྱེད་རྣམ་པའི་རིགས་པ་འདི་འདྲ་ལ་དགོངས་པ་ཡིན། མཁས་དབང་དགེ་ཆོས་ཀྱིས། རང་རེའི་མི་རིགས་འདི་རྩད་གཅོད་པ་ལས་དགག་པ་རྒྱག་རྒྱུར་དགའ། ཞེས་གསུངས་པ་དེ་ཡང་འདི་འདྲའི་རིགས་ལ་དགོངས་ཏེ་གསུངས་པ་རེད། ཨི་ཊ་ལི་ནས་ཡིན་པའི་བོད་རིག་པའི་མཁས་དབང་ཏུའུ་ཆིས། བོད་ཀྱི་མཁས་པ་ཚོས་ས་གཞི་བྱ་སྒོང་ལྟར་ཁས་མི་ལེན་པར་སྡེར་མ་ཁ་སྦུབས་པ་ལྟར་སྐོར་ལོག་ཅིག་འཆད་བཞིན་འདུག་པ་དེ་བདེན་ཤས་ཆེ། ང་ཚོས་ལྟ་བ་འདི་མུ་མཐུད་བསྒྱུར་དགོས་པར་འདུག །མཐར་ཐུག་བོད་བརྒྱུད་ནང་བསྟན་ནས་བཤད་པ་དེ་ཁོ་ན་དོན་ལ་གནས་པའི་དུས་ཤིག་འོང༌། ཞེས་གསུངས་ཡོད་ཅེས་ས་ལྡིང་༢གནམ་ལྡིང་༣བྱེད་ཀྱིན་འདུག་མོད། མཐོང་བ་མངོན་སུམ་གྱི་དོན་ལ་ཏུའུ་ཆིས་མ་འོངས་ལུང་བསྟན་རྒྱག་ག་ལ་དགོས། ད་ལྟའི་མིག་ཡོད་ཚད་འཁྲུལ་སོང་ན་མ་འོངས་པར་མ་འཁྲུལ་བའི་མིག་ཞིག་གང་ནས་རྙེད། རྙེད་ཀྱང་དེ་ལ་སྐྱེ་བོ་སུ་ཞིག་གིས་ཡིད་ཆེས་བྱེད་ཐུབ། དེས་ན་མཁས་དབང་ཏུའུ་ཆིའི་བཀའ་མོལ་དེ་ནི་ང་ཚོ་ལ་རེ་ཞིག་གུ་ཡངས་བཏང་བ་ཙམ་ལས་གཞན་ཅི་ཡང་མིན། ཁོ་ཚོ་ནུབ་ཕྱོགས་པ་དག་གི་ལུགས་ལ་ལག་ལེན་ནི་གནས་སྟངས་གཞན་ཞིག་རེད་མ་གཏོགས། བསམ་བློ་དང་སྨྲ་བརྗོད་ཀྱི་སྐབས་སུ་བདེན་རྫུན་གང་ཡིན་ལ་མ་ལྟོས་པར་ལྟ་བ་དང༌། གྲུབ་མཐའ་གང་འདྲ་ཞིག་ཡིན་རུང་མཉམ་གནས་བྱེད་ཆོག་ཅིང༌། ལྟ་ཚུལ་སྣ་ཚོགས་ཕན་ཚུན་གཙུབ་ཅིང་བརྡར་བ་ལས་ད་གཟོད་བསམ་བློ་གསར་པའི་ཚ་རླབས་འཕྲོ་ཐུབ་པའི་ཕྱིར་ན། ལྟ་གྲུབ་གང་འདྲ་ཞིག་ཡིན་རུང་ཡོད་ཆོག་པ་ཞིག་ཡིན་པར་མ་ཟད་ཡོད་དགོས་པ་ཞིག་ཀྱང་ཡིན་པར་འདོད་པ་ལས། ང་ཚོའི་བསམ་པ་ལྟར་མི་སེམས་ཡོད་ཚད་ལ་སྐྱོན་གྱིས་མ་གོས་པའི་ལྟ་གྲུབ་གཅིག་ཁོ་ནས་ཁྱབ་ཐུབ་དགོས་པ་དང༌། རང་གི་དགོངས་པ་དང་མི་མཐུན་པའི་ལྟ་ལོག་ཡོད་ཚད་ཚར་བཅད་དེ་བསྣུབ་དགོས་པའི་བསམ་བློ་དེ་འདྲ་རྩ་བ་ནས་མེད། དེའི་དབང་གིས་མཁས་དབང་ཏུའུ་ཆིས། སངས་རྒྱས་པའི་ལྟ་གྲུབ་ལ་ཡུལ་དུས་ལ་དཔགས་པའི་རྩི་འཇོག་དང་གུས་བཀུར་གནང་བ་ཡིན་ཚོད་རེད། དེ་མ་གཏོགས་ཏུའུ་ཆི་ཁོང་ལོ་རྒྱུས་ཁས་མི་ལེན་ཞིང་མངོན་སུམ་ལ་བསྙོན་འདིང་བའི་དམུན་པོ་མུ་ཐོ་ལུམ་དེ་འདྲ་ཡིན་རྒྱུ་མ་རེད་སྙམ། དཔེར་ན་ཨ་མེ་རི་ཀའི་དངོས་ཁམས་རབ་འབྱམས་པ་ཧྥེ་མེན་ཟེར་བས། དོན་དངོས་ཐོག་ཏུ་ཚན་རིག་གིས་ལྷ་མེད་པར་སྒྲུབ་མི་ནུས། ཚན་རིག་གིས་ལྷ་མེད་པར་མི་འགྲུབ་པ་འདི་ངེད་ཀྱི་བློ་ལ་ངེས་པར་དུ་འབབ་པ་ཡིན། ཞེས་བཤད་ཡོད་པ་དེ་ལའང་གོ་བ་ཁྱད་པར་བ་ཞིག་ཡོད་པ་ལས། ཉིན་དྲུག་གི་རིང་ལ་འཇིག་རྟེན་ཡོངས་རྫོགས་རྫ་མཁན་གྱི་རྫ་མ་ལྟར་གསར་དུ་བཟོས་ནས། ཉིན་བདུན་པར་ངལ་གསོ་རྒྱག་མཁན་གྱི་ལྷ་དེ་འདྲ་ཚན་རིག་གིས་མེད་པར་མི་འགྲུབ་ཟེར་བ་མིན་པ་ལྟར་རེད། གལ་ཏེ་ཡིན་ན་ས་ཁམས་ཆགས་རིམ་དང༌། སྐྱེ་དངོས་འཕེལ་འགྱུར་སོགས་ཚན་རིག་གི་གྲུབ་དོན་ཆེས་མང་པོ་ཞིག་རབ་འབྱམས་པ་ཧྥེ་མན་གྱི་བློ་ལ་མི་འབབ་པར་ཁས་ལེན་དགོས་སོ། །ཉེ་དུས་ཀྱི་མཁས་པ་ཆེན་པོ་ཚེ་ཏན་ཞབས་དྲུང་དམ་པ་དེས། མདོ་དྲན་པ་ཉེར་བཞག་ལས། འཇིག་རྟེན་འདིའི་དབྱིབས་མངོན་པ་ནས་བཤད་པ་ལྟར་མིན་པར་དེང་སང་གི་བཤད་ལུགས་བཞིན་ས་གཞི་རིལ་ལི་མ་བྱ་སྒོང་ལྟ་བུ་ཞིག་ཀྱང་བཤད་ཡོད་དེ། རྒྱ་མཚོའི་མཐའ་ལ་ཉི་འོད་མི་ཕོག་པར་མུན་པ་མུན་ནག་ཡིན་པར་བཤད་པ་འདི་ལ་བསམ་བློ་གཏོང་རྒྱུ་ཡོད་ཅེས་གསུངས་ཡོད་སྐད་འདུག །རྒྱ་མཚོའི་མཐའ་ལ་ཉི་འོད་མི་ཕོག་པར་བཤད་པས་ས་གཞི་རིལ་ལི་མར་བཤད་པའི་གོ་ཆོད་ན། མངོན་པ་ནས་ཀྱང་ས་གཞི་རིལ་ལི་མར་བཤད་ཡོད་དེ། ཁོར་ཡུག་རི་བོའི་ཕྱི་འགྲམ་དང༌། གླིང་བར་གྱི་རྒྱ་མཚོ་ཉི་འོད་མེད་པའི་མུན་ནག་ཏུ་བཤད་པས་སོ། །མདོ་དྲན་པ་ཉེར་བཞག་པོད་བཞི་པོ་དེ་ཁོ་བོས་སྔོན་ཆད་ཐེངས་འགར་ཀློག་མྱོང་ཡོད་མོད། དེར་ཉི་ཟླ་གཟའ་སྐར་ཡོད་ཚད་ནི་རྒྱལ་ཆེན་རིས་བཞིའི་ལྷ་ཡི་ཁང་བཟང་ཡིན་ཚུལ་དང༌། ཉི་ཟླ་གཟའ་འཛིན་ནི་ལྷ་མིན་དགྲ་གཅན་གྱི་ལག་པས་བསྒྲིབ་པ་ཡིན་ཚུལ་དང༌། ས་འགུལ་ནི་ཀླུ་བདུད་གདུག་པ་ཅན་དག་གིས་མི་ལ་ཞེ་ནག་བྱས་ཏེ་ས་འོག་གི་ཆུ་དཀྲུག་པའི་རྐྱེན་གྱིས་ཡིན་ཚུལ་དང༌། ལོ་ཉེས་དང་སད་སེར་ཤྭ་འོད་སོགས་ནི་མི་ལ་ཀླུ་ཡིས་ཆད་པ་བཅད་པ་ཡིན་ཚུལ་དང༌། བྱང་གི་སྐར་མ་བརྟན་པ་ནི་རླུང་འཚུབ་ཅིག་གིས་བཀག་བཀྱིལ་བྱས་ཏེ་གང་དུ་ཡང་འགྲོར་མི་སྟེར་བ་ཡིན་ཚུལ་དང༌། སྐར་མདའ་ནི་ལྷ་ཡུལ་ནས་ཀླུ་ཡུལ་ལ་བཏང་བའི་ཕོ་ཉ་ལྷ་ཕྲུག་ཚོའི་ལུས་ཀྱི་འོད་ཡིན་ཚུལ་དང༌། སྐར་མ་མཇུག་རིང་ནི་གནོད་སྦྱིན་ནག་པོའི་ཁ་རླངས་ཡིན་ཚུལ་དང༌། འཛམ་བུའི་གླིང་གི་ས་ཆ་ག་གེ་མོར་ཚེ་ཉི་མ་གཅིག་རེ་ལས་མེད་པའི་མི་རིགས་དང༌། རྣ་བ་གོས་སུ་གྱོན་པའི་མི་རིགས། ལུས་པོ་བུད་མེད་དང་གདོང་པ་ཁྱི་ཡིན་པའི་མི་རིགས། བྱ་རྡོ་རྗེའི་མཆུ་ཅན། ཉ་རྟ་ཡི་གདོང་པ་ཅན། སེང་གེ་གཤོག་པ་ཅན། གཅན་གཟན་ནམ་མཁར་འཕུར་ནས་འགྲོ་མཁན་དང༌། ས་ལ་ཐིམ་ནས་འགྲོ་མཁན་དེ་འདྲ་ཡོད་ཚུལ་སོགས་ཡ་མཚན་ཅན་དག་དག་བཤད་འདུག་པ་མ་གཏོགས། ས་གཞི་བྱ་སྒོང་ལྟར་རིལ་ལི་མ་ཡིན་ཞེས་པའི་ཚིག་ཟུར་གཅིག་ཀྱང་ཡོད་པ་མི་དྲན་ནོ། །ཨ་ལགས་ཞབས་དྲུང་ཚང་ཁོང་ང་ཚོའི་སྲོལ་རྒྱུན་རིག་གཞུང་ལ་མཁས་པ་ཆེན་པོ་ཞིག་ནི་དངོས་གནས་ཡིན་མོད། ཕྱོགས་ཞེན་ཆེ་དྲག་པའི་དབང་གིས་སྐབས་རེར་ཁོང་གི་སྤྱན་གཉིས་ཀ་ནག་ཐོམ་མེར་ལོངས་འགྲོ་ཡི་ཡོད། དཔེར་ན་རྗེ་ཙོང་ཁ་པའི་ལེགས་བཤད་གསེར་ཕྲེང་དུ་ཕྱག་འཚལ་བ་ལ་རྣམ་དབྱེ་བཞི་པ་འཇུག་པར་གསུངས་པ་དེ་ཁོ་ནར་ཞེན་ཕྱོགས་མཛད་དེ། སུམ་རྟགས་ཀྱི་མཆོད་བརྗོད་གང་ལ་ཡོན་ཏན་མཆོག་མངའ་བའི། ཞེས་པའི་ལ་དོན་དེ་ཉིད་རྣམ་དབྱེ་བཞི་པ་རུ་ནན་གྱིས་བཀྲལ་ཞིང༌། དེ་ལ་དགོས་ཆེད་ཀྱི་གོ་དོན་འཆད་རྒྱུ་མ་རྙེད་པར་འུ་ཐུག་པའི་ཚེ། རྒྱུ་སྐྱབས་དང་འབྲས་སྐྱབས་ཀྱི་རྣམ་གཞག་འདི་ལ་གོ་བ་ཆེན་པོ་ཞིག་ཡོད་པར་སྣང་ངོ༌། ཞེས་སྒམ་ཚིག་དཔེ་མེད་པ་ཞིག་གསུངས་ཏེ་བཞག་ཡོད་པ་ལྟ་བུ་རེད། སྤྱིར་རྒྱུ་སྐྱབས་དང་འབྲས་སྐྱབས་ཀྱི་རྣམ་གཞག་དེ་ལ་གོ་བ་ཆེན་པོ་ཞིག་ཡོད་ཤས་ཆེ་ཡང༌། སྐབས་དེའི་ཕྱག་གི་ཡུལ་དེ་རྒྱུའི་སྐྱབས་གནས་མིན་པར་འབྲས་བུའི་སྐྱབས་གནས་ཡིན་ཟེར་སྲོལ་ག་ལ་ཡོད་དེ། སུམ་རྟགས་རྩོམ་པ་ལ་བར་ཆད་མེད་ཅིང་བརྩམ་པ་མཐར་ཕྱིན་པ་སོགས་ཀྱི་ཆེད་དུ་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་དགོས་པའི་ཕྱིར། སྐབས་དེར་རྩོམ་པོའི་ཐུགས་རྒྱུད་དུ་དེ་འདྲའི་དགོས་དོན་སྒྲུབ་ནུས་ཀྱི་དཀོན་མཆོག་ཅིག་མེད་དགོས་པའི་ཕྱིར་རོ། །ངོ་མ་སྐབས་འདིར་འབྲས་སྐྱབས་ལ་སྐྱབས་བཅོལ་བ་ནི་འུ་ཐུག་ཐག་ཆོད་པ་ཡིན་ཞིང༌། ཁོང་གི་གསུང་རྩོམ་ནང་དུ་འདི་འདྲའི་ཞེན་ལྟ་མཁྲེགས་འཛིན་གནང་བ་ཁ་ཅིག་ཡོད་མོད་སྐབས་དོན་མིན་པས་བཞག །༡ལ་ད་བཏགས་གི་གུ་ང་བཞག །༢ལ་ད་བཏགས་གི་གུ་ང་བཞག །༣ལ་ད་བཏགས་གི་གུ་ང་བཞག ། ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས། ཤར་ལུས་འཕགས་པོ་རྒྱ་ནག །ལྷོ་འཛམ་བུའི་གླིང་རྒྱ་གར། ནུབ་བ་ལང་སྤྱོད་ཨོ་སི་ཁྲུ་ལི་ཡ། བྱང་སྒྲ་མི་སྙན་ཨ་རི་བཅས་ཡིན་རྒྱུར་བྱས་ནས་རྒྱ་ནག་གི་གནམ་སྐྱ་བོ་དང༌། ཨ་རིའི་གནམ་སེར་པོ་ཡིན་མིན་སོགས་ཀྱི་དོགས་པ་འགའ་བཀོད་འདུག་པ་ནི་ཅི་བཤད་འདི་བཤད་མེད་པའི་ངག་ཀྱལ་གྱི་སྐད་ཆ་སྟེ། དེ་ལྟར་འདོད་ཕྱིན་ཆད་མངོན་པའི་བཤད་སྟངས་དེ་བསྐྱུར་དགོས་པས་སོ། །གཞན་དུ་ན་རི་བོ་མཆོག་རབ་ཇོ་མོ་གླང་མ་བྱ་རྒྱུ་ཡིན་ནམ། དེ་ལྟར་ན་བོད་ཀྱི་གནམ་སེར་པོ་རེད་འདུག་གམ་ལྟོས་དང་ཨ་རི་ལ་འགྲོ་ཅི་དགོས། ཀྱེ་མ་རང་རེའི་མཁས་པའི་མིང་འཛིན་འདི་ཚོས་འདི་ལྟར་རྩེད་རྡོ་བསྒྲིགས་ནས་ཉི་མ་གཏོང་བཞིན་འདུག །བླ་རུང་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས། ད་ལྟ་ང་ཚོ་ལ་ནི་ས་གཞི་ཟླུམ་པོར་སྣང་བ་བདེན་མོད། མི་ཁ་ཅིག་གི་མིག་ངོར་ད་དུང་ལེབ་ལེབ་དངོས་སུ་སྣང་བཞིན་ཡོད། དེས་ན་མཐའ་གཅིག་ཏུ་ལེབ་ལེབ་དང་ཟླུམ་པོ་གང་རུང་གཅིག་ཏུ་ཐག་མི་ཆོད་ཅེས་གསུངས། ད་དུང་ཡང་མི་ཁ་ཅིག་ལ་འཇིག་རྟེན་འདི་ཟླུམ་པོར་སྣང་བཞིན་ཡོད་པ་ཁྱེད་ཀྱིས་གཟིགས་པ་ཡིན་ནམ་གསན་པ་ཡིན། འཇིག་རྟེན་འདི་ལེབ་ཟླུམ་གང་རུང་མཐའ་གཅིག་ཏུ་ཐག་མ་ཆོད་ན་ཁྱེད་རང་གི་དབུ་ལ་རྭ་ཡོད་མེད་མཐའ་གཅིག་ཏུ་ཐག་ཨེ་ཆོད། ད་ལྟའི་མི་ཚོས་འཇིག་རྟེན་འདིར་རྒྱུས་ལོན་བྱས་པའི་ཚད་དེ་ཁྱེད་རང་ཁྱེད་རང་གི་དབུ་ལ་རྒྱུས་ལོན་བྱས་པའི་ཚད་ལས་མ་མང་ན་མི་ཉུང་བའི་ཚོད་ལགས། མདོ་ལས་ས་ལ་སར་འདུ་ཤེས་པའང་ཡོད། ཆུ་ལ་སར་འདུ་ཤེས་པའང་ཡོད། ནམ་མཁའ་ལ་སར་འདུ་ཤེས་པའང་ཡོད། དེ་བས་ན་ངེས་པ་མེད་པའི་ཕྱིར་གང་ལྟར་ཡང་སྣང་བ་ཡིན་ནོ། །ཞེས་པའི་ལུང་འདི་ཙམ་ལ་བརྟེན་ནས་འཇིག་རྟེན་ལེབ་ཟླུམ་གང་ཡང་ཐག་མ་ཆོད་པ་ཨེ་ཡིན། འོ་ན་ས་ཆུ་མེ་རླུང་ཐམས་ཅད་ཕར་ཡིན་ཚུར་ཡིན་གྱི་ཁྲ་ལེབ་བམ། ཡང་ན་ཐམས་ཅད་ཕར་མིན་ཚུར་མིན་གྱི་ནག་ལེབ་ཡུག་གཅིག་ཏུ་སོང་འདུག་པས་དེ་མིན་འདི་ཡིན་གྱི་རྣམ་གཞག་མི་དགོས་པར་འདུག་གོ །ཚད་མའི་མཐར་ཐུག་མངོན་སུམ་ལ་ཐུག་ཀྱང་ཡིད་རྟོན་མེད་ན་དོན་སྤྱིས་དཔོག་པའི་རྗེས་དཔག་ཡིན་རྒྱུར་དེ་ཚོར་དེ་བས་ཀྱང་ཡིད་རྟོན་ཕེར་དཀའ། ར་སེ་དཀོན་མཆོག་རྒྱ་མཚོ་ལགས་ཀྱིས། སྟོན་པའི་གསུང་རབ་ཕྱི་མ་རྣམས་སུ་བྲམ་ཟེའི་ལུགས་ལྟར་ས་གཞི་ལེབ་མོར་གསུངས་ཀྱང༌། དུས་འཁོར་སོགས་གསུང་རབ་ནང་མ་རྣམས་སུ་ས་གཞི་ཟླུམ་པོར་བཤད་ཡོད། ཅེས་གསུངས་འདུག་པ་ནི་རྫུན་ཚིག་ནམ་མཁར་མི་ཤོང་བ་ཞིག་སྟེ། དུས་འཁོར་ལས། འོག་ནས་རིམ་བཞིན་རླུང་དཀྱིལ་དཔག་ཚད་བཞི་འབུམ། མེ་དཀྱིལ་སུམ་འབུམ། ཆུ་དཀྱིལ་ཉིས་འབུམ། ས་དཀྱིལ་ཆིག་འབུམ། དེའི་སྟེང་ལྷུན་པོ་འཕང་དུ་དཔག་ཚད་ཆིག་འབུམ་དང༌། ཞེང་དུ་རྩ་བར་སྟོང་ཕྲག་བཅུ་དྲུག །རྩེ་མོར་སྟོང་ཕྲག་ལྔ་བཅུ་ཡོད་ཅེས་ཧ་ལམ་བོད་ལུགས་ཀྱི་མཆོད་རྟེན་ཆེ་ཆུང་གཉིས་རྩེ་སྤྲོད་ཀྱིས་བསླངས་པ་ལྟ་བུ་ཞིག་བཤད་འདུག་པས་རྡོ་རྗེ་སྐེད་ཉག་གི་དབྱིབས་དེ་ལ་ཟླུམ་པོའི་དོན་ཅི་ཞིག་ཁྱེད་ཀྱིས་གཟིགས་པ་ཡིན་ནམ། མཐའ་སྐོར་ཟླུམ་པས་ཟླུམ་པོའི་གོ་ཆོད་ན་ནི། མངོན་པའི་ལུགས་ཀྱི་འཇིག་རྟེན་དེའང་ཟླུམ་པོ་ཡིན་ཆོག་སྟེ། དེར་ས་ཆུའི་དཀྱིལ་འཁོར་གཉིས་ཀ་ཟླུམ་པོར་བཤད་པའི་ཕྱིར་ཏེ། ཁོར་ཡུག་གི་རིང་ཚད་ཞེང་ཚད་ཀྱི་སུམ་འགྱུར་དུ་བཤད་པའི་ཕྱིར། ཟླུམ་པོའི་མཐའ་སྐོར་གྱི་རིང་ཚད་དེ་ཞེང་ཚད་ཀྱི་སུམ་འགྱུར་ཡིན་ནོ་ཞེས་པ་འདི་དོན་ལ་ཅུང་ཟད་མི་གནས་ཀྱང་སྔོན་གྱི་མཁས་པ་རྣམས་ལ་ནི་ཡོངས་སུ་གྲགས་པ་ཡིན་ནོ། །དེས་ན་དེང་གི་རང་རེའི་དགེ་བཤེས་རྣམ་པས། གསུང་རབ་ནས་བཤད་པའི་འཇིག་རྟེན་དེ་དང༌། གནམ་རིག་པས་མཐོང་བའི་འཇིག་རྟེན་གཉིས་རྣམ་པ་འགལ་བ་ལྟར་སྣང་ཡང་དོན་དུ་མི་འགལ་བའི་གནད་ཡོད། ཅེས་སོགས་ཟེར་ཏེ་འགལ་སྤོང་སྨྲས་ཚད་ཐམས་ཅད་རྒྱུས་མེད་ཀྱི་སྔོན་དུ་སྟོང་གཏམ་བཤད་པ་འབའ་ཞིག་ལས། ད་སྔ་བོད་དུ་འགྱུར་བའི་སངས་རྒྱས་པའི་གསུང་རབ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་གང་གི་ནང་དུ་ཡང༌། ང་ཚོ་འཚོ་སྡོད་བྱ་སའི་འཇིག་རྟེན་འདིའི་དབྱིབས་ད་ལྟ་ང་ཚོས་མཐོང་དུ་ཡོད་པ་འདི་ལྟར་རམ། ཡང་ན་འདི་དང་ཕྱོགས་འདྲ་ཙམ་ཞིག་ཏུ་གསུངས་པའི་ཡི་གེ་ན་གཅིག་ཀྱང་མེད་པར་ཤེས་དགོས་སོ། །ཚད་ལ་དཔྱད་ན། མངོན་པ་ལས། ས་དཀྱིལ་ལ་དཔངས་སུ་དཔག་ཚད་སུམ་འབུམ་ཉིས་ཁྲི་དང༌། ཞེང་དུ་དཔག་ཚད་ས་ཡ་གཅིག་དང་ཉིས་འབུམ་སུམ་སྟོང་བཞི་བརྒྱ་ལྔ་བཅུ། ཉི་མ་དང་ཟླ་བར་རྔམས་སུ་དཔག་ཚད་ཕྱེད་བདུན་དང་གཅིག་བཅོ་བརྒྱད་དུ་བགོས་པའི་ཆ་གཅིག །ཞེང་དུ་ཉི་མར་དཔག་ཚད་ང་གཅིག་དང༌། ཟླ་བར་ལྔ་བཅུ། སྐར་མ་ཆེ་ཤོས་ལ་རྒྱང་གྲགས་བཅོ་བརྒྱད་དང༌། ཆུང་ཤོས་ལ་རྒྱང་གྲགས་ཕྱེད། ཉི་ཟླ་གཟའ་སྐར་དང་ས་གཞིའི་བར་ཐག་དཔག་ཚད་བཞི་ཁྲི་ཡིན་ཞེས་འཁོད་ཡོད། དེང་གི་གནམ་རིག་པ་ལྟར་ན། ས་ཡི་གོ་ལའི་ཚངས་ཐིག་ལ་སྤྱི་ལེ་ཆིག་ཁྲི་ཉིས་སྟོང་ལྔ་བརྒྱ་ཙམ་ཡིན་པས་དཔག་ཚད་གཅིག་ལ་གཞུ་འདོམ་བཞི་སྟོང་དང༌། སྤྱི་ལེ་གཅིག་ལ་གཞུ་འདོམ་བདུན་བརྒྱ་ལྔ་བཅུ་རེའི་རྩིས་བྱས་ན། མངོན་པའི་ལུགས་ཀྱི་ས་དཀྱིལ་དེའི་དྲུག་བརྒྱའི་ཆ་གཅིག་ཙམ་དང༌། དཔངས་ཚད་མངོན་པ་ནས་བཤད་པ་དེའི་བརྒྱ་ཆའི་གཅིག་མ་ཟིན་ཙམ་ཡིན། ཉི་མའི་ཚངས་ཕྱེད་ལ་སྤྱི་ལེ་བདུན་འབུམ་སྟེ་སའི་གོ་ལའི་ཚངས་ཕྱེད་ཀྱི་ལྡབ་གཅིག་བརྒྱ་དགུ་དང༌། ཉི་མ་སྤྱི་ཡོངས་ཀྱི་བོངས་ཚད་སའི་གོ་ལའི་ལྡབ་ས་ཡ་གཅིག་དང་འབུམ་གསུམ་ཡིན་པས་མངོན་པའི་ལུགས་ཀྱི་ཉི་མ་དེ་བས་ལྡབ་དུང་ཕྱུར་ཙམ་གྱིས་ཆེ། ཟླ་བའི་ཚངས་ཐིག་ནི་ས་ལྒང་གི་བཞི་ཆའི་གཅིག་ཙམ་ཡིན་པས་མངོན་པའི་ལུགས་ཀྱི་ཟླ་བ་ལས་ལྡབ་བཅུ་གཉིས་ཀྱིས་ཆེ། སྐར་མ་ཆེ་ཤོས་ནི་ཉི་མ་ལས་ཀྱང་ལྡབ་མང་པོས་ཆེ་བ་དང༌། ཆུང་ཤོས་ལ་སྤྱི་ལེ་གཅིག་ཀྱང་མི་ལོངས་པའི་བྲག་རྡོའི་དུམ་བུ་དེ་འདྲའང་ཡོད་ཟེར། འོན་ཀྱང་ས་སྟེང་གི་མིས་ནམ་རྒྱུན་དངོས་སུ་མཐོང་ཐུབ་པའི་སྐར་མ་ཆུང་ཤོས་ནི་ཟླ་བ་ཡིན། ཉི་མ་དང་སའི་གོ་ལའི་བར་ཐག་སྤྱི་ལེ་དུང་ཕྱུར་ཕྱེད་གཉིས་ཙམ་ཡིན་པས་མངོན་པའི་དཔག་ཚད་བཞི་ཁྲི་ལས་ལྡབ་བདུན་བརྒྱས་རིང༌། ཟླ་བ་དང་ས་ལྒང་གི་བར་ཐག་སྤྱི་ལེ་འབུམ་བཞི་ཡིན་པས་མངོན་པའི་དཔག་ཚད་བཞི་ཁྲི་ལས་ལྡབ་གཅིག་ལ་ཉེ་བས་རིང༌། སྐར་མའི་ཁྲོད་ནས་ས་ལྒང་དང་ཉེ་ཤོས་ནི་མིག་དམར་དང་པ་སངས་གཉིས་ཡིན་ཀྱང་ཟླ་བ་དང་ས་ལྒང་གི་བར་ཐག་ལས་ཤིན་ཏུ་རིང༌། ཐག་རིང་ཤོས་ནི་འོད་ལོ་ཐེར་འབུམ་མང་པོའི་སྐད་ཆ་ཡིན་པས་དཔག་ཚད་བཞི་ཁྲི་དང་བསྒྲིག་རྒྱུ་མེད། དེ་ལྟར་རེ་རེ་བཞིན་དུ་བརྩིས་བརྒྱབ་ན། མཁས་པ་དཀོན་མཆོག་རྒྱ་མཚོས། ནང་ཆོས་ནས་ཉི་ཟླ་སྐར་གསུམ་གྱི་བར་ཐག་གསུངས་པ་དེ་དེང་གི་ཚན་རིག་པས་བཤད་པ་དང་འགྲིག་ཡོད། ཅེས་གསུངས་འདུག་པ་དེའང་གཞི་འཛིན་ས་མེད་པའི་བཀའ་མོལ་ཡིན་པ་ཧ་གོ་བར་འགྱུར་རོ། །གྲངས་ལ་དཔྱད་ན། མངོན་པའི་ལུགས་ལ་ཆགས་འཇིག་དུས་མཉམ་པའི་འཇིག་རྟེན་གཅིག་ལ་གླིང་བཞི་རི་རབ་ཉི་ཟླ་དང་བཅས་པ་བྱེ་བ་ཕྲག་བརྒྱ་སྟེ་ཐེར་འབུམ་གཅིག་ཡོད་པར་བཤད་པ་དང༌། སངས་རྒྱས་ཕལ་པོ་ཆེ་ལས། དེ་བས་ཀྱང་ཆེས་རྒྱ་ཆེ་བའི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་སོགས་མང་པོ་ཞིག་གསུངས་ཀྱང༌། ས་གཞི་ཆེན་པོ་འདི་ཉིད་ཀྱི་སྟེང་གི་ནམ་མཁའ་ལ་ནི། ཉི་མ་གཅིག་དང༌། ཟླ་བ་གཅིག །སྐར་མ་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད། ས་ཡ་ལྔ་ཙམ་ཡོད་ཅེས་གསུངས་ལ། གཞུང་ཁ་ཅིག་ཏུ་སྐར་མ་བྱེ་བ་དྲུག་ཡོད་ཅེས་ཀྱང་གསུངས་ཨེ་ཡོད་སྙམ། གནམ་རིག་པས། ང་ཚོའི་ཉེ་འཁོར་འདིར་བརྟན་སྐར་ཉི་མ་དང༌། རྒྱུ་སྐར་ལྷག་པ། པ་སངས། ས་ལྒང༌། མིག་དམར། ཕུར་བུ། སྤེན་པ། གནམ་སྐར། མཚོ་སྐར། གཤིན་སྐར་བཅས་དགུ། གཤིན་སྐར་འདིར་རྒྱུ་སྐར་གྱི་མཚན་ཉིད་ཡག་པོ་མི་ཚང་བར་འདུག་ཀྱང་ཟེར། འཁོར་སྐར་ཟླ་བ་སོགས་བཅུ་གྲངས་འགའ་ཞིག་དང༌། གཞན་འཁོར་ལམ་ངེས་མེད་ཀྱི་སྐར་ཆུང་མཇུག་རིང་མང་ཙམ་དང༌། སྐར་མདའ་སྟེ་ཧ་ཅང་ཆུང་བའི་བྲག་རྡོའི་དུམ་བུ་ནི་རྩི་མི་ཐོན་པ་ཙམ་ཡོད། བརྟན་སྐར་ཞེས་པ་འགུལ་སྐྱོད་གཏན་ནས་མེད་པའི་དོན་མིན་པར། སྐར་ཁྱིམ་ཆེན་པོའི་མཐའ་རུ་འཁོར་བ་ལས། སྐར་འབྲུ་བྱེ་བྲག་པ་གཅིག་གི་མཐའ་སྐོར་དུ་བསྐོར་བ་མི་རྒྱག་པ་ལ་ཟེར། རྒྱུ་སྐར་ནི་བརྟན་སྐར་གཅིག་དབུས་སུ་བཞག་སྟེ་དེའི་མཐའ་སྐོར་ནས་འཁོར་ལམ་ངེས་ཅན་ཞིག་དེད་དེ་བསྐོར་བ་རྒྱག་པ་དང༌། འཁོར་སྐར་ནི་རྒྱུ་སྐར་དེ་ཚོའི་མཐའ་ནས་བསྐོར་བ་རྒྱག་མཁན་ལ་ཟེར། གོང་གི་དེ་ཐམས་ཅད་ཉི་མའི་ཁྱིམ་རྒྱུད་ཀྱི་གྲུབ་ཆ་ཡིན་ལ། དགུ་ཚིགས་ཁྱིམ་རྒྱུད་ནང་དུ་དེ་འདྲའི་སྐར་ཁྱིམ་ཐེར་འབུམ་མང་པོ་ཡོད། མཐའ་ཡས་པའི་ནམ་མཁའི་ཁམས་སུ་དགུ་ཚིགས་ཁྱིམ་རྒྱུད་ལྟ་བུའི་སྐར་ཁྱིམ་ཆེན་པོ་ཐེར་འབུམ་གཅིག་ཙམ་ཞིག་རྒྱང་ཤེལ་བརྒྱུད་ནས་དངོས་སུ་མཐོང་ཐུབ་ཡོད། དེ་དག་སྤྱིའི་མིང་ལ་འཇིག་རྟེན་ཁམས་ཆེན་པོའམ། ཡང་ན་སྐར་ཆོལ་གྱི་མ་ལག་ཧྲིལ་པོ་ཞེས་འབོད་པ་ཡིན་སྐད། རྒྱུ་ལ་དཔྱད་ན། མངོན་པ་ལས། ཉི་མ་མེ་ཤེལ་ཚ་བའི་རང་བཞིན་ཅན། ཟླ་བ་ཆུ་ཤེལ་གྲང་བའི་རང་བཞིན་ཅན། སྐར་མ་རིན་ཆེན་སྣ་ཚོགས་པའི་རང་བཞིན་ཅན། ས་གཞི་རིན་པོ་ཆེ་རབ་འབྲིང་ཐ་མ་ཅི་རིགས་པའི་རང་བཞིན་ཅན། དབུས་རི་རབ་རིན་ཆེན་སྣ་བཞིའི་རང་བཞིན་ཅན་དང༌། རི་རབ་ཀྱི་ལྷོ་ངོས་རིན་ཆེན་དབང་སྔོན་ལས་གྲུབ་པས་དེའི་འོད་མདངས་ཀྱིས་ལྷོ་གླིང་གི་རྒྱ་མཚོ་དང་ནམ་མཁའ་སྔོན་པོར་སྣང་ལ། ཤར་ནུབ་བྱང་གསུམ་གྱི་ཆུ་མདོག་དང་མཁའ་མདོག་ཀྱང་ཕྱོགས་དེ་གའི་རི་ངོས་ཀྱི་རིན་པོ་ཆེ་དེ་དང་དེའི་ཁ་དོག་ཏུ་ཡོད། རི་རབ་ཀྱི་བྱང་ཕྱོགས་གསེར་ལས་གྲུབ་པས་མི་གང་དག་རི་རབ་ཀྱི་བྱང་ངོས་དང་ཉེ་བར་སླེབ་པ་ན། མི་དེའི་ཁ་དོག་ཀྱང་གསེར་གཙོ་མའི་རང་མདངས་ལྟར་ལྟ་བས་ཆོག་མི་ཤེས་པ་ཞིག་ཏུ་འགྱུར་འགྲོ་ཞེས་སོགས་འཁོད་ཡོད། གནམ་རིག་པ་དག་གིས་བཤད་ན། ཉི་མ་སོགས་བརྟན་སྐར་ཕལ་ཆེར་གྱི་གྲུབ་ཆའི་གཙོ་བོ་ཆིང་དང་ཧེལ་ཡིན་པ་དང༌། སྐར་མ་ཕལ་པ་རྣམས་ལ་ཚགས་དམ་ཚད་དང༌། དངོས་པོའི་གྲངས་འབོར། ལྕི་ཡང་སོགས་སྣ་ཚོགས་ཡོད་ཀྱང༌། རྩ་བའི་གྲུབ་ཆ་བྲག་རྡོ་དང་ཐལ་རྡུལ་སོགས་ཡིན་པ་ལས། གསེར་དངུལ་རྐྱང་པས་བཟོས་པའི་སྐར་འབྲུ་གཅིག་ཀྱང་རྙེད་མེད། ཟླ་བའི་འོད་ཟེར་ཡང་ཉི་འོད་ལྡོག་འཕྲོ་བྱས་པ་ཙམ་ལས་རང་ངོས་ནས་འོད་མེད་ཅིང༌། ཟླ་འོད་ཀྱང་བསིལ་བའི་རང་བཞིན་ཅན་མིན་པར་དྲོ་བའི་རང་བཞིན་ཅན་ཡིན། ཉི་འོད་ལ་ཁ་དོག་མི་འདྲ་བ་བདུན་ཙམ་ཡོད་པའི་ནང་ནས་ཁ་དོག་སྔོན་པོ་དེ་རླུང་ཁམས་ཆེན་པོའི་གསེང་ནས་ཐད་ཀར་མཐོང་ཐུབ་པས་རྒྱ་མཚོ་དང་ནམ་མཁའ་སྔོན་པོར་སྣང་བ་མ་ཟད། ཐག་རིང་ཟླ་བའི་སྟེང་ནས་ལྟ་སྐབས་ས་ལྒང་ཉིད་ཀྱང་སྔོན་པོར་སྣང་བཞིན་ཡོད། ཟླ་བ་རང་ལ་མཁའ་དབུགས་ཀྱི་ཕྱི་ཐུམ་མེད་སྟབས་ཟླ་བའི་སྟེང་གི་ནམ་མཁའ་ཡང་སྔོན་པོ་མིན་པར་ཉིན་མཚན་ཀུན་ཏུ་ནག་ངམ་མེ་བ་ཞིག་ཡིན་ཞེས་སོགས་ཟེར་རོ། །
འགྲོས་ལ་དཔྱད་ན། མངོན་པའི་གཞུང་ལས། འཇིག་རྟེན་ཀུན་གྱི་ལྟེ་བ་ནི་ས་གཞི་ཆེན་པོ་འདི་རང་ཡིན་པ་དང༌། ཉི་ཟླ་གཟའ་སྐར་ཡོད་ཚད་ཀྱིས་ས་དཀྱིལ་ནས་ཡར་ལ་འབུར་བའི་རི་བོ་ཆེན་པོ་ཞིག་ལ་གཡས་སྐོར་དང་གཡོན་སྐོར་སྣ་ཚོགས་རྒྱག་བཞིན་ཡོད་པར་བཤད། འདི་ནི་སངས་རྒྱས་པ་ཁོ་ནའི་བཤད་སྟངས་ཤིག་མིན་པར་གནའ་རབས་རྒྱ་གར་གྱི་བྲམ་ཟེ་རྣམ་པས་གཙོས་པའི་ཤར་ཕྱོགས་ཀྱི་འཇིག་རྟེན་ལྟ་ཚུལ་ཡོངས་ཁྱབ་ཅིག་ཡིན་པར་སྣང༌། ནུབ་ཕྱོགས་སུ་ལོ་གྲངས་ཉིས་སྟོང་ལྔ་བརྒྱ་ཙམ་གྱི་ཡར་སྔོན་ནས་རྒེ་རེད་སིའི་མཁས་པ་ཁ་ཅིག་གིས། ཉི་མ་འཇིག་རྟེན་གྱི་ལྟེ་བ་དང༌། ས་གཞིས་ཉི་མར་བསྐོར་བཞིན་ཡོད་པའི་ལྟ་ཚུལ་ཞིག་གཏོན་མྱོང་བར་གྲགས། དེ་རྗེས་དུས་ཡུན་རིང་པོར་ས་ལྟེ་སྨྲ་བའི་ལུགས་དར་ཡང༌། རི་བོ་མཆོག་རབ་མི་འདོད་ཅིང༌། ཉི་ཟླ་སྐར་གསུམ་གྱིས་ས་གཞི་གཡས་བསྐོར་གཡོན་བསྐོར་ཙམ་མིན་པར་སྟེང་འོག་བསྒྱུར་ཏེ་བསྐོར་བཞིན་ཡོད་པར་འདོད་པས་ཕྱིས་ཀྱི་ཚན་རིག་པས་བཤད་པ་དག་ཀྱང་ཅུང་ཟད་བློ་ངོར་འཆར་བདེ་བ་ཞིག་རེད། ང་ཚོ་ལ་མཚོན་ན་ནུབ་ཕྱོགས་ཀྱི་ས་ལྟེ་སྨྲ་བ་དེའང་བློ་ཡུལ་ལས་འདས་པ་ཞིག་སྟེ། ཉི་མ་དབང་ཆེན་གསེར་གྱི་ས་གཞིའི་འོག་ཏུ་མར་ནུབ་ཅིང༌། དབང་ཆེན་གསེར་གྱི་ས་གཞིའི་འོག་ནས་ཡར་འཆར་བར་འདོད་དགོས་པས་སོ། །དེའི་དབང་གིས་དུས་ད་ལྟ་ལ་ཐུག་གི་བར་དུ། ནུབ་ཕྱོགས་ཀྱི་མཚོ་འགྲུལ་པ་ཚོ་མགོ་འཁོར་བ་རེད་ཅེས་དང༌། གནམ་རིག་པ་ཚོ་མིག་འཁྲུལ་པ་རེད་ཅེས་དང༌། དེང་སང་ས་གཞི་འཁོར་བཞིན་ཡོད་པའི་དབང་དུ་བཏང་རུང༌། སྟོན་པ་འཇིག་རྟེན་དུ་བྱོན་སྐབས་ཉི་མ་འཁོར་བཞིན་ཡོད་ངེས་ཞེས་དང༌། སེམས་མ་འཚབས་པར་ཅུང་ཟད་སྒུག་སྡོད་དང༌། མི་རིང་བར་ས་གཞི་ལེབ་ལེབ་ཡིན་པའི་གཏམ་བཟང་གོ་འོང་རྒྱུ་རེད་ཅེས་དང༌། གོ་ས་གཅིག་རང་དུ་རིག་རྒྱུ་ཡོད་པའི་ས་ལྒང་རིལ་མོ་གཅིག་དང༌། རིག་རྒྱུ་མེད་པའི་ས་གཞི་ལེབ་མོ་གཅིག་སྟེ་འཇིག་རྟེན་མི་འདྲ་བ་གཉིས་ཡོད་ཆོག་ཅེས་དང༌། རིལ་རིལ་ཡིན་ན་ལེབ་ལེབ་མིན་པས་མ་ཁྱབ། ཁྱོད་ཀྱི་མིག་ངོར་རིལ་རིལ་དང༌། ངའི་བློ་ངོར་ལེབ་ལེབ་ཡིན་ཞིང་ངེད་གཉིས་ཀ་འཁྲུལ་མེད་ཡིན་ཞེས་དང༌། རིལ་རིལ་དང་ལེབ་ལེབ་གང་ཡང་མིན། ཡོད་ཚད་འཁྲུལ་སྣང་རྐྱང་རྐྱང་རེད། ཅེས་སོགས་ཡེ་ཤུ་དང་ཁ་ཆེའི་ཆོས་པ་ཐལ་མཐའ་པ་ཚོས་ཀྱང་སྨྲ་མ་སྤོབས་པའི་སྐད་ཆ་གཡང་ཟ་བ་སྣ་ཚོགས་བཤད་དེ་ལྐུགས་པ་ཨུ་ཚུགས་གནང་དགོས་ཆགས་པ་རེད། ད་དུང་ང་ཚོའི་ཆོས་ལུགས་འདི་ནི་རིགས་པའི་ཆོས་ལུགས་དང༌། ང་ཚོ་ནི་རིགས་པའི་རྗེས་འབྲང་ཡིན་ཞེས་རང་གིས་སེམས་ཤིང་གཞན་ལ་སྒྲོག་པ་ནི་ཡ་དང་ཆ་ཡི་རྣམ་པར་ཐར་པའོ། །འབྲི་གུང་དཀོན་རྒྱམ་ལགས་དང༌། མཁན་ཆེན་ཚུལ་བློ་ལགས་རྣམ་གཉིས་ཞལ་གཅིག་མཐུན་གྱིས། དཔལ་ལྡན་དུས་ཀྱི་འཁོར་ལོ་ལས། ཉི་མའི་ཁྱིམ་རྒྱུད་ནང་གི་གཟའ་བདུན་ནམ་བརྒྱད་ཀྱི་གནས་ཡུལ། སོ་སོའི་འཁོར་ལམ་བརྒྱུད་ནས་ཉི་མར་སྤྱི་བསྐོར་རྒྱག་པའི་དུས་ཚོད། ཟླ་བ་ཡར་ངོ་མར་ངོའི་འཕེལ་འགྲིབ། ཉི་ཟླ་ལ་སྒྲ་གཅན་འཇུག་ཚུལ་སོགས་གང་གསུངས་དེང་གི་གནམ་རིག་པས་བཤད་པ་དང་ཧེ་བག་མེད་པར་ཐོད་ཐུག་ཡོད། འདི་ཉིད་ཁོ་ནའི་ཆ་ནས་བསམ་ན་ཡང་སངས་རྒྱས་ཁོང་གི་མཁྱེན་རབ་ནི་ཧ་ལས་དགོས་པ་ཞིག་མ་རེད་དམ། ཞེས་སོགས་གསུངས་འདུག་ཀྱང་གསུངས་ཚད་རང་སེམས་གསོ་བའི་གཏམ་སྙན་ཙམ་ལས་གཞན་གང་ཡང་མིན། དཔལ་ལྡན་དུས་འཁོར་སངས་རྒྱས་ཀྱི་གསུང་ཡིན་མི་སྲིད་པའི་ཚུལ་འོག་ཏུ་འཆད། དུས་འཁོར་ལུགས་ཀྱི་སྐར་རྩིས་དེ་ནི་དུས་རབས་བཅུ་པ་གཡས་གཡོན་གྱི་རྒྱ་གར་ཤར་ནུབ་ཏུ་དར་བའི་གནམ་རིག་གི་ཚབ་མཚོན་ལྟ་བུ་ཡིན་ལ། གནའ་བོའི་རྒྱ་གར་ནི་སྐར་རྩིས་རིག་པའི་ཕ་ཡུལ་ལྟ་བུ་ཡིན་པས་དེར་དེང་གི་གནམ་རིག་དང་ཕྱོགས་མཐུན་གྱི་ལེགས་ཆ་ལོས་ཡོད། གཟའ་བདུན་གྱི་གནས་ཡུལ་དང་འཁོར་སྐྱོད་ཀྱི་དུས་ཚོད་ཆ་མཐུན་དུ་བཤད་ཐུབ་པ་ལ་ངོ་མཚར་མི་དགོས་ཏེ། དེ་ཙམ་ནི་ཤར་རྒྱ་ནག་དང༌། ནུབ་རྒེ་རེད་སི། བྱང་ཏ་ཟིག་གི་སྐར་རྩིས་པ་དང༌། ལྷོ་རྒྱ་གར་གྱི་མུ་སྟེགས་བྱེད་བཅས་ཀུན་གྱིས་སྔ་རབས་ཤིག་ནས་ངོས་ཟིན་ཡོད་པའི་ཕྱིར། འཛམ་གླིང་ཤར་ནུབ་ཡོངས་སུ་གཟའ་བདུན་གྱི་རྩི་ཚུལ་ཐུན་མོང་དུ་ཡོད་པ་འདིས་ཡོད་ཚད་ར་སྤྲོད་ཐུབ་པའི་ཕྱིར། ང་ཅག་བོད་པ་ཚོས་ཀྱང་གཟའ་བདུན་དང་སྒྱུ་སྐར་ཉེར་བརྒྱད་ཀྱི་འཁོར་འགྲོས་རགས་ཙམ་ཞིག་ནི་དུས་འཁོར་ལྟ་ཅི། སངས་རྒྱས་ཆོས་ལུགས་བོད་དུ་མ་དར་གོང་ནས་ཤེས་ཡོད་པའི་ཕྱིར་ཏེ། འདི་དག་ལ་བོད་པའི་ཐུན་མིན་གྱི་མིང་བཏགས་ནས་ལེགས་ཉེས་བརྩི་བའི་གཞིར་བྱ་སྲོལ་ཡོད་པའི་ཕྱིར། མངོན་མཚན་ཆེ་བའི་གཟའ་སྐར་འདི་དག་གི་གནས་དང་འགྲོས་སོགས་ཐུན་མིན་གྱི་ཁྱད་ཆོས་ངོས་མ་ཟིན་ན། མཐའ་ཡས་པའི་སྐར་ཚོགས་ཀྱི་ཁྲོད་ནས་འདི་དག་ཁོ་ནར་མིང་འདོགས་དང༌། རྟེན་འབྲེལ་ལ་ཉེའི་གཞི་རུ་འཛིན་པའི་རྒྱུ་མཚན་མེད་པའི་ཕྱིར། མདོར་ན་དུས་འཁོར་ནས་བཤད་པའི་སྐར་རྩིས་ཀྱི་རྣམ་གཞག་ལ། གནའ་རབས་ཀྱི་སྐར་རྩིས་པ་རྒན་པོ་ཚོས་ཤ་མིག་ཕལ་པ་ཞིག་ནམ་མཁར་གཏད་དེ་རྩིས་བརྒྱབ་ཅིང༌། དུས་ཡུན་རིང་མོའི་བར་དུ་ཉམས་མྱོང་བསགས་པའི་གྲུབ་འབྲས་དེ་ཙམ་མ་གཏོགས༌། མི་ཕལ་པས་བསྒྲུབ་མི་ཐུབ་ཅིང་ངོ་མཚར་དགོས་པའི་ཐོད་བརྒལ་གྱི་གྲུབ་འབྲས་ཅུང་ཟད་ཀྱང་མེད། རྒྱུ་བའི་གཟའ་རྣམས་ཀྱི་ངོས་འཛིན་བྱེད་སྟངས་དེ་རང་ལ་གཅིག་ལྟོས་དང༌། གཏན་ནས་རྩི་མི་འོས་པའི་དབུས་ཀྱི་བརྟན་སྐར་ཉི་མ་དང༌། སའི་གོ་ལའི་འཁོར་སྐར་ཟླ་བ་གཉིས་རྒྱུ་སྐར་གྱི་གྲས་སུ་ཚུར་བརྩིས། རྩི་དགོས་ངེས་ཀྱི་སའི་གོ་ལ་ཕར་ཕུད། སུས་ཀྱང་གོ་རིག་མེད་པའི་སྒྲ་གཅན་ཞེས་པ་ཞིག་རྟོག་བཟོ་བྱས་ཏེ་གཟའ་གྲལ་དུ་ཡར་བཙུད། ཡོད་ངེས་པའི་གནམ་མཚོ་གཤིན་གསུམ་པོ་ཅུང་ཟད་བར་ཐག་རིང་བས་རྩ་བ་ནས་མ་མཐོང་བའི་ཁ་སྟབས་འདི་ལ་གཟིགས་དང༌། དུས་འཁོར་མཁན་པོ་ལ་ཤ་ཡི་མིག་ལས་འདས་པའི་སངས་རྒྱས་ཀྱི་སྤྱན་ཡོད་པའི་བཟོ་འདུག་གམ། འདི་ནི་ཁྱིམ་ཞིག་གི་བཟའ་མི་རྣམས་ངོས་འཛིན་དུ་བཅུག་སྐབས། བུ་ཆུང་ཕ་རྒན་དང་ནོར། ཕ་རྒན་བུ་ཆུང་དང་ནོར། ཚ་བོ་ཁུ་བོ་དང་ནོར། བུ་མོ་ཆུང་ཆུང་གསུམ་ཕྱིར་ཕུད། འབྲེལ་མེད་ཀྱི་མི་འཁྱམ་ཞིག་ཡར་བསྡུས་ནས་རྩིས་བརྒྱབ་པ་དང་མཚུངས་པས་ནོར་ཚབས་མ་ཆེ་དགུ་ཆེ་ཡིན། ཡང་ར་སེ་དཀོན་མཆོག་རྒྱ་མཚོས། མདོ་ལས་ཟླ་བ་ཡར་མར་གྱི་འཕེལ་འགྲིབ་ཉི་མའི་དཀྱིལ་འཁོར་གྱི་དབང་གིས་ཡིན་པར་གསུངས་པ་དང༌། དེང་གི་གནམ་རིག་པས་ཟླ་བའི་འཕེལ་འགྲིབ་ས་ལྒང་གི་གྲིབ་མའི་དབང་གིས་ཡིན་པར་བཤད་པ་གཉིས་ཐོད་ཐུག་ཡོད་ཅེས་གསུངས་འདུག །དགེ་རྒན་དོར་ཞི་ཞུ་བའི་རྒན་པོ་ལོ་ལོན་ཞིག་གིས་འདི་འདྲའི་རྒྱུས་མེད་ཀྱི་རྒྱུས་གཏམ་ཞིག་བྱས་འདུག་པ་དེའི་རྗེས་སུ་གཡམ་རྒྱུག་གནང་བ་འདྲ། དེང་གི་གནམ་རིག་པས་ཟླ་འཛིན་ས་ལྒང་གི་གྲིབ་མ་ཡིན་པར་བཤད་ཀྱི། ཡར་ངོ་མར་ངོའི་གྲིབ་མ་ས་གྲིབ་ཡིན་པར་གང་དུ་ཡང་བཤད་མེད། གལ་སྲིད་བཤད་ཡོད་ན་གནམ་སྟོང་གི་ཉིན་མོར་ས་ལྒང་གི་གྲིབ་མ་ཟླ་བའི་ཐོག་ཏུ་ཇི་ལྟར་བབ་པ་ཡིན་ཁོ་བོས་དྲི་བ་ཡིན་པས། གནམ་རིག་མཁས་པ་དང་ཆོས་རིག་མཁས་པ་ཁྱེད་ཅག་དཔུང་བསྒྲིག་སྟེ་ལན་འདེབས་མཛད་དགོས་སོ། །མདོ་ལས། ཉི་མའི་དབང་གིས་ཟླ་བ་བྲི་གང་བྱེད་པར་གསུངས་པ་ཙམ་ཞིག་ནི་བདེན་མོད། བྱེད་ཚུལ་ཚད་ལྡན་ཞིག་གསུང་ཐུབ་མེད་དེ། སྒྲོན་མེ་དང་ཀ་བའི་གྲིབ་མ་དཔེ་རུ་བྱས་པ་དང༌། ཟླ་བའི་ཁ་ཁྱེར་གྱི་གྲིབ་མ་ཡིན་ཞེས་དང༌། ཉི་འོད་ཀྱིས་འུག་པའི་མིག་ལ་མུན་པ་སྐྱེད་པ་ལྟར་རང་གྲིབ་ཡིན་ཞེས་དང༌། ཡང་ཟླ་བ་བླ་འོག་འཛུར་བ་ཡིན་ཞེས་དང༌། སྟེང་ཕྱོགས་ཀྱི་དབང་སྔོན་དེ་མར་བསྟན་ནས་གནམ་མདོག་དང་འདྲེས་པ་ཡིན་སོགས་མི་བདེན་རྟོག་བཏགས་ཁོ་ནས་བཀང་འདུག་པའི་ཕྱིར། ཁག་མེད་དེ། ཟླ་བ་ལེབ་ལེབ་ཞིག་ལ་དེང་གི་དངོས་མཐོང་གི་རྣམ་གཞག་ལྟར་བྱར་མི་བཏུབ་པའི་ཕྱིར། རྟེན་འབྲེལ་འགོ་ནས་ཉེས་ན་འཆོས་དཀའ་བའི་ཕྱིར་རོ། །ཡང་མཁས་དབང་ར་སེ་ལགས་ཀྱིས། ཉི་འཛིན་ཟླ་འཛིན་གྱི་སྐབས་སུ་སྒྲ་གཅན་ཞེས་པའི་སྲོག་ཆགས་ཤིག་གིས་ཉི་ཟླ་ཟོས་པའམ། བཟུང་བར་གྲགས་པ་ནི་མུ་སྟེགས་པའི་ངག་སྒྲོས་ངན་པ་བོད་དུ་འཁྱར་བ་ཙམ་ལས་གསུང་རབ་ཀྱི་ནང་དུ་དེ་འདྲ་གཏན་ནས་མ་བཤད། ཅེས་གསུངས་པ་འདིའང་བཀའ་མོལ་དྲང་པོ་མིན། མདོ་དྲན་ཉེ་ལས། ལྷ་མ་ཡིན་སྒྲ་གཅན་གྱིས་ལྷ་ཡུལ་ལ་བྱ་ར་བྱེད་སྐབས་ཉི་ཟླས་ལྟ་མ་བདེ་བས་ལག་པས་སྒྲིབ་པ་ཡིན་ཞེས་དང༌། ཉི་ཟླ་གཟའ་སྐར་ཡོད་ཚད་ལྷ་ཡི་བུ་དང་བུ་མོའམ། དེ་དག་གི་གཞལ་མེད་ཁང་ཡིན་ཞེས་གསུངས་པ་སྔར་དྲངས་ཟིན་ལྟར་དང༌། དུས་འཁོར་ལས། གཟའ་གཞན་རྣམས་གཡས་བསྐོར་དང༌། སྒྲ་གཅན་གཅིག་པུ་གཡོན་བསྐོར་གྱིས་སྐྱོད་པ་ནི་དེའི་བསོད་ནམས་ཀྱི་སྟོབས་ཀྱིས་ཡིན་པར་བཤད་ཅིང༌། སྲོག་ཆགས་མིན་ན་བསོད་ནམས་ཆེ་ཆུང་གི་སྐད་ཆ་འོང་དོན་མེད་པའི་ཕྱིར། ལྷག་པར་དུ་ཐར་ལོའི་གསར་འགྱུར་བཅུ་གསུམ་གྱི་ནང་ཚན་ཉི་མའི་མདོ་དང༌། ཟླ་བའི་མདོ་ཞེས་པ་དེ་གཉིས་ཀྱི་ནང་དུ་ཅི་ཞིག་གསུངས་འདུག་མཁས་པ་ཁྱེད་ཀྱིས་ཡག་པོ་ཞིག་གཟིགས་པར་ཞུའོ། །ཡང་ཁོང་ཅག་གིས། དུས་འཁོར་ལུགས་ཀྱི་སྐར་རྩིས་དེས་ཉི་ཟླ་གཟའ་འཛིན་དུས་ཚོད་སྐར་མ་ཙམ་ཡང་འཁྲུལ་མེད་དུ་སྟོན་ཐུབ། ཅེས་གསུངས་པ་དེའང་བདེན་པ་ཡེ་ནས་མིན། སྔོན་གྱི་དུས་འཁོར་མཁན་པོ་ཚོས་ཆུ་ཚོད་སྐར་མ་ཕར་བཞག །ཞག་དང་ཉི་མ་ཡང་མོ་མ་ངན་པའི་མོ་བཞིན་ཐིག་ལ་མི་ཐིག་ལ་ཙམ་ཡིན་ཚུལ་ཁ་ཆེ་པཎ་ཆེན་དང༌། རྡོ་རིང་བཀའ་བློན་སོགས་མང་པོའི་ལོ་རྒྱུས་ཡོད་པའི་ཕྱིར། ད་ལྟ་སྨན་རྩིས་ཁང་གིས་དུས་ཚོད་གསལ་ཁ་ཅན་ཞིག་ཤོད་ཐུབ་པ་འདི་ནི་རྒྱ་ནག་ནས་བླངས་པའི་མན་ངག་བཀའ་རྒྱ་མ་ཞིག་གིས་ཁ་སྣོན་བྱེད་ཀྱིན་ཡོད་སྐད་ལ། དེ་ཉིད་དཔེ་འཁྱུད་བྱས་ཏེ་གཞན་ལ་མི་སློབ་པས་ས་རིས་པ་ཕལ་པ་ཚོ་ལ་ཉིན་གྲངས་འགྲོ་ཙམ་ལས་ཆུ་ཚོད་དང་སྐར་མ་བརྩི་རྒྱུ་མི་འདུག །རྒྱ་ནག་གི་མན་ངག་དེ་ནི་མིང་རྒྱལ་རབས་སྐབས་ཀྱི་རྒྱ་ཡི་རྩིས་པ་ཞུས་ཀོང་ཆི་ཟེར་བ་དེས། ཨི་ཊ་ལི་ནས་ཡིན་པའི་ཡེ་ཤུའི་ཆོས་སྤེལ་མཁན་ཞིག་གི་དྲུང་ནས་ནུབ་ཕྱོགས་རྩིས་རིག་གི་གནད་གསང་མང་པོ་བསླབས་པ་དེ་དག་ཡིན་བཟོ་འདུག་པས་དོན་དུ་ནུབ་ཕྱོགས་པའི་བཀའ་དྲིན་ཡིན་པར་ཤེས་དགོས། དེ་མིན་དུས་འཁོར་རང་ལ་ཁུངས་བཅོལ་ནས་དུས་ཚོད་སྐར་མ་ཙམ་ཡང་མ་འཛོལ་བའི་ས་རིས་ཤིག་འབྲི་ཐུབ་ན་ཁྱེད་ཅག་གིས་བྲིས་དང༌། ཁོ་བོས་རིན་ཐང་ཆེ་བའི་རིན་པོ་ཆེ་སྣ་ཚོགས་ཀྱིས་སྟོངས་གདབ་པར་བྱའོ། །སྤྱིར་སངས་རྒྱས་ཆོས་གཞུང་ནས་བཤད་པའི་འཇིག་རྟེན་ཆགས་དབྱིབས་ཀྱི་སྐོར་འདི་ནོར་བས་སངས་རྒྱས་ཆོས་ལུགས་རང་ཉིད་ནོར་བའི་གོ་མི་ཆོད་ཅིང༌། མ་ནོར་བས་སངས་རྒྱས་ཆོས་ལུགས་མ་ནོར་བའི་གོ་ཡང་མི་ཆོད། རང་རེ་ལ་མཚོ་འགྲུལ་དང་མཁའ་འགྲུལ་སོགས་འཇིག་རྟེན་སྐོར་སྐྱོད་དང༌། སྐར་ཁམས་འགྲུལ་བཞུད་སོགས་ཀྱི་ཆ་རྐྱེན་ཀྱང་གནས་སྐབས་འཛོམས་རེ་བྲལ། དེ་བས་ས་འཁོར་བཞིན་ཡོད་དམ་གནམ་འཁོར་བཞིན་ཡོད་འཕྲལ་དུ་ཐག་མ་ཆོད་ན་འགྲོ་ལོ་འདུག་ལོ་མེད་པ་དེ་འདྲ་གང་ཡང་ཆགས་བསྡད་མེད་མོད། གཞན་པ་ལ་མཚོན་ན་སློབ་ཆུང་ནང་གི་ཕྲུ་གུ་ཚོས་ཀྱང་ཧ་གོ་ཞིང་དོན་རྟོགས་ཟིན་པའི་རྒྱུན་ཤེས་ཤིག་ལ། ང་ཚོའི་མཁས་པ་ས་འདྲ་འདྲ་དང༌། གནམ་འདྲ་འདྲ་ཡིན་ཟེར་མཁན་ཚོས་མི་དགོས་ས་ལ་དོགས་པ་རྣམ་རྟོག་དང༌། ལྐུགས་པ་ཨུ་ཚུགས་གནང་སྟེ་བཞུགས་ན་འཛམ་གླིང་མི་དམངས་ཀྱི་སྔུན་ལ་ངོ་ཚ་བར་འདུག་པས་བཀའ་མོལ་འཕྲལ་ལེ་འཕྲུལ་ལེ་དེ་ཚོ་གསུང་མཚམས་བཞག་སྟེ་མི་འགྲོ་ལམ་འགྲོ་གནང་བཞག་ན་ཡག་ཤོས་རེད་བསམ་སྟེ་ཅུང་ཟད་ཅིག་སྨྲས་པ་ལགས། མཁས་ཤིང་མཛངས་པའི་སྐྱེས་བུ་དག་གིས་ནི་འདི་ལྟར་ཞལ་གྱིས་བཞེས་ཟིན་པའང་ཡིན་ཏེ། སེམས་དང་སྲོག་ཅེས་པའི་ཆོས་དང་ཚན་རིག་བར་གྱི་མཁས་པའི་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་གསུམ་པ་དེ། ཉིས་སྟོང་ལྔ་ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་འཚོགས་སྐབས། རྒྱལ་དབང་མཆོག་གིས། འཇིག་རྟེན་ཆགས་དབྱིབས་ཀྱི་སྐོར་ལ་ཆོས་གཞུང་ཁག་ནས་བཤད་པ་དེ་དངོས་གནས་ནོར་བསྡད་ཡོད། དེའི་ཐད་ནས་ཚན་རིག་པས་གྲུབ་འབྲས་ཡག་པོ་བླངས་འདུག །དུས་རབས་བཞི་པའི་ནང་དུ་བྱོན་པའི་སློབ་དཔོན་དབྱིག་གཉེན་ཁོང་གལ་སྲིད་དུས་རབས་ཉེར་གཅིག་པ་འདིའི་ནང་དུ་སླར་ཡང་ལན་གཅིག་འབྱོན་རྒྱུ་ཡོད་པའི་དབང་དུ་བཏང་ན། སྔར་ཡོད་མངོན་པ་མཛོད་ཀྱི་གནས་གསུམ་པ་དེ་རྩིས་མེད་དུ་བཏང་ནས། དེང་དུས་ཀྱི་མཐོང་བ་དང་མཐུན་པའི་འཇིག་རྟེན་བསྟན་པའི་མཛོད་གནས་གསར་པ་ཞིག་ཏན་ཏན་བརྩམ་གནང་རྒྱུ་རེད། ཅེས་ངས་རྟག་པར་ཤོད་ཀྱིན་ཡོད་ཅེས་གསུངས་སོང་བ་ལྟ་བུ་སྟེ། ཁོང་ལ་འཛམ་གླིང་མི་དམངས་ཀྱིས་འདི་ཙམ་གྱི་གུས་བཀུར་ཐོབ་པའི་རྒྱུ་མཚན་གཅིག་ནི། ནམ་ཡང་དངོས་ཡོད་ལ་བསྙོན་མི་འདིང་ཞིང༌། བདེན་དོན་ཡིན་ཕྱིན་ཞལ་གྱིས་བཞེས་ཕོད་པའི་ཐུགས་སྟོབས་འདི་འདྲ་ཞིག་ཡོད་པས་ཨེ་ཡིན་སྙམ།
ནང་བཅུད་སེམས་ཅན་གྱི་རྣམ་གཞག་ལ་དཔྱད་ན། དེང་གི་ཚན་རིག་པའི་མཐོང་བ་དང་ཆེས་མི་མཐུན་ས་གཅིག་ནི། འགྲོ་བ་རིགས་དྲུག་ཅེས་མི་དང་དུད་འགྲོ་གཉིས་ཀྱི་ཐོག་ཏུ་གོ་རྒྱུ་རིག་རྒྱུ་མེད་པའི་སེམས་ཅན་མི་འདྲ་བ་བཞི་བརྩི་རྒྱུ་རྙེད་ཡོད་པ་འདི་རེད། འདི་ཡང་ནང་པ་སངས་རྒྱས་པ་ཁོ་ནས་རྙེད་པ་མིན་པར་གནའ་རབས་ཀྱི་ཆོས་ལུགས་ཡོད་ཚད་ཕལ་ཆེར་ཁ་གཅིག་མཐུན་ལྟ་བུར་གྱུར་འདུག །རྒྱ་གར་དུ་སངས་རྒྱས་ཆོས་ལུགས་མ་དར་གོང་ནས་ལྷ་ཡུལ་དང་དམྱལ་ཡུལ་གཉིས་པོ་ནི་རླུང་ལྟར་གྲགས་ཤིང༌། རིག་བྱེད་ཀྱི་གཏམ་རྒྱུད་ཕལ་མོ་ཆེ་ཡང་ལྷ་དང་དམྱལ་བ་པའི་རྟོགས་བརྗོད་ལྟ་བུར་གྱུར་ཡོད། དཔེར་ན་ཆུ་བོ་གང་གའི་ཆུ་མགོ་ལྷ་ཡུལ་དང༌། ཆུ་རྔ་དམྱལ་ཡུལ་དུ་ཟུག་པར་བཤད་པ་ལྟ་བུ་སྟེ་བགྲང་བས་ག་ལ་ལང༌། མཁས་དབང་ར་སེ་དཀོན་མཆོག་རྒྱ་མཚོས། གནའ་བོའི་རྒྱ་གར་བ་རྣམས་ཀྱི་སེམས་ནང་གི་ལྷ་ཡུལ་དེ་ནི་མངའ་རིས་གངས་དཀར་ཏེ་སེའི་གཡས་གཡོན་ཙམ་ཞིག་ཡིན། ཞེས་གསུངས་པ་ནི་ཕལ་ཆེར་བདེན་པ་ལྟ་བུར་འདུག་ལ། དེ་ལྟར་ན་ཁོ་ཚོའི་སེམས་ནང་གི་དམྱལ་བ་དེའང་བྷང་༡ག་ལའི་མཚོ་ཁུག་དེ་ཙམ་ལས་ཞེད་སྣང་ལངས་དགོས་པའི་ས་ཆ་གཞན་པ་ཞིག་ནི་མིན་པ་འདྲ། ནུབ་ཕྱོགས་ཡེ་ཤུ་པ་ཚོས་ཀྱང༌། ལྷ་ཡུལ་ན་འཇིག་རྟེན་བྱེད་པོའི་ལྷ་ཆེན་དང༌། ཁོང་ལ་གློ་བ་མཉེས་པའི་སྐུ་འཁོར་རྣམས་རང་དབང་བག་ཕེབས་ཀྱིས་འཚོ་བ་རོལ་བཞིན་ཡོད་པ་དང༌། དམྱལ་བའི་ཡུལ་ནི་ལྷ་ཆེན་གྱི་བཀའ་དང་འགལ་བའི་མི་ངན་ཚོར་ཆད་ལས་བྱ་ས་དང༌། དམྱལ་བའི་དཔོན་པོ་དེའང་ལྷ་ཆེན་དང་དམ་ཚིག་མེད་པའི་བདུད་འདྲེ་ཞིག་ཡིན་ཚུལ་བཤད། དེ་བཞིན་ཨ་རབ་ཁ་ཆེའི་ཆོས་པ་ཚོས་ཟེར་ཡག་ལ། ལྷ་ཡུལ་ནི་ཤིན་ཏུ་སྐྱིད་དེ། དེ་ན་འོ་མའི་ཆུ་མགོ་དང༌། བུ་རམ་གྱི་རི་བོ་ཡོད། སྡོད་ཁང་ཧ་ཅང་མཛེས་ཤིང་ཁང་པ་རེ་རེའི་ནང་དུ་ཅི་ཙམ་ཟོས་ཀྱང་ཟད་རྒྱུ་མེད་པའི་ཤིང་ཏོག་དཀར་དམར་གཉིས་རེ་བསྒྲིག་བཞག་ཡོད། གྱོན་པ་ཡོད་ཚད་དར་དང་གོས་ཆེན་སྤུས་ལེགས་ཤ་སྟག་ཡིན། རྒྱན་དུ་ནི་གསེར་གྱི་གདུ་བུ་དང༌། མུ་སྟེགས་ཀྱི་སྐེ་རྒྱན་གང་འདོད་དུ་འདོགས་ཆོག །ལྷ་ཕྲུག་ཚོ་ཆ་དང་ཆ་བྱས་ཏེ་དགའ་ཞིང་སྐྱིད་པའི་སྐྱེད་ཚལ་དུ་རྩེད་འཇོར་རོལ་བཞིན་ཡོད་ལ་ཚ་གྲང་གི་སྡུག་བསྔལ་ནི་མིང་ཙམ་ཡང་མེད། མདོར་ན་དེར་ལན་གཅིག་སླེབ་ཐུབ་ན་སྐྱོ་བ་དང་དཀའ་ངལ་སྤུ་ཙམ་མེད་པའི་འཚོ་བ་རོལ་ཐུབ། དམྱལ་བའི་ཡུལ་དེ་ནི་ཤིན་ཏུ་འཇིགས་སུ་རུང་བ་ཞིག་སྟེ། ས་གང་དུ་སོང་ཡང་རྒྱུན་མི་ཆད་པར་འབར་བཞིན་པའི་དམྱལ་མེ་རིམ་པ་བདུན་གྱིས་བསྐོར་ཡོད་ལ། འབར་རྫས་ནི་མིའི་ལུས་པོ་དང་རྡོ་སོལ་ཞུན་མ་ཡིན། དེར་སྡོད་མཁན་ཀུན་གྱིས་མི་འདོད་བཞིན་དུ་མེའི་གོས་གྱོན་ནས་མེའི་སྟན་སྟེང་དུ་ཉལ་དགོས། ཟས་སུ་འདྲེ་མགོ་ཟ་དགོས་ཤིང༌། བཏུང་བ་ནི་ཁྲོ་ཆུ་དང་རྣག་ཡིན། ཟ་འཐུང་ཚར་མ་ཐག་ཁོག་པར་སྣུམ་ཁོལ་བླུག་པ་ལྟར་དོན་ལྔ་སྣོད་དྲུག་ཡོད་ཚད་ལ་གཟེར་ཟུག་རྒྱག་འོང༌། ནམ་རྒྱུན་མགོ་ཐོག་ཏུ་ཆུ་ཁོལ་ལྡུག །རྐུབ་ལ་ལྕག་ཚན་བཤར། ལྕགས་དམར་གྱི་སྐམ་པས་འཇུས་ནས་གཞོགས་ཕར་བརྗེ་ཚུར་བརྗེ་བྱེད་པ་སོགས་བརྙས་ངན་ཁོ་ན་འདོན་པ་ལས། དལ་དལ་ལྷོད་ལྷོད་དུ་ཅུང་ཟད་ཀྱང་འདུག་དབང་མི་སྟེར། ཞེས་སོགས་ཟེར། བོད་པ་ཚོས་གློ་པད་མ་བཀོད་དུ་རྩམ་པའི་ཕུག་པ་དང༌། འོ་མའི་ཆུ་མགོ་ཡོད། རྒྱ་གུང་ཕྲན་ཏང་གིས་མི་རྒན་པ་ཚོ་གསོན་བཤའ་དང༌། ཕྲུ་གུ་ཚོ་གསོན་བཙོ་བྱེད། ཅེས་སོགས་བཤད་མྱོང་བ་དེ་དག་དང་འདྲ་པོ་འདུག་སྟེ་སྙིང་རྗེ་བའི་གནས་སོ། །ཆེས་གདོད་མའི་ཨེ་ཇེབ་ཆོས་ལུགས་པས་ཀྱང༌། མི་ཚོ་ཤི་མ་ཐག་ཏུ་གཤིན་རྗེ་རྒྱལ་པོའི་དྲུང་དུ་བཅར་ནས་རང་ཉིད་མི་ཡུལ་དུ་འཚོ་སྡོད་བྱས་རིང་གི་བྱ་བའི་སྙན་ཞུ་འབུལ་དགོས། སྐབས་དེར་དབུས་ཀྱི་གཙོ་བདག་གཤིན་རྗེ་རྒྱལ་པོ་སྐུ་དངོས་དང༌། མངའ་སྡེ་བཞི་བཅུ་ཞེ་གཉིས་ཀྱི་དམྱལ་དཔོན་ཀུན་འཛོམས་ནས་ཚེ་འདས་ཀྱི་སྐད་ཆ་བདེན་རྫུན་དང༌། ལས་ཀ་ཡག་བཙོག་རྟོག་ཞིབ་བྱེད། བཤད་སྟངས་དང་ལས་སྟངས་འགྲིག་ཡོད་ན་རྟ་ལ་བསྐྱོན་ནས་ལྷ་ཡུལ་དུ་སྐྱེལ། གལ་སྲིད་མ་འགྲིག་ཚེ་འཕྲལ་དུ་ཁོ་ཚོ་རུབ་བརྒྱབ་ནས་ཤ་ཐིགས་པ་ཁྲག་ཐིགས་པ་བྱས་ཏེ་བཟའ་བར་ངེས། དེས་ན་མི་ཤི་མ་ཐག་སྙིང་ལོགས་སུ་བཏོན་ནས་ཤུལ་དུ་སྙིང་རྫུན་མ་ཞིག་བཅུག་བཞག་ན་ཡག་པོ་ཡོད། དེ་ལྟར་བྱས་ན་རྒྱུག་མ་འཕྲོད་པར་ལུས་པོ་ཟོས་སོང་བའི་དབང་དུ་བཏང་རུང་སྙིང་དངོས་མ་དེ་ད་དུང་ལུས་ཡོད་པས་གནད་འགག་ཆེན་པོ་མེད་ཟེར། དེ་བཞིན་གནའ་བོའི་ཤེས་དཔལ་གྱི་རྒྱལ་ཁམས་ནུབ་རྒེ་རེད་སིའི་མི་དམངས་ཀྱིས་ཀྱང༌། རི་བོ་ཨོ་ལོམ་ཕེག་ཁསིའི་ལྷ་ཚོགས་ཞེས་པའི་ལྷ་དང་དམྱལ་བའི་ཞིང་བཀོད་ཧ་ཅང་རྒྱས་པ་ཞིག་འབྲི་བཞེངས་བྱས་ཡོད་ལ། རྙོག་འཛིང་ཆེ་ལ་འཁྲུག་ཆ་དོད་པའི་ལྷ་སྒྲུང་དེས་སྔོན་ཆད་འཛམ་གླིང་མི་དམངས་ཀྱི་ཡིད་དབང་ཡོངས་སུ་འཕྲོག་མྱོང་བར་མ་ཟད། དུས་ད་ལྟ་ཡང་སྒྱུ་རྩལ་མཁན་པོ་ཚོ་ལྷ་སྒྲུང་དེའི་ཀློང་དུ་ཞུགས་སྐབས་མགོ་བོ་ཡོངས་སུ་འཁོར་ཏེ་ཕྱིར་དོན་རྒྱུ་བརྗེད་འགྲོ་བ་དེ་འདྲའི་ངོ་མཚར་ཡོད་པ་རེད། སངས་རྒྱས་པའི་ལུགས་ཀྱི་ལྷ་དང་ལྷ་མིན། དམྱལ་བ་ཡི་དྭགས་བཅས་ཀྱི་ངོ་བོ་དང་སྐྱིད་སྡུག་ནི་ཕལ་ཆེར་ཆོས་ལུགས་གཞན་པ་ཚོས་བཤད་པ་དང་འདྲ་མཚུངས་ཡིན། འོན་ཀྱང་དེ་དག་རེ་རེ་བཞིན་དུ་དེ་དང་དེར་སྐྱེ་དགོས་པའི་རྒྱུ་དང་རྐྱེན། གང་དུ་སྐྱེ་བའི་གནས། ཚེ། ལུས། ལོངས་སྤྱོད། བྱ་བྱེད། སེམས་ཁམས། འཆི་ཚུལ་སོགས་ཞིབ་ཅིང་ཕྲ་བ་བཤད་ཡོད་པ་དེ་འདྲ་ནི་ཆོས་ལུགས་གཞན་པ་གང་གིས་ཀྱང་མ་ཐོན་པའི་ཚོད་རེད། ས་ཡི་འོག་ཏུ་དམྱལ་བ་དང་ཡི་དྭགས་ཞེས་པའི་ཁྲིམས་ར་ཞིག་དང༌། ནམ་མཁའི་ནང་དུ་ལྷ་དང་ཞིང་ཁམས་ཞེས་པའི་གླིང་ཁ་ཞིག་ཡོད་པར་འདོད་པ་འདི་མཐར་གཏུགས་ན་འཇིག་རྟེན་བྱེད་པོ་འདོད་པའི་ལུགས་ཡིན། དེ་ལྟ་མིན་ཚེ་རང་བྱུང་གི་ཁྲིམས་ར་དང༌། མ་བཅོས་པའི་གླིང་ཁ་ཞིག་ཡོད་དོན་ཅི་ཡོད། ལྷ་ཡུལ་གྱི་གྲོང་དང་གྲོང་ཁྱེར་ཕོ་བྲང་དེ་ཚོ་དང༌། དམྱལ་བའི་ཡུལ་གྱི་ལྕགས་མཁར་སྒོ་མེད་དང་ཟངས་མོ་ཆེ་དེ་དག་ལྷ་དབང་གིས་བཀོད་སྒྲིག་བྱས་པ་མིན་ན་གང་ཞིག་ནས་བྱུང་བ་རེད། བྱེད་པོ་མེད་ཀྱང་ལས་ཀྱི་མཐུ་ལ་བརྟེན་ནས་རང་ཤུགས་སུ་གྲུབ་པར་འདོད་ན་དེ་ནི་གནམ་བསྐོས་ལས་དབང་སྨྲ་བའི་ལུགས་ཡིན། འོ་ན་མི་ཡུལ་གྱི་ཁང་པ་དང་ཁང་པའི་ནང་གི་འཛིན་ཆས་འདི་ཚོ་འབད་མེད་ལྷུན་འགྲུབ་ཏུ་མི་འབྱུང་བའི་རྒྱུ་མཚན་ཅི་ཡིན་ནམ། མི་རྣམས་ལ་ཡང་མི་ཡུལ་གྱི་འཚོ་བ་རོལ་རྒྱུའི་ལས་ཡོད་པ་མིན་ནམ། སེམས་ཅན་དམྱལ་བའི་སྲུང་མ་རྣམས་འགྲོ་བ་རང་རྒྱུད་པ་ཡིན་མིན་དང༌། ལྕགས་སྲེག་ས་གཞི་སུ་ཡིས་བྱས། །མོ་ཚོགས་དེ་དག་ཅི་ལས་བྱུང༌། ཞེས་པའི་དྲི་བ་སྔར་ནས་བཀོད་མྱོང་ཡོད། དེའི་དྲིས་ལན་ནི། དེ་འདྲ་དེ་དག་ཐམས་ཅད་ཀྱང༌། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། ཞེས་པ་འདི་ཡིན་ལ་དེར་འགྲེལ་བཤད་བསྐྱོན་སྟངས་མི་འདྲ་བ་གཉིས་བྱུང་ཡོད། དང་པོ་ནི། དེ་དག་བྱེད་པོ་གང་ཟག་གཞན་ཞིག་གིས་ཆེད་དུ་བཀོད་སྒྲིག་བྱས་པ་མིན་པར་ཚེ་སྔོན་མར་ལས་ངན་བསགས་པའི་རྣམ་སྨིན་ཙམ་ཡིན་ཞེས་དང༌། གཉིས་པ་ནི། ཞིང་ཁམས་ཞེས་པའི་ཡུལ་གྲུ་ལྟ་ན་སྡུག་པ་ཞིག་དང༌། དམྱལ་ཡུལ་ཞེས་པའི་གྲོང་ཁྱེར་འཇིགས་སུ་རུང་བ་དེ་འདྲ་ལོགས་སུ་མེད། ལས་དག་ན་སྡོད་ས་འདི་ཉིད་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་དང༌། ལས་མ་དག་ན་དམྱལ་བ་རྡོ་རྗེ་གདན་དེ་ཡང་འདི་རང་ཡིན། ཞེས་པ་སྟེ་སྔ་མ་འདི་གཞུང་ལུགས་པ་དང༌། ཕྱི་མ་འདི་གདམས་ངག་པ་ཚོས་བཏབ་པའི་ལན་རེད། ལན་སྔ་མ་དེ་ལ་ལས་ངན་བསགས་པ་ཙམ་གྱིས་ལས་འབྲས་ལྕགས་སྲེག་གི་ས་གཞི་དང༌། ཤལ་མ་ལིའི་བུད་མེད་དེ་ཚོ་འབད་མེད་དུ་འབྱུང་ཆོག་ན། ལས་དཀར་ནག་འདྲེས་མ་བསགས་པའི་མི་ཡུལ་འདིར་ཡང༌། ས་ཁང་ཤིང་ཁང་དང་ལས་གཟུགས་ཀྱི་མི་མོ་གདོང་དམར་མ་ཚོ་རང་ཤུགས་སུ་འབྱུང་མི་ཆོག་པའི་རྒྱུ་མཚན་ཅི་ཡིན་ནམ། ཞེས་མཚུངས་པ་བགྲེ་བའི་ཐལ་འགྱུར་འཕངས་པ་དེ་ལ་ལན་ཐེབས་པའི་རེ་བ་མེད། ཕྱི་མ་དེ་ནི་དངོས་ལན་མ་ཐེབས་པར་ཚིག་ཤིན་ཏུ་འདྲེད་པ་ཞིག་སྨྲས་ནས་གཡོལ་ཐབས་བྱས་པ་ཙམ་དུ་སྣང་སྟེ། འོག་མིན་གྱི་ཁང་བཟང་ལ་བཞེངས་མཁན་དགོས་མིན་དང༌། དམྱལ་བའི་སྲུང་མ་སེམས་ཅན་ཡིན་མིན་ལ་ལན་ཅུང་ཟད་ཀྱང་བཏབ་མི་འདུག་པས་སོ། །འདི་འདྲའི་ཉེས་སྐྱོན་སྔ་མ་འདི་རི་བོ་དགེ་ལྡན་པའི་གྲུབ་མཐའ་འཛིན་པའི་དགེ་བཤེས་མགོ་མཁྲེགས་དེ་ཚོས་ཁུར་དགོས་ཤིང༌། ཕྱི་མ་འདི་ས་དྭགས་རྙིང་གསུམ་གྱི་ཁྲོད་དུ་ཡོད་པའི་གྲུབ་ཆེན་ཧམ་པ་ཅན་ཁོ་ཚོས་ཁུར་དགོས་པ་ཡིན། རང་ར་སེ་དཀོན་མཆོག་རྒྱ་མཚོ་སོགས་ཁ་ཅིག་གིས། ཐེག་ཆེན་པའི་ལུགས་ལ་དམྱལ་བ་སེམས་སྣང་ཙམ་ཡིན། ཞེས་ཟེར་བཞིན་འདུག་སྟེ་དེ་ནི་དོན་དུ་དམྱལ་བ་ཁས་མི་ལེན་ཞེས་ཟེར་འདོད་པ་ཡིན་པས་ཐེག་ཆེན་པ་གཞན་པ་ཚོའི་ཐུགས་ལ་བབ་མིན་ཁོ་བོས་མི་ཤེས་སོ། །ཅིས་ཀྱང་མི་ངན་ལ་ཆད་པ་གཅད་སའི་དམྱལ་བ་དང༌། མི་བཟང་ལ་དཔེ་བཟང་སྤྲད་སའི་ལྷ་ཡུལ་ཞེས་པ་དེ་འདྲ་ཞིག་ཡོད་ན་མི་ཡུལ་རང་དང་འདབས་འབྲེལ་དུ་ཡོད་འོས་པ་ལས། གོ་རིག་དང་མཐོང་ཐོས་ཅུང་ཟད་ཀྱང་མི་ཐུབ་པའི་ཡུལ་ཞིག་ཏུ་ཆགས་དགོས་དོན་ཅི་ཡོད། གཤིན་རྗེ་ཆོས་རྒྱལ་གྱིས་འགོ་ཁྲིད་པའི་ཁྲིམས་ཁང་དྲང་བདེན་ཅན་དེའང་མི་ཡུལ་འདི་རང་དུ་བཙུགས་ནས་མིག་སྔོན་པོས་སྔོན་པོར་ཕར་ལྟ་ཚུར་ལྟ་བྱས་ཏེ་གདོང་བཤེར་བརྒྱབ་ཕོད་ན་ཕོ་རབ་ཀྱི་ལས་ཀ་ཡིན་གྱི། ས་འོག་གི་འཇིག་རྟེན་ཞིག་ཏུ་གབ་ནས་ཤི་སྒུག་བྱེད་པ་ནི་ཐབས་རྡུག་པའི་བྱ་བ་མ་ཡིན་ནམ། སངས་རྒྱས་རྣམ་པར་ཐུགས་རྗེ་དང་ནུས་པ་དེ་འདྲ་ཆེ་ན། ལས་འབྲས་མངོན་སུམ་དུ་བསྟན་ནས་མ་འོངས་སྔོན་འགོག་གནང་དགོས་པ་ལ། དེ་ལྟར་མི་གནང་བར་ནམ་མཁའ་ཇི་སྲིད་བར་དུ་སྤྱན་ཆབ་ཁོ་ན་ཕྱུངས་ཏེ་བཞུགས་པ་ནི་ཐབས་ལ་མི་མཁས་པའི་མཛད་པ་རེད། བརྟག་དཔྱད་དེ་ཙམ་ཡང་མི་བཟོད་ན་རིགས་པས་གྲུབ་པའི་ཆོས་ལུགས་ཞེས་པའང་དེ་ཙམ་དུ་ཟད་དོ། །ལར་རྟེན་སྣོད་ཀྱི་འཇིག་རྟེན་འདིར་འོག་ཏུ་དམྱལ་བའི་ཡུལ་གྲུ་དང༌། བླ་རུ་ལྷ་ཡི་ལུང་པ་དེ་འདྲ་མེད་པར་ཐག་ཆོད་ཚར་ཡོད་པས། བརྟེན་པ་ལྷ་དང་དམྱལ་བ་ཞེས་པ་དེ་ཚོའང་གྱང་མེད་པའི་རི་མོ་ལྟར་ཡར་འགྲོ་བ་ལས་འོས་ཅི་ཞིག་ཡོད། དེ་ལྟར་བསམ་ན་མི་མངོན་པའི་འཇིག་རྟེན་དེ་ཚོ་ནི་དེ་འདྲའི་དཔྱད་མི་བཟོད་པ་ཞིག་དང༌། མེས་པོ་ཚོའི་བསམ་བློ་དེ་དག་ནི་དེ་འདྲའི་དགོད་བྲོ་བ་ཞིག་རེད་བཞག་བསམ་ནས་སྙིང་ཡང་རྗེ་འོང་བར་འདུག །སངས་རྒྱས་ཆོས་ལུགས་རང་ཁོ་ནའི་ངོས་ནས་བཤད་ནའང་ལྷ་དང་དམྱལ་བ་མེད་པ་ཙམ་གྱིས་མགོ་ཐོག་ཏུ་གནམ་རྡིབ་འོང་བ་མ་ཡིན་ཞིང༌། རྐང་འོག་ནས་ས་རྡིབ་འགྲོ་བ་ཡང་མ་ཡིན་ནོ་སྙམ་དུ་ཁོ་བོས་བསམ་བཞིན་ཡོད། མདོར་ན་བསམ་གཞིག་དང་སྐད་ཆའི་ནུས་པ་མ་སྨིན་པའི་སྲོག་ཆགས་དུད་འགྲོ་དང༌། དེ་སྨིན་པའི་མཐོ་རིམ་གྱི་འགྲོ་བ་མིའི་རིགས་གཉིས་ལས་གཞན་པའི་ཚེ་སྲོག་ཅིག་དུས་ད་ལྟའི་བར་དུ་གཏན་ནས་རྙེད་མེད་ལ། མི་དང་དུད་འགྲོ་ཞེས་པའི་སྲོག་ཆགས་འདི་གཉིས་ཀྱང་ཚེ་སྲོག་འཕེལ་འགྱུར་གྱི་གོ་རིམ་ཙམ་ཞིག་ལས། ངོ་བོའི་ཐོག་ནས་འགྲོ་བ་རིགས་མི་འདྲ་བ་གཉིས་ཀྱང་ཡིན་པར་མི་འདོད། སྟོང་ཁམས་ཆེན་མོ་འདིར་སྐར་མའི་ཚོགས་ནི་འདི་ཙམ་ཞིག་མང་ཡང༌། ཆུ་དང་དབུགས། དྲོད་སོགས་འཚོ་སྡོད་ཀྱི་ཆ་རྐྱེན་ཡོངས་སུ་ཚང་བའི་འཇིག་རྟེན་ནི་སའི་གོ་ལ་ཞེས་པའི་སྐར་འབྲུ་ཆུང་ངུ་འདི་གཅིག་པུ་ལས་མཐོང་རྒྱུ་མེད། ཉི་མའི་ཁྱིམ་རྒྱུད་ཀྱི་སྐར་མ་མིག་དམར་འདི་སའི་གོ་ལ་དང་འདྲ་ས་ཅུང་མང་བས་དེར་སྟབས་བདེའི་ཚེ་སྲོག་གམ། ཐ་ནའང་ཆེས་གདོད་མའི་སྐྱེ་དངོས་ཙམ་ཞིག་ཡོད་སྲིད་པའི་རེ་བ་རྒྱག་བཞིན་ཡོད་ནའང༌། དུས་ད་ལྟའི་བར་དུ་རེ་འབྲས་ནི་སྟོང་པ་ཉག་གཅིག་ཡིན། དེར་མིས་བཟོས་གཙང་པོའི་རྗེས་ཤུལ་ཞིག་ཡོད་ཚོད་འདུག་ཅེས་དང༌། བྲག་ལྡེབས་སུ་མིའི་བརྐོས་རིས་ཆེན་པོ་ཞིག་ཡོད་པ་འདྲ་ཞེས་དང༌། བར་སྣང་ཁམས་སུ་འཇིག་རྟེན་གཞན་པའི་མིས་སྡེར་དབྱིབས་ཀྱི་འཕུར་གྲུ་གཏོང་ནས་འགྲོ་བཞིན་འདུག །ཅེས་སོགས་བཤད་རྒྱུ་གླེང་རྒྱུ་ནི་མང་པོ་ཞིག་ཡོད་ཀྱང་ཞིབ་དཔྱོད་བྱེད་སྐབས་རང་བྱུང་ཁམས་ཀྱི་སྣང་ཚུལ་ཙམ་དང༌། མི་བདེན་རྫུན་བསྒྲིག་གི་གཏམ་འཆལ་ཙམ་ལས་ར་སྤྲོད་ཕེར་བ་གཅིག་ཀྱང་བྱུང་མེད། འོན་ཀྱང་ཆེས་རྒྱང་ཐག་རིང་བའི་སྐར་མ་འགའ་རེའི་ཐོག་ནས་རང་རེ་མིའི་རིགས་ཀྱི་སྤུན་ཟླ་འདྲ་རྙེད་པའི་རེ་བ་ཙམ་ནི་ད་དུང་རྒྱག་བཞིན་ཡོད་ལ་མ་འོངས་པ་ན་རེ་འབྲས་མངོན་དུ་འགྱུར་ཡང་སྲིད་པ་ཡིན། དེ་འདྲའི་སྲོག་ཆགས་ཤིག་རྙེད་པའི་དབང་དུ་བཏང་རུང༌། དེ་ནི་ང་ཚོ་དང་ཕ་ཡུལ་མི་འདྲ་བ་ཙམ་ལས། སྐར་མ་གཞན་པའི་འགྲོ་བ་ཡིན་ན་ལྷ་འདྲེ་གདོན་བགེགས་གང་རུང་ཞིག་ཡིན་དགོས་པའི་ཁྱབ་པ་ནི་ནམ་ཡང་མེད། གཟུགས་པོ་ཆུང་ཆེས་པས་ཆེ་ཤེལ་གྱི་འོག་ནས་མ་གཏོགས་མཐོང་མི་ཐུབ་པའི་སྲོག་ཆགས་མང་པོ་ཡོད་པ་དེ་ཚོ་ལ་འབུ་ཕྲ་ཟེར། གཟུགས་པོ་དྭངས་ཆེས་པས་སམ། ཡང་ན་སྒྲིབ་ཤིང་འཁོར་ལོས་བསྒྲིབས་ནས་མདུན་དུ་ཡོད་ཀྱང་མཐོང་མི་ཐུབ་པའི་སྲོག་ཆགས་དེ་འདྲ་ཡོད་པའི་དཔང་རྟགས་ཕྲ་མོ་ཙམ་ཡང་མེད་པར་མ་ཟད། ཚེ་སྲོག་གི་གཞི་རྒྱུ་དང་གྲུབ་ཆ་ལ་བརྟགས་ན་དེ་འདྲ་ནི་མི་སྲིད་པའི་ཚོད་ཙམ་ཡིན། འོན་ཀྱང་གཞི་རྒྱུ་དང་མ་གཟུགས་འདི་དག་དང་རྦད་དེ་མི་འདྲ་བའི་ཚེ་སྲོག་དཔེ་གསར་ཅན་དེ་འདྲ་ཡོད་ན་ཅི་ཤེས་ཏེ། ད་ལྟ་ནི་ཤ་ཟ་རྣམས་ལ་ཤ་ཟ་ཁོ་རང་ཚོས་བཟོས་པའི་ཤ་ཟའི་བུམ་པ་དེ་འདྲ་ཁུར་རྒྱུ་ཡོད་མེད་ང་ཚོས་ཧ་མི་གོ་བ་བཞིན་ཤིན་ཏུ་བསྐལ་པའི་དོན་དག་ཡིན། བུམ་པ་ཡིན་ན་སྣང་རུང་གི་བུམ་པ་ཡིན་དགོས་པ་དང༌། དུ་བ་ཡིན་ན་མེ་ལས་སྐྱེས་པའི་དུ་བ་ཡིན་དགོས་པའི་ཁྱབ་པ་འདི་ཡོད་ན་ནི། སྲོག་ཆགས་ལའང་ཡུལ་དང་དུས་ཀྱིས་བསྐལ་པ་ཙམ་ལས་རང་བཞིན་གྱིས་བསྐལ་པའི་སྲོག་ཆགས་དེ་འདྲ་མེད་ཅེས་སྨྲས་ཀྱང་ཆོག་པར་སེམས། འདོད་ལྷ་རིས་དྲུག །གཟུགས་ཁམས་བཅུ་བདུན། གཟུགས་མེད་མུ་བཞི། ལྷ་མིན་སྡེ་བཞི། ཡི་དྭགས་སོ་དྲུག །དམྱལ་ཁམས་བཅོ་བརྒྱད་བཅས་ཀྱི་གྲངས་འདྲེན་ཡོད་ཚད་ལུང་ཚིག་ཁོ་ནས་བསྒྲུབ་ཡོད་སྟབས། ལུང་རྩིས་མེད་དུ་སོང་བ་ཙམ་གྱིས་ཐག་ཆོད་ཚར་བས་རེ་རེ་བཞིན་དུ་མི་བདེན་པའི་རིགས་པ་ལོགས་ཤིག་ནས་འཚོལ་མི་དགོས། གཞན་དུ་ན་འདོད་ལྷ་རིས་བཅུ། གཟུགས་ཁམས་ཉི་ཤུ། གཟུགས་མེད་མུ་བརྒྱད། ལྷ་མིན་སྡེ་བདུན། ཡི་དྭགས་བཞི་བཅུ། དམྱལ་ཁམས་ཉེར་གཅིག་ཡོད་ཟེར་ན་དེ་ཙམ་མེད་ངེས་པའི་སྒྲུབ་བྱེད་ཅི་ཡོད། ང་ལ་འཛམ་གླིང་རྒྱུ་ཡིས་མི་ཁུགས་པའི་ནོར་བུ་རྡོག་རྡོག་ཅིག་ཡོད་ཟེར་ཡང༌། ཡོད་ངེས་པའི་དཔང་རྟགས་བསྟན་རྒྱུ་མེད་ཚེ་མེད་པར་རྩི་དགོས་པ་ལས། མེད་ངེས་པའི་གཏན་ཚིགས་བཀོད་རྒྱུ་མེད་ཚེ་ཡོད་པར་རྩི་མི་རུང་བ་ལྟར་རེད། རྟོག་གེ་པའི་སྐད་ཆ་བེད་སྤྱད་ན་འདི་ལ་སྣང་རུང་མ་དམིགས་པའི་གཏན་ཚིགས་ཟེར།
འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་འཆད་སྐབས་ནི་མངོན་པའི་གཞུང་ནས་བཤད་པ་དང༌། ཚན་རིག་མཁན་པོའི་འདོད་པ་གཉིས་རོ་རྒྱབ་ཁུར་ཤ་སྟག་ཏུ་སོང་ཡོད། དེ་ཡང་མངོན་པ་བས་མི་ནི་ལྷ་ནས་མར་ལྷུང་བར་འདོད་ལ། ཚན་རིག་པས་དུད་འགྲོ་ནས་ཡར་འཕེལ་བར་འདོད། མངོན་པ་བས་འཇིག་རྟེན་དང་པོར་ཆགས་སྐབས་དུད་འགྲོ་རྣམས་ཀྱང་ད་ལྟའི་མི་དང་འདྲ་བར་སྨྲ་ཤེས་ཤིང་དོན་གོ་བའི་སྤྱང་གྲུང་ཅན་ཞིག་ཏུ་འདོད་ལ། ཚན་རིག་པས་སྐབས་དེར་མི་རྣམས་ཀྱང་ད་ལྟའི་དུད་འགྲོ་བཞིན་དུ་གླེན་ཞིང་ལྐུག་པ་ཡིན་པར་འདོད། མངོན་པ་བས་ཐོག་མའི་མི་དེ་ཚོ་ལུས་ལས་འོད་འཕྲོ་ཞིང་བྱ་བཞིན་དུ་འཕུར་ནས་འགྲོ་བར་འདོད་ལ། ཚན་རིག་པས་ཐོག་མའི་མི་དེ་ཚོ་ལུས་ལ་སྤུ་སྐྱེས་ཤིང་ཟོག་བཞིན་དུ་གོག་ནས་འགྲོ་བར་འདོད། མངོན་པ་བས་ཐོག་མའི་མི་དེ་ཚོ་དགའ་བའི་ཟས་ཀྱིས་འཚོ་བར་འདོད་ལ། ཚན་རིག་པས་ཐོག་མའི་མི་དེ་ཚོ་ཤ་རྗེན་ཆུ་གྲང་གིས་འཚོ་བར་འདོད། མངོན་པ་བས་ད་ལྟའི་མི་ལས་གདོད་མའི་མི་རྣམས་གཟུགས་བཟང་ཞིང་ཚེ་རིང་བར་འདོད་ལ། ཚན་རིག་པས་ད་ལྟའི་མི་ལས་གདོད་མའི་མི་རྣམས་གཟུགས་ངན་ཞིང་ཚེ་ཐུང་བར་འདོད། མངོན་པ་བས་ད་ལྟའི་མི་ལས་གདོད་མའི་མི་རྣམས་རྣམ་རིག་བཀྲ་ཞིང་ཀུན་སྤྱོད་གཙང་བར་འདོད་ལ། ཚན་རིག་པས་ད་ལྟའི་མི་ལས་གདོད་མའི་མི་རྣམས་རྣམ་རིག་བརྟུལ་ཞིང་ཀུན་སྤྱོད་བཙོག་པར་འདོད། མངོན་པ་བས་ད་ལྟ་ལས་སྔོན་ཆད་འབྱོར་པ་ཆེ་ཞིང་གྲོང་ཁྱེར་དང་གྲོང་ཁྱེར་གཞན་པའི་བར་དུ་བྱ་གག་འཕུར་བས་སླེབ་པ་ཙམ་རྒྱས་མྱོང་བར་འདོད་ལ། ཚན་རིག་པས་སྔོན་གྱི་དུས་སུ་ཤིན་ཏུ་འབུལ་ཞིང་མི་ལོ་ཁྲི་ཡི་ཡར་སྔོན་ན་འཛམ་གླིང་འདིར་གྲོང་ཁྱེར་གྱི་མིང་ཙམ་ཡང་མེད་པར་འདོད། མངོན་པ་བས་གནའ་ནས་ད་བར་འཚོ་བའི་ཆ་རྐྱེན་ཇེ་སྡུག་ཇེ་ཞན་དང་མི་གྲངས་ཀྱང་ཇེ་ཉུང་དུ་འགྱུར་འགྲོ་བཞིན་ཡོད་པར་འདོད་ལ། ཚན་རིག་པས་འཚོ་བའི་ཆ་རྐྱེན་ཇེ་བཟང་དང་མི་གྲངས་ཀྱང་ཇེ་མང་ཡིན་པར་འདོད། ཕྱི་སྣོད་ཀྱི་འཇིག་རྟེན་ལེབ་ལེབ་དང་ཟླུམ་པོ་གང་ཡིན་ཡང་ཆོག །ནང་བཅུད་ཀྱི་སེམས་ཅན་ལ་རིགས་གཉིས་སམ་དྲུག་ཡོད་ཀྱང་འདྲ། ང་ཚོ་ལ་མཚོན་ན་ཕན་གནོད་ཐོབ་ཤོར་ཅི་ཡང་བརྩི་རྒྱུ་མེད། ཅིས་ཀྱང་ཤེས་དགོས་པ་ནི་འགྲོ་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་འདི་ཡིན། དེང་སང་བོད་ཀྱི་བསམ་བློ་པར་གྲགས་པ་ཚོས། ང་ཚོས་བདག་མེད་བསྒྲུབ་པས་བདག་འཛིན་བརླགས་སོང༌། སྙིང་རྗེ་བསྒོམ་པས་བཙན་གནོན་བྱས་སོང༌། གཞན་དོན་བྱས་པས་རང་དོན་ཤོར་སོང༌། མ་ནམ་མཁའ་གླེང་ནས་མི་རིགས་བརྗེད་སོང༌། ཞེས་སོགས་ཟེར་ཏེ་སངས་རྒྱས་ཆོས་ལུགས་ལ་ངོ་རྒོལ་རྒྱག་བཞིན་འདུག་མོད། ཁོ་བོས་ནི་ང་ཚོ་རྒུད་པའི་རྩ་བ་དང༌། སངས་རྒྱས་ཆོས་ལུགས་ཀྱིས་བཞག་པའི་བག་ཆགས་སྡུག་ཤོས་ཤིག་ནི། སྐྱོ་སྣང་རིང་ལུགས་ཀྱི་དྲིལ་བསྒྲགས་འདི་རེད་སྙམ་གྱིན་ཡོད། མཐོ་སྲིད་པའི་རྩེ་མོ་ནས་བཟུང་སྟེ་དམའ་ན་རག་དམྱལ་བའི་བར་གྱི་འཇིག་རྟེན་འཁོར་བ་འདི་ཡོངས་རྫོགས་སྡུག་བསྔལ་གྱི་རྒྱ་མཚོ་དང༌། མེ་མ་མུར་གྱི་འོབས། སྲིན་མོ་བུ་གཟན་མའི་གླིང༌། དུག་སྦྲུལ་གདུག་པའི་ཚང༌། སྤུ་གྲི་རྣོན་པོའི་སོ། ཆུ་སྲིན་ཁྲོས་པའི་ཁ་ཡིན་པས་ཉིན་མོའི་ཟས་དང་མཚན་མོའི་གཉིད་ཀྱང་མི་དྲན་པར་དགེ་བཤེས་གླང་རི་ཐང་པ་ལྟར་ཚེ་གང་པོར་ངོ་ནག་སྡུག་གེར་དང༌། སེམས་སྟོང་ལྷང་ངེར་འདུག་དགོས་པ་དང༌། འཁོར་བའི་ཕུན་ཚོགས་མཐའ་དག་ལ་ཡིད་སྨོན་ཅུང་ཟད་ཙམ་ཡང་མི་སྐྱེ་བར་མགོའམ་གོས་ལ་མེ་ཤོར་བ་ལྟ་བུའི་བྲེལ་འཚབ་ཀྱི་སྒོ་ནས་ཐར་པའི་ཕྱོགས་སུ་རྒྱུག་དགོས་པ་དང༌། ཚོང་དང་སོ་ནམ་སོགས་དོན་ཆུང་ཚེ་འདིའི་ལས་ལ་མགོ་འཁོར་བ་ནི་ཕྱུགས་ལས་ཀྱང་ལོད་པའི་ཕྱུགས་རང་ཡིན་པ་དང༌། འཕྲལ་གྱི་ལྟོ་གོས་ཙམ་ནི་དུད་འགྲོས་ཀྱང་རྙེད་བཞིན་ཡོད་པས་འཇིག་རྟེན་འཚོ་ཐབས་ཀྱི་ཕྱོགས་ལ་ཕོ་རྒོད་པས་ནི་རྒོད་པའི་གོ་ཅུང་ཟད་ཀྱང་མི་ཆོད་པ་དང༌། ད་རེས་ཀྱི་མི་ལུས་འདི་ནི་བསྐལ་པ་བརྒྱ་ཡི་ནང་ནས་གོ་སྐབས་ལན་གཅིག་ཁོ་ན་ཡིན་པས་འཇིག་རྟེན་འཁོར་བའི་འདུན་མ་ཡོད་ཚད་ཆེ་བཞག་ཆུང་བསྐྱུར་བྱས་ཏེ་ཟས་སྲོག་འཚོ་དང༌། གོས་ལྷགས་སྐྱོབ་ཙམ་ཞིག་བསྟེན་ནས་དཀའ་ཐུབ་དང་སྒོམ་བཟླས་ཁོ་ནར་བརྩོན་དགོས་པ་དང༌།  འཆི་རྐྱེན་མང་ཞིང་འཚོ་རྐྱེན་ཉུང་བའི་མི་ཚེ་འདི་ནི་དྲག་རླུང་ཁྲོད་ཀྱི་མར་མེ་ལྟར་ད་ཡོད་ད་མེད་ཡིན་པས་སང་ཉིན་ཕན་ཆད་གསོན་པོར་སྡོད་པའི་རྩིས་གཏན་ནས་བརྒྱབ་མི་རུང་བ་དང༌། དེང་སང་ནི་ལྟ་བའི་སྙིགས་མ་དང༌། ཚེ་ཡི་སྙིགས་མ་དང༌། སེམས་ཅན་གྱི་སྙིགས་མ་སོགས་སྙིགས་མ་ལྔ་མཚོ་རྡོལ་རྡོལ་དང་རི་ལུག་ལུག་བྱེད་པའི་དུས་ཡིན་པས། དུས་ངན་འདི་འདྲ་ཞིག་ལ་རང་རེ་མི་ཡུལ་འདིར་སླེབ་པ་ནི་སྟབས་མ་ལེགས་པ་ཞིག་དང༌། ལམ་འགྲོ་མ་རྒྱུགས་པ་ཞིག །ལན་ཆགས་ཤིག །ནོར་འཁྲུལ་ཞིག །ཆགས་སྒོ་ཞིག །ཕམ་ཁ་ཞིག །གྱོང་གུད་ཞིག་ལས་རིན་ཐང་དང་དོན་སྙིང་སྤུ་ཙམ་ཡང་མེད་པ་དང༌། ད་ནས་མི་རིང་བར་ནད་ཀྱི་བར་གྱི་བསྐལ་པ་དང༌། མུ་གེའི་བར་གྱི་བསྐལ་པ་དང༌། མཚོན་གྱི་བར་གྱི་བསྐལ་པ་བཅས་དུས་ངན་བསྐལ་པའི་ཁུགས་སོ་དེ་ཚེས་རྒྱུ་ཡིན་པས་མིའི་རིགས་ཀྱི་མ་འོངས་པའི་ལས་དབང་ནི་ཡ་ང་ཞིང་ཡི་མུག་དགོས་པ་ཞིག་ཡིན་པ་དང༌། དུས་ངན་ཚེ་ལོ་བཅུ་པ་དེ་ལས་རེ་ཞིག་གཡོལ་འདོད་ན་ཐབས་ཤེས་གཅིག་རང་ཡོད་པ་ནི། མདུན་སྐྱོད་ཀྱི་གོམ་མཚམས་རྦད་དེ་བཞག་ནས་ནུས་ཤུགས་ཡོད་རྒུས་ལྟག་ལོག་བརྒྱབ་རྒྱུ་སྟེ། གནའ་རབས་ཀྱི་མེས་པོ་ཚོས་བཞག་པའི་ལམ་དང་ལུགས་སྲོལ་རྣམས་སྲུང་སྐྱོབ་བྱས་ཏེ་དེའི་ནང་དུ་འཛུལ་རྒྱུ་དང༌། གནའ་རབས་ཀྱི་མཛངས་མི་ཚོས་གསུངས་པའི་ལེགས་བཤད་དག་བརྗེད་དུ་མི་འཇུག་པར་ངག་ནས་བསྐྱོར་རྒྱུ་དང༌། གནའ་རབས་ཀྱི་མཁས་པ་ཚོས་གནང་བའི་གདམས་ངག་རྣམས་བཅོས་བསླད་མེད་པར་སྙིང་ལ་འཇོག་རྒྱུ་དང༌། གནའ་རབས་ཀྱི་སྟོན་པ་ཚོས་གཏན་ལ་ཕབ་པའི་གྲུབ་མཐའ་དག་ལ་ཐེ་ཚོམ་མི་ཟ་བར་ཡིད་ལ་བསྒོམ་རྒྱུ་དང༌། གནའ་རབས་ཀྱི་སྐྱེས་ཆེན་ཚོའི་མཛད་སྤྱོད་ལ་སྐྱོན་རྟོག་མི་བྱེད་པར་དག་སྣང་སྦྱང་རྒྱུ་དང༌། མདོར་ན་ཡོད་ཚད་ལ་གནའ་རབས་ཚད་ཤིང་བཞག །གནའ་རབས་ལ་མིག་དཔེ་ལྟ། གནའ་རབས་ལ་ལད་ཟློས་བྱེད། གནའ་རབས་ཚང་གཙུག་ཏུ་བཀུར། གནའ་རབས་ཉིད་ངག་ནས་བཟླ། གནའ་རབས་རང་ཡིད་ལ་བསྒོམ། གནའ་རབས་ཁོ་ནར་སྐྱབས་སུ་འགྲོ་དགོས་པ་དང༌། འདས་ཟིན་པའི་གནའ་རབས་ཀྱི་དུས་དེ་ནི་རྫོགས་ལྡན་ཕུན་ཚོགས་ཀྱི་དུས་ཡིན་པས་རེ་བ་དང་ཡིད་ཆེས། སྤྲོ་སྣང་དང་མོས་པ་ཡོད་ཚད་འདས་ཟིན་པའི་གནའ་རབས་ཀྱི་དུས་དེར་སྒོམ་དགོས་པ་དང༌། ཤི་ཟིན་པའི་གནའ་རབས་ཀྱི་མི་བོ་ཆེ་རྣམས་ནི་པཎ་ཊི་ཏ་དང༌། གྲུབ་པའི་དབང་ཕྱུག །ཚད་མའི་སྐྱེས་བུ་དང༌། ཐམས་ཅད་མཁྱེན་པ་ཤ་སྟག་ཡིན་པ་དང༌། ང་ཚོ་ནི་ཁོང་རྣམ་པའི་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་ཙམ་ཡང་མ་རག་པའི་ལས་ངན་བསོད་ཟད་སྐལ་ཆད་ཐོད་སྐམ་རྐྱང་རྐྱང་ཡིན་པ་དང༌། ད་ནས་བཟུང་ང་ཚོས་ཤི་ཟིན་པའི་སྐྱེས་ཆེན་ཁོང་རྣམ་ཚོར་མྱ་ངན་གྱི་སྒོ་ནས་འོ་དོད་འབོད། སྐྱོ་སྣང་ཆེན་པོས་སྨྲེ་སྔགས་འདོན། ཞལ་གཟིགས་གནང་བའི་འདུན་པ་བཅངས། ལུང་བསྟན་བརྒྱབ་པའི་རྟེན་འབྲེལ་བསྒྲིག །བྱིན་རླབས་སྩོལ་བའི་སྙན་ཞུ་འབུལ། རྗེས་སུ་འཛིན་པའི་གསོལ་བ་འདེབས། འདུ་འབྲལ་མེད་པའི་སྨོན་ལམ་བརྒྱབ། ཐུགས་ཡིད་འདྲེས་པའི་ཐབས་ལམ་འཚོལ་དགོས་པ་དང༌། ཁོང་རྣམ་པས་མ་གཟིགས་པ་ཞིག་ང་ཚོས་མི་མཐོང༌། ཁོང་རྣམ་པས་མ་གསན་པ་ཞིག་ང་ཚོས་མི་གོ །ཁོང་རྣམ་པས་མ་གསུངས་པ་ཞིག་ང་ཚོས་མི་འཁྱོལ། ཁོང་རྣམ་པ་མ་ཕེབས་པའི་ས་དེར་ང་ཚོ་མི་སླེབ། ཁོང་རྣམ་པས་མ་གནང་བའི་ལས་དེ་ང་ཚོས་མི་འགྲུབ། ཁོང་རྣམ་པས་མ་དགོངས་པ་ཞིག་ང་ཚོས་མི་ཤེས་པ་དང༌། ང་ཚོ་སྡུག་ཚོད་སྣ་རྩེ་ནས་བཟུང་སྟེ་འགྲོ་ཤེས་འདུག་མཁས་བྱ་དགོས་པ་ལས། མི་མཁས་མཁས་མདོག་དང༌། མི་འཇོན་འཇོན་མདོག་གི་གསར་བཤད་དང་གསར་གཏོད་སོགས་བྱ་མི་རུང་བ་དང༌། རྙིང་པ་དོར་ནས་གསར་པ་འཚོལ་དགོས་ཟེར་མཁན་གྱི་མི་དེ་ཚོ་ལྟ་ལོག་དང༌། གཏམ་དེ་གྲས་ལྟས་ངན་ཡིན་པས་དེ་དག་ལ་དགྲ་ལྟར་ལྟ་ཞིང་དུག་ལྟར་འཛེམས་དགོས་པ་དང༌། དེ་ལྟར་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གིས་བརྒྱབ་བཤིག་བརྒྱབ་སྟེ་བསྡད་ན་ད་གཟོད་རྒྱ་མཐོངས་ནང་གི་ཉི་ཐིག་ཙམ་གྱི་གནས་སྐབས་འཕེལ་བདེ་ཞིག་ཡོང་རེ་ཡོད་པ་དང༌། དེ་མིན་གོམ་གང་མདུན་ལ་སོང་ན་ཐུག་རྒྱུ་མུན་ནག་དང་གཡང་ས་འབའ་ཞིག་ཡིན་པ་སོགས་རང་གིས་ཡིད་ལ་བསྒོམ་ཞིང་གཞན་ལ་བསླབ་བྱ་བརྒྱབ་བཞིན་ཡོད་པ་རེད། འདི་ལྟར་འཇིག་རྟེན་དང༌། མི་ཚེ། འབྱུང་འགྱུར་བཅས་ལ་ཡིད་ཆེས་རྩ་བ་ནས་བརླག་པའི་རིག་གཞུང་གང་དེའི་བྲན་འབངས་སུ་གྱུར་པའི་མི་རིགས་ཤིག་ལ་སོ་སོའི་མི་ཚེ་དང༌། མིའི་རིགས་ཀྱི་མ་འོངས་པའི་ཆེད་དུ་ནུས་ཤུགས་འདོན་པའི་སྤྲོ་སྣང་ཡོད་སྲིད་དམ། སྤྱིར་ཤར་ཕྱོགས་ལྐོག་རྒྱུར་རིང་ལུགས་པས་བསམ་གཞིག་གི་མདའ་ཁ་འཁྲུལ་སྣང་དང་མི་མངོན་པའི་དབྱིངས་སུ་གཏད་དེ་མིག་མདུན་གྱི་དོན་དག་ལ་ཁ་ཡ་ཡག་པོ་ཞིག་བྱ་མྱོང་མེད་ལ། སྒོས་གངས་ཅན་བོད་པའི་མི་རིགས་འདིས་མིག་གིས་རྒྱབ་ཏུ་བལྟས་ཤིང་རེ་བ་གཤིན་པོ་ལ་བཅོལ་ནས་བསྡད་པས། ད་གཟོད་དེང་སང་ཁ་ནུབ་གླིང༌། སྣ་ནུབ་གླིང་ཟེར་ནས་འགྲམ་ཆུ་ལྷུག་ལྷུག་ཏུ་བཞུར་དགོས་པའི་གནས་བབ་འདི་འདྲ་ཞིག་ཏུ་ལྷུང་བ་ཡིན་པར་འདོད་དོ། །

རྩོམ་ཁུངས། ཧི་གཟུགས་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆོས་མངོན་པའི་ལུགས་ཀྱི་སྣོད་བཅུད་གཉིས་ཀྱི་རྣམ་གཞག་ལ་དཔྱད་པ།

2009-10-08 ཚ་བ་མདའ་སྨྱུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།