འགྱོད་གདུང་།

བདེ་སོགས་སྒེག་མོ་གར་གྱིས་རབ་མྱོས་རྐང་གཡས་འདྲེད་པའི་སྟང་སྟབས་ལས། །
རྣམ་སད་གྲོང་ཁྱེར་དུམ་བུར་ཆད་པ་ས་ལ་ཟགས་པའི་དཀྱིལ་འཁོར་ན། །
སྒྱུ་མའི་སྤྲེལ་ཚོགས་ཟན་ལ་རྩོད་ཕྱིར་མཇུག་མ་བསྒྲེང་བའི་གོ་སྐབས་སུ། །
ངོ་ཚའི་འཕོངས་ཚོས་སྤུ་ཡིས་དག་པའི་རྨད་བྱུང་ལྟད་མོར་ཅི་ཡང་རོལ། །
དེའི་ཚེ་ག་བུར་ཆུ་ཀླུང་དྭངས་མོ་ཕུང་བོར་འཁྱགས་པའི་སྤྲིན་འཛིན་ནི། །
རབ་ཏུ་ཁྲོས་ལས་བཀའ་ལུང་གཟི་བརྗིད་ཞབས་ཀྱིས་བརྡུངས་པའི་ནོར་འཛིན་མ། །
ལུས་སྐྱེས་འཁྲི་ཤིང་འདར་བའི་རྩེ་ནས་དངུལ་ཆུའི་མུ་ཏིག་ཞུ་བའི་རྒྱུན། །
རྨ་ཀླུང་ཕོ་ཉ་རིངས་པའི་སྟབས་ཀྱིས་གསེར་གྱི་བྱེ་མ་འགྲེམ་བཞིན་ལྷགས། །
གཡོ་ལྡན་རླབས་ཕྲེང་སོར་རྩེས་བཏེགས་པའི་ཡིག་རིས་གཟེགས་མ་རྒོད་པ་ལས། །
སྒྲ་གཅན་མགྲིན་པ་དབྱིངས་སུ་རལ་བའི་སྣང་བྱེད་དྲ་བའི་ཐུར་མ་འབུམ། །
སྨག་ཆེན་འཁྲུགས་པའི་ལྩིད་ཀྱིས་ངལ་བ་བྱང་རྒྱུད་ནོར་འཛིན་སྨིན་ལེགས་མ། །
གཉིད་དུ་ཡུར་བའི་རྨོངས་ཆེན་སྙིང་ལ་དྲག་ཏུ་སྣུན་ཅེས་ཡང་དག་བཀླགས། །
སྟོང་ཆེན་དབྱིངས་ལས་ལྷུང་བའི་མེ་ཏོག་གཙུག་ཕུད་ཁུགས་པས་ལྷོད་ཀྱིས་བཟུང༌། །
མཆིལ་མའི་ལྕེ་ཞགས་རིང་དུ་འཕེན་པ་རྒྱབ་རིང་འཁུན་པའི་ཚང་ཚིང་དུ། །
ལྷན་སྐྱེས་རིག་པའི་གློག་ཐག་དམར་པོ་ཅུང་ཟད་འཁྱུག་པའི་མེ་ཞགས་ཀྱིས། །
རྨོངས་པའི་འཁྲི་ཤིང་བསྲེགས་པའི་ཐལ་བ་མགྱོགས་འགྲོ་དགའ་བའི་ཟས་སུ་བྱིན། །
དེ་ལྟ་ནའང་ཆུ་བུར་བལྟ་བྱེད་སྤྱིལ་བུའི་སྒྲོན་མེ་འཛུམ་པ་ཡིས། །
རིག་པའི་སྦས་ཡུལ་དཔུང་བ་འཐབ་པའི་རྦ་ཀླུང་ཕ་མཐའ་ག་ལ་ཆོད། །
ངེས་མེད་ལྡང་བའི་སྲིད་པའི་འཐོར་རླུང་བདུད་པོ་ཁྲོས་པའི་མཆེ་རྩེ་ན། །
ལྔ་བའི་མགྲོན་ལ་གཡབ་མོ་བྱེད་འདིས་གཡའ་བའི་ཟུག་རྔུ་སྙིང་ལ་ཟིན། །
ཡོན་པོར་སྒྱུར་བའི་སྨིན་མའི་གཞུ་ལས་སྦྲང་རྩིས་བརླན་པའི་མདའ་སྐུལ་ཞིང༌། །
ཨུཏྤལ་ཁ་རླུང་ཡངས་པར་ལྡང་བའི་གཡའ་ཤིང་ལོ་མ་འཛུམ་པ་མོའི། །
མིག་སྨིན་ལེན་བུ་མཇང་བའི་གཞོན་ཤར་འཁྱགས་པར་ལྷུང་འདྲའི་ཆོ་ག་ཅན། །
འདི་སྣང་བསླུ་བྲིད་སྒྱུ་མའི་འཛུམ་གྱིས་ཙི་ཏའི་འདབ་མ་དྲག་ཏུ་གཡོ། །
སྦྲུལ་ནག་རལ་བའི་ཟུར་ཕུད་འཕྱངས་པ་ཀླུ་བདུད་ཁྲོས་པའི་ཁ་རླངས་ནི། །
སྤྲིན་ཕུང་ནག་པོ་དཔངས་སུ་བརྩེགས་ལས་ཟུར་བའི་མིག་དཀྱུས་གློག་གི་བུ། །
རྣམ་པར་འགྱུ་ཞིང་ཅོ་འདྲིའི་མཚོན་རྣོན་གཡས་གཡོན་ཕྱོགས་ནས་གཟེངས་པ་ན། །
བྲེད་པའི་བྱིན་ཤ་ལབ་ཙེའི་བ་དན་དྲི་བཞོན་སུག་པའི་གར་ལ་རྩེན། །
བགྲང་བྱའི་སོར་མོས་འཇབ་བུའི་ཚུལ་གྱིས་ཚེ་ཕྱེད་ཁུགས་པ་དྲིལ་ཉེ་ཡང༌། །
རེས་སྐྱིད་རེས་སྡུག་བར་མའི་ངང་དུ་ད་དུང་ལུས་པའི་གདུང་ཤུགས་ཀྱིས། །
སྲིད་པའི་གངས་ཆེན་བརྗིད་པོའི་མདུན་ན་ལྕང་ལོའི་ཕོན་པོ་སར་ཕབས་ཏེ། །
མཆི་མའི་རླབས་རིས་ཅི་ཡང་འགོད་འདི་གཉིས་མེད་སེང་གེའི་རྣམ་ཐར་རོ། །

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འགྱོད་གདུང་།

2009-03-29 འཇུ་སྐལ་བཟང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།