འབྲོག་མོའི་ཆོས་འབྱུང་།

རྩེ་སྐྱེས་རིག་པའི་རྣོ་གྲི། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-06-13

ཟུར་མིག་ལ་སྡུག་རྩུབ་དང་གསང་བ་མོད་ལ།།
འཛུམ་ཆུང་ལ་ན་ཟུག་དང་འགུགས་ཤུགས་རྒོད་བ།
ཤ་མདངས་ལ་རོ་བཅུད་དང་ལྷོད་ཤ་ལྡན་པའི།།
འབྲོག་མོ་འདི་ལྷ་མོ་དེའི་རྣམ་སྤྲུལ་ཡིན་འདྲ།།

དུང་སོ་ལ་དཀར་མདོག་དང་སྐྱེས་ཉམས་ལྡན་ལ།།
མཆུ་སྒྲོ་ལ་སྣུམ་ཁུ་དང་ནེམ་ཤས་ཀླན་པ།།
སྣ་ཁུང་ནི་ཆེ་མིན་ལ་ཆུང་མིན་ཚད་ལྡན།།
འབྲོག་མོ་འདི་བསླུ་བྲིད་ཀྱི་བདག་མོ་ཡིན་འདྲ།།

འགྲམ་པ་ལ་མཚོན་རྩི་དང་སྐག་གིས་མ་བསླད།།
ཐོད་པ་ལ་འགུལ་རིས་དང་ཆུས་ཡིས་མ་བརྒྱན།།
རྫི་མ་ལ་གསེར་ཉ་དང་ངང་བ་འཁྱུག་འདྲའི།།
འབྲོག་མོ་འདི་མ་ཡུམ་གྱི་ནོར་བུ་ཡིན་འདྲ།།

མིག་ནང་ན་བྱ་ཕོ་ཞིག་འཕུར་དང་མཚུངས་པའི།།
བརྩེ་དུང་གི་ཐམས་ཅད་པོ་ཁྱོད་ལ་ལྡན་འདྲ།།
འཛུམ་ནང་ན་སྐད་ཆ་ཞིག་བཤད་དང་ཉེ་བའི།།
བདེ་སྐྱིད་ཀྱི་ཡོད་ཚད་ཟིག་ཁྱོད་ཀྱིས་ཁྱེར་འདྲ།།

མ་དབང་ན་སྡུག་གཏམ་གྱི་འཁོར་ལོ་བསྐོར་བའི།།
ཁྱོད་ཉིད་ལ་དགའ་སེམས་ཀྱི་མཚོ་མོ་མོད་རེད།།
དབང་སོང་ན་མྱུར་ཏུ་རང་ཤོར་བར་དོགས་པའི།།
ཁྱོད་ཉིད་ལ་རྣམ་རྟོག་གི་ཁྲུང་ཁྲུང་མང་རེད།།

སྐྲ་ལོ་དེ་ནག་མདོག་གི་ཚར་ནག་རྩེན་འདྲ།།
ཉམས་འགྱུར་དེ་དབྱར་གཞུང་གི་པདྨོ་རྒྱུ་འདྲ།།
སྐད་ངག་དེ་སྟོན་གསར་གྱི་ཁུ་ལོ་གྲག་འདྲ།།
འབྲོག་མོ་འདི་ཆུ་ནང་གི་ཟླ་ཤེལ་ཨེ་རེད།།

རྣ་ལུང་དེ་ཡོད་མེད་ལ་ཁྱད་པར་མེད་རེད།།
སྐྲ་སྡོམ་དེ་ཡག་མིན་ལ་རག་ལས་མེད་རེད།།
མུ་ཏིག་དེ་གཏེགས་མིན་ཡང་གཙོ་བོ་མ་མེད།།
འབྲོག་མོ་འདི་འབྲོག་ཐང་གི་མཛེས་མ་རེད་ལ།།

བརྩེ་སེམས་དེ་ཡོད་མེད་ལ་རྩོད་གླེང་མེད་རེད།།
རིགས་རང་ལ་དགའ་མིན་ཡང་བལྟས་ན་ཤེས་རེད།།
གསར་ཞེན་གྱི་བླུན་རྟགས་དང་ཧ་ཅང་རིང་བའི།།
འབྲོག་མོ་འདི་རྩྭ་ཐང་གི་བདག་མོ་རེད་ལ།།

ཁྱོད་ཐོབ་ན་ཤི་གསོན་ལ་བལྟོས་པ་མེད་ཅེས།།
གསར་བུ་ཚོས་འཁྲུལ་སྣང་གི་སྐད་ཆ་ལབ་རེད།།
ཁྱོད་མེད་ན་འཚོ་བ་ལ་དོན་སྙིང་མེད་ཅེས།།
འབྲོག་ཕྲུག་ཚོས་བསླུ་གཏམ་གྱི་སྒོ་མོ་འབྱེད་རེད།།

ལུག་ཁྱུ་དང་གཡག་ཁྱུ་དེ་དེད་ནས་འགྲོ་དུས།།
སྣ་གླུ་དང་རི་གཞས་སོགས་མཛེས་མའི་རྒྱན་རེད།།
འབྲི་དཀར་གྱི་འོ་མཚོ་དེ་དལ་བཞོ་བྱེད་དུས།།
མིག་ཟུང་དང་བརྩེ་བ་སོགས་རྒྱང་ལ་ཕྱོགས་རེད།།

ཚད་གཞུང་ནས་དཔྱད་ན་ཁྱོད་འདོད་པའི་ཡོན་ཏན།།
ཤེས་ངོར་ལ་བལྟས་ན་ཁྱོད་འདོད་པའི་བདེ་བ།།།
མི་ཆོས་དང་ལྷ་ཆོས་སོགས་གང་ལ་སྦྱར་ཡང་།།
ཁྱེད་ཉིད་ལ་མཐུན་མིན་གྱི་ཁྱད་ཆོས་ཡོད་རེད།།

ཤིང་སོང་བའི་རྣམ་ཤེས་སམ་གྲངས་མེད་དག་གིས།།
ཁྱོས་བྱིན་པའི་བག་ཆགས་དེར་སྙིང་ལ་ལོས་སྒོམ།།
ཤི་མིན་གྱི་སྟག་ཤར་མ་ཆགས་ལྡན་དག་གིས།།
ཁྱོད་ཉིད་ཀྱི་ལང་ཚོ་དེས་འདོད་སེམས་ལོས་སྟེར།།

མཐོང་སྣང་ལ་འཁྲུལ་བཅས་ཀྱི་རྨི་ལམ་མང་ལ།།
དྲན་སྣང་ལ་བརྩེ་དུང་གི་ལྷ་ཆེན་ཞེན་འདྲ།།
སྣ་ཚོགས་ལ་འཕགས་མ་ཡི་རང་བཞིན་ལྡན་པའི།།
འབྲོག་མོ་འདི་འཛམ་གླིང་གི་གནམ་ཏོག་ཨེ་རེད།།

གདགས་གཞི་ལས་གདགས་ཆོས་དེ་ཤིན་ཏུ་ཡག་ལ།།
རེག་པ་ལས་བལྟས་ཚོར་དེ་ཧ་ཅང་བསོར་འདྲའི།།
འགོག་བདེན་གྱི་བར་ཆད་ལ་ཕུལ་དང་འདྲ་བའི།།
འབྲོག་མོ་འདི་འབྲོག་སྐྱེས་ཀྱི་སྐར་ཆེན་རེད་དོ།།

           (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་མོའི་ཆོས་འབྱུང་།

2014-06-13 རྩེ་སྐྱེས་རིག་པའི་རྣོ་གྲི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།