དགའ་མ་སྐྱོ་ཡི་མགུར་གླུ།

བལྟས་ན་རིག་རིག་འདྲ་བ་དགུང་སྔོན་གྱི་ཞིང་ཁམས།།
ཕྱིན་ན་ལམ་ཐག་རིང་བ་འཇའ་ཚོན་གྱི་ལམ་བུ།།
སེམས་པ་སྐར་ཆེན་བཞིན་དུ་ཉི་ཟླ་ལ་ཕྱོགས་ཀྱང་།།
མ་དག་ལུས་པོའི་གྲིབ་མ་ས་སྟེང་ལ་ལུས་སོང་།།

མ་མཐོང་སེམས་ཀྱི་ཀུན་སློང་ནག་པོ་དེ་ཡོད་ན།།
བཅོས་མའི་ངག་གི་སྨྲ་བ་སྙན་སྙན་དེས་ཅི་ཕན།།
སྦྲེངས་པའི་མགོ་བོ་ནག་པོ་ཞུམ་ཞུམ་གྱིས་གུས་ཀྱང།།
འཇིག་རྟེན་མི་ཡི་ཀུན་སྤྱོད་དེ་འདྲ་ཞིག་ཨེ་ཡིན།།

སེམས་པ་ཤེལ་གྱི་མེ་ལོང་ཐང་ཡངས་དེའི་ངོས་སུ།།
རྣམ་རྟོག་ཁྲ་ཚོམ་བྱེ་བའི་རྡུལ་མང་གི་རྩིག་པ།།
ཇེ་མཐོ་ཇེ་མཐོའི་ཐོ་ཡོར་ནམ་མཁའ་ལ་ཟུག་ཀྱང་།།
འདོད་པ་ལྕགས་ཀྱི་འགྲམ་པ་ཁེངས་དུས་ཤིག་ཨེ་ཡོད།།

མི་ཆེན་དཔོན་ཆེན་མང་པོས་འཛུམ་འཛུམ་གྱི་ཞལ་ནས།།
སེམས་པ་མདའ་མོ་བཞིན་དུ་དྲང་པོ་རུ་གནས་ཏེ།།
སྨྲ་བ་གློག་དམར་འདྲ་བ་རྗེན་པ་རུ་སྟོན་ཅིག།།
ཨ་མའི་ཡིག་དྲུག་བཞིན་དུ་ལན་བརྒྱ་རུ་བཟླས་བྱུང་།།

བྱིས་པ་སེམས་པ་གཙང་མས་བདེན་པ་རུ་མཐོང་སྟེ།།
འདི་དང་ཕ་གི་ཟེར་ནས་དྲན་ཚད་རང་བརྗོད་པས།།
སྐུ་ངོ་ཐབས་བྱུས་མཁས་པའི་སྦར་མོ་ཡི་ནང་དུ།།
བྱིས་པའི་རྣམ་ཤེས་མང་པོ་གསོན་པོ་རུ་སྦས་འདུག།།

ལོང་བའི་སྦར་མོའི་འོག་ནས་རེ་རེ་བཞིན་རྙེད་པའི།།
ཁ་དཀར་གྲོགས་པོའི་གྲངས་ཁ་བཅུ་ཕྲག་ལ་ཉེ་ཡང་།།
བློ་དཀར་སེམས་གྲོགས་མེད་པར་ཁེར་རྐྱང་ལ་ལུས་པ།།
སྔོན་བསགས་ལས་འབྲས་ཡིན་ན་འགྱོད་པ་ཞིག་ཨེ་ཡོད།།

སེམས་ལ་ཁེར་འགྲོ་ཁེར་འདུག་སྟབས་བདེ་ཞིག་བསམས་ཀྱང།།
ལས་ཀྱིས་ངོ་གདོང་མང་པོའི་བསུ་མ་ལ་བསྐོས་འདུག།།
མི་འདོད་སྣ་ཚོགས་ལས་ཀྱི་ཆུ་ཆེན་དེ་གྲོལ་ནས།།
དགེ་ཆོས་སྨྱོན་པའི་རྐང་རྗེས་འདེད་རྒྱུ་ཞིག་བྱུང་ན།།

ཁྲི་བྱང་བླ་མའི་མགུར་གྱི་སྙན་པ་ལ་ཆགས་ཤིང་།།
དགེ་ཆོས་སྨྱོན་པའི་སྤྱོད་པ་ཚབ་ཚུབ་དེ་དྲན་ནས།།
ཉོག་པོ་སེམས་ཀྱི་གསང་བའི་མགུར་དབྱངས་ཤིག་བླངས་ཏེ།།
ང་རང་དགའ་བའི་ཕྱོགས་དེར་རྒྱང་ལྟ་ཞིག་བྱས་ཡོད།།
      ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༨ ཉིན་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགའ་མ་སྐྱོ་ཡི་མགུར་གླུ།

2013-05-07 བྲག་གཞིས་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།