རུས་ཀོག་སྐམ་པོའི་འོ་དོད།༼ཞར་བཀོར་ལྔ་ཡོད༽
མུན་པའི་ཐུ་འོག་ཏུ།།
འོད་ཟེར་ཨེན་ཙམ་ཞིག། ཕྱེ་ལེབ་གཤོག་ཐོགས་དེ།།
འོད་དེས་བསྲེག་པར་བྱས།།
ལྐོག་མིག་གྲངས་འདས་ཀློང་།།
ན་ཟུག་ཀི་རིང་ཞིག། ཅོང་བརྡ་སྙན་མོ་དེ།།
སྐད་ཅིག་ཡལ་བར་འགྱུར།།
ཁོག་གི་གློ་མཆིན་དབུས།།
སྡུག་གི་བུ་སྟོར་ཅིག།
ཁ་ཞེ་གོ་ལྡོག་དེ།།
མ་བསླབ་ཐུ་མེད་ཞིག།
འབྱམས་ཀླས་རྩྭ་ཐང་ངམ།།
ཁུ་སིམ་བྱང་ཐང་གི།
ཡིག་འབྲུ་འབྲུ་རྡོག་ཅིག།།
མི་འདོད་འཇའ་དང་འགྲོགས།།
སྐྱོ་བའི་དངན་པ་མོད།།
གདུང་བའི་མཆི་མ་འཁྱིལ།།
སྙིང་ཆུང་འདར་ཚུལ་འདི།། བརྗོད་ཀྱིས་ལངས་ཚོད་མིན།།
སེམས་པས་རྒྱང་ལ་ཉན།།
རྣ་བས་ཡུན་གྱིས་བླགས།།
སེར་དྲག་བབས་ལུགས་དེ།།
སྙིང་རྗེ་མེད་ལུགས་གསལ།།
སྤྱང་ཀིས་འཇབ་ཚུལ་དེ།།
ཀུན་གྱིས་རྟོགས་ཚོད་མིན།།
སྙིང་ཁྲག་འཇིབ་ལུགས་ཀྱང་།།
ཤེས་མཁན་དཀོན་པོ་གདའ།།
ལྷག་བསམ་གངས་དང་འདྲེས།།
མིག་ཟུང་རྒྱང་ལ་བསྲིངས།།
མགོ་ཐོག་ཞྭ་ནག་དེ།།
ཉིད་ཀྱི་ཡིན་ཚོད་མིན།།
ཁ་སང་ཡལ་ནས་སོང་།།
དེ་རིང་བསྐུངས་ནས་བདོག།
གསེར་ནག་ས་འོག་གནས།།
འོད་ཆེན་གནམ་ལ་ཁྱབ།།
མགྲིན་པ་བརྣངས་ཚུལ་འདི།།
སྨྲེས་གཞས་གྱེར་ཚུལ་འདི།།
ཀུན་པོས་མ་འཐད་ཀྱང་།།
སེམས་ནས་བཞུར་བ་མཛོད།།
༢༠༡༣/༡༠/༡༤
འཇགས་ཐབས་མེད་པའི་རུས་གཟེར།
ས་ནས་ཡུན་གྱིས་ནུད་པས།།
མཁའ་རུ་དལ་གྱིས་འཕགས་པའི།།
གེའུ་ཁ་སྦྱར་དཀྱིལ་དུ།།
ཁྱེད་ཀྱིས་ལག་རྗེས་བཞག་ཡོད།།
རིགས་ཞེན་དགུང་དུ་འཕྱུར་བས།།
དབྱངས་གསལ་མགུར་གླུ་གྱེར་བའི།།
ཆུ་བཞི་སྒང་དྲུག་འདབས་ངོགས།།
ཁྱེད་ལ་གོ་རིག་མོད་ཡོད།།
བྱང་ཐང་ཁ་ཁུ་སིམ་པའི།།
ཕྱི་ནང་ཤེས་རྟོགས་ཉུང་བའི།།
འ་དང་འུར་གྱི་ཁྲོད་དུ།།
ཁྱེད་ཀྱིས་དམིགས་དཔེ་བཞག་ཡོད།།
ལྷག་བསམ་གོས་སུ་མནབས་སོང་།།
རིག་པའི་དར་ཆ་བསྒྲེངས་ཐལ།།
ལས་དབང་རླུང་འཚུབ་འོག་ཏུ།།
ཁྱེད་ཀྱི་རིན་ཐང་མངོན་ཡོད།།
སྨྲེང་ནས་མཆི་མ་བཞུར་ན།།
མཆི་མས་མཚོ་ཞིག་ཨི་འཁྱིལ།།
མཚོ་ཆེན་རླབས་ཀྱིས་འཕྱུར་ན།།
ཀུན་གྱིས་མིག་ཟུང་ཨེ་ཅེར།།
༢༠༡༣/༡༠//༡༦
འབྲོག་ཐང་ལ་ཤོར་བའི་ཕྱིར་མིག
གཡས་ཀྱི་སྤང་རིའམ།།
གཡོན་གྱི་ནགས་རི་གང་།།
དེ་དུས་སྒེར་བདག་ཡིན།།
སྐྱིད་ཀྱི་ཁེན་ས་ཡིན།།
སྤང་ཐང་ལྟེབས་ཕྲུག་སྟེང་།།
མཐིང་སྨུག་སྦྲ་ནག་ཞིག།
སྒོ་ཁྱིས་ཟུག་ལུགས་དེ།།
དགྲ་འདུལ་གཉེན་སྐྱོང་ཞིག།
ནོར་རྡང་ཤོ་གཟུགས་དབུས།།
འོ་མའི་མཆོད་པ་ཞིག།
བཅོས་མིན་འཛུམ་ཀོང་དེ།།
འབྲོག་མོའི་ཡིན་ལུགས་ཆེ།།
སྤང་རྫ་འདྲེས་མཚམས་སུ།།
རྫི་བོ་སྣང་སྐྱིད་ཞིག།
དབྱར་གསུམ་ཕལ་ཆེར་དེ།།
ཆར་ཐིགས་གོས་སུ་གྱོན།།
ཁལ་རྔ་རིལ་རིལ་སྒྲིལ།།
གད་ནག་ཁུག་ཏུ་འདུར།།
སོས་དལ་འབྲོག་རྒན་ཅིག།
ལྟད་མོས་བཟི་བར་བྱས།།
ཕར་གྱི་ཉག་ཁ་ན།།
ལུག་རྫི་གཉིད་སྒྱེ་ཞིག།
རྨི་ལམ་རྨིས་ཞོར་གྱི།
། དགྲ་ཀི་ལན་འགའ་འདེབས།།
ཆུང་ཆུང་འབྲོག་ཕྲུག་ཚོགས།།
སྤང་རྒྱན་འཐུ་ལ་རེམས།།
རྡེའུ་དཀར་རྡེའུ་ནག་གིས།
། བློ་རིག་འགྲན་ལ་བྲེལ།།
འབྲོག་ཐང་ཡངས་མོའི་སྟེང་།།
བདག་མེད་རྩོམ་རིག་ཅིག།
ཁ་གསལ་གོ་བདེ་ཡི།།
མཁས་པའི་གསུང་དང་འགྲན།།
གྱི་ལིང་འཚེར་སྐད་ལྷང་།།
ནོར་གནག་ངུར་སྒྲ་བརྗིད།།
གཡང་དཀར་འབའ་སྒྲ་འཇིབས།།
རྫི་གླུས་རི་ལུང་སྐྱོམ།།
ཕྱིར་མིག་ལན་ཅིག་འཕངས།།
ཕྱིར་དྲན་སེམས་ལ་གསལ།།
སེམས་ངོགས་མཚོ་ཞིག་འཁྱིལ།།
མཚོ་ཆེན་རླབས་ཀྱིས་འཕྱུར།། ༢༠༡༣/༡༠/༢༡
ཚོད་ཚོད་ལ་བླངས་པའི་གླུ
ཉི་ཟེར་འཕྲོ་ལུགས་འདི།།
སུ་ཡི་བྱིན་རླབས་དང་།།
ཉི་གུར་ཕུབ་ལུགས་དེ།།
གང་གི་རྟེན་འབྲེལ་ཡིན།།
ཟླ་འོད་བསིལ་ལུགས་འདི།།
སུ་ཡི་བྱམས་བརྩེ་དང་།།
སྐར་ཚོགས་མཐའ་སྐོར་དེ།།
གང་གི་གཟི་བརྗིད་ཡིན།།
གངས་དཀར་འགྱིང་ལུགས་འདི།།
སུ་ཡི་སྐུ་ཚེ་དང་།།
གངས་ལྷ་མེ་ཏོག་དེ།།
གང་གི་མཆོད་པ་ཡིན།།
མཚོ་ཆེན་དྭངས་ལུགས་འདི།།
སུ་ཡི་གཉུག་གཤིས་དང་།།
ཉ་ཆུང་གསེར་མིག་དེ།།
གང་གི་རྒྱན་ཆ་ཡིན།།
རྩྭ་ཐང་ཡངས་ལུགས་འདི།།
སུ་ཡི་ཁོག་རྒྱ་དང་།།
དཀར་ནག་ཕྱུགས་རིགས་དེ།།
སུ་ཡི་ཁེན་ས་ཡིན།།
དཔྱིད་ཀྱི་ཕོ་ཉ་འདི།།
སུ་ཡི་གསུང་སྐད་དང་།།
དཔྱིད་རླུང་བསིལ་བསིལ་དེ།།
གང་གི་རེ་ལྟོས་ཡིན།།
དབྱར་གྱི་ཆར་ཆུ་འདི།།
སུ་ཡི་མིག་ཆུ་དང་།།
ཐོག་སེར་རྒོད་པོ་དེ།།
གང་གི་ལན་ཆགས་ཡིན།།
དགུན་གྱི་བུ་ཡུག་འདི།།
སུ་ཡི་ལས་དབང་དང་།།
ཙག་རླུང་ངར་མ་དེ།།
སུ་ཡི་རྒྱུན་ཟས་ཡིན།།
སྟོན་གྱི་ན་བུན་འདི།།
སུ་ཡི་ཕྱི་ཐག་དང་།།
ཉི་ཐིགས་ངར་མ་དེ།།
གང་ལ་གཏད་པ་ཡིན།། ༢༠༡༣/༡༠/༢༠
སེམས་འགྱུ།
སེམས་ཀྱི་རླུང་བུ་ལྡང་དྲགས་པས།།
སྙིང་གི་ལོ་མ་ས་རུ་ལྷུང་།།
ཞྭ་ནག་གྱོན་པའི་ཁེར་འགྲོས་ཅན།།
སུན་སྣང་ཀློང་དུ་འདྲེ་ལོག་རྒྱག།
སྣང་ཡན་ཁྲོད་དུ་ངང་གིས་འདུར།།
རེ་འདུན་དམར་པོར་ཤེད་ཀྱིས་འཐམས།།
རྐང་ལག་ཞ་བའི་ཨུ་ཚུགས་ཅན།།
དངན་པ་འཐེན་པ་ད་ཙམ་མིན།།
གདོས་བཅས་ཕུང་པོ་འཁྱག་གིས་བསྡམས།།
དོན་ལྔ་སྣོད་དྲུག་སྡུག་གིས་བྱས།།
བེམ་རིག་བྲལ་བའི་ཟ་ཟི་བོ།།
ཁ་ཕྱོགས་བོར་བའི་རླུང་ལྡོམ་བཞིན།།
ཐག་རིང་རྒྱང་ལ་ཅི་ཞིག་ཡོད།།
ཡ་ཆུང་ཁུགས་སོར་གང་ཞིག་སྒོམ།།
ཐོག་སེར་སྐྲག་པའི་ལས་ངན་ཁྱོད།།
མུན་པའི་དབུས་ན་ག་ལེར་ནུར།།
རྣ་བས་མཛས་གཞས་ཐན་ཐུན་བླགས།
།སེམས་ངོགས་ཅི་ཞིག་སིམ་ནས་སོང་།།
ཕྱིར་མིག་ཀློང་གི་སྐྱོ་གདུང་དེ།།
སུ་ལ་དབང་བའི་རྒྱུན་ཟས་ཤིག།
སྟོན་ནམ་སྐྱ་བོ་བདེ་མོར་བཞག།
བུ་ཡུག་འཚུབ་པའི་དགུན་ཟླ་བསུས།།
དེ་དང་བསྡོངས་སམ་འགྲོགས་ཞོར་གྱི།།
གློ་མཆིན་བར་ནའང་འཁྱག་ཅིག་བླུགས།།
༢༠༡༣/༡༠/༢༧
ཉི་མ་ལྷ་ས།
༡
ཉི་ཐིཊ་མོད་པའི་ལོ་རབས་རྣ་བས་བླཊ།།
ཙག་རླུང་ལྡང་བའི་དེ་རིང་སེམས་ཀྱིས་མྱངས།།
སྐྱིད་ཆུའི་བཞུར་རྒྱུན་དེད་པའི་ཁུ་བྱུག་ཚོཊ།།
ཅི་ཞིག་ཕྲག་ཏུ་ཁུར་ཡོད་ཨེ་དཀའ་ལཊ།།
༢
རེ་ཞཊ་འོ་མཚོ་བསྐྱིལ་སའི་ལྷ་ལྡན་གྲོང་།།
ཁོམ་གསེང་མཇལ་མཇལ་མྱུལ་མྱུལ་ཉུང་ཉུང་མིན།།
སྣ་ཚོགས་ཚོར་འདུས་བཟི་བ་མཚམས་མཚམས་མིན།།
སྐྱོ་གདུང་ཕྱིར་མིག་འཕེན་པའང་ལན་རེ་མིན།།
༣
ལྷ་ཚོགས་བཞུཊ་ཡོད་ཟེར་མཁན་བླུན་པོ་མང།།
འདོད་པའི་འགྲམ་ཆུ་བཞུར་མཁན་རྐུ་མ་འབེལ།།
པར་འདེབས་ཞིབ་འཇུག་བྱེད་མཁན་སྡར་མ་མོད།།
ཟོལ་གྱིས་རྩིབས་ནས་བསྐྱོར་བ་དེང་ཙམ་མིན།།
༤
བཙན་པོའི་དུར་བྱང་འདྲ་བའི་པོ་ཏ་ལ།།
སྨད་འཚོང་མ་ཡི་དོ་ཟླ་གཙུག་ལག་ཁང་།།
གློ་མཆིན་ནད་ཀྱིས་བཟུང་བའི་སེ་འབྲས་དགེ།།
སྨྲེང་གཞས་ཇི་ཙམ་འཁོར་ས་ཉི་འོད་གྲོང་།།
༥
ཤེས་རྨོངས་གང་ཟག་མགོ་འཕང་རི་ལས་མཐོ།།
ཤེས་ལྡན་སྤུན་ཟླའི་འགྲོ་ལམ་ཚེར་མའི་དོག།
བདེན་དོན་རྒྱབ་དུ་ཁུར་བའི་མི་བུ་ཁྱོད།།
ཉི་འོད་གྲང་མོའི་ཀློང་དུ་ཡུན་གྱིས་ནུར།།
༦
འདྲིས་ལོབས་དབེན་པའི་མི་ལ་གུས་པས་འདུད།།
རིཊ་ཞེན་ཅན་གྱི་སྐྱེ་བོའི་སྐྱོན་མཚང་འདྲུ།།
ཨུ་ཚུཊ་བཙན་གྱིས་འགྲེང་བའི་སྒེར་ཚུཊ་ཅན།།
ལྷ་ལྡན་ཉི་མའི་གྲོང་ལ་མང་ཚོད་མིན།།
༧
མཚམས་རེར་བསྟོད་ཚིག་དབུས་སུ་བརྗིད་ཀྱིས་འགྱིང་།།
ལན་རེར་སྡང་མིག་ཁྲོད་དུ་ཨམ་གཙིཊ་བསྡམས།།
སྐབས་རེར་དུར་ཐང་འདྲ་ཡང་མཆི་མ་དབེན།།
ཟུག་རྔུས་བྲག་ཅ་འཁྱིལ་བའི་སྒྱུ་མའི་ཁམས།།
༨
སྔུན་གྱི་སྟོབས་འབྱོར་རྒུད་ཀྱང་འོད་ཅིག་འཕྲོ།།
སྨད་ཀྱི་ཟོག་རོ་ལབ་ཀྱང་སྡུག་རུས་མྱངས།།
སུས་ཀྱང་རྟོགས་དཀའ་ཁྱེད་ཀྱི་རྨ་ཁ་དེ།།
སུས་ཀྱང་མི་བཅོས་སྐྲན་དུ་འགྱུར་ཉེན་ལཊ།།
༩
སྤུར་རྒྱལ་མངའ་ཐང་ལབ་ན་གླེང་རྒྱུ་མཆིས།།
དེང་གི་དགའ་སྡུག་བསྙད་ནའང་སེམས་རྒྱུ་བདོག།
གང་ལས་གཟེར་བའི་ན་ཟུག་རུས་རྐང་འཐིམས།།
ཆ་མེད་ཁྱེད་ཀྱིས་ད་རུང་དཔྱད་རྒྱུ་བྱ།།
༡༠
ཁ་བདེ་ལྕེ་བདེ་དག་གིས་ལྷ་ས་གླེང་།།
བསམ་མགྱོཊ་ལག་མགྱོཊ་འགའ་ཡིས་ལྷ་ས་བྲིས།།
ལྷ་སའི་རྣམ་པ་བརྒྱ་དང་སྟོང་ལ་འགྱུར།།
དོན་དམ་ལྷ་ས་རྟོཊ་མཁན་ག་ཚོད་མཆིས།།
༢༠༡༣/༡༠/༢༢ ནུབ་མོར།
(མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།