སྒྱུ་མའི་ཕོ་ཉ་སྐུལ་བའི་སྙན་ཚིག་གཞོན་ནུའི་རོལ་རྩེད།

དཔག་ཚད་ཁྱོན་དུ་བྱེར་བའི་ར་བ་ཡངས་པོས་ཁོར་ཡུག་བྱུ་རུའི་དྲ་བར་བྲེས། །
ལྗོན་ཤིང་ལག་པའི་བསིལ་ཡབ་རིམ་པར་བསྒྲེངས་ཤིང་བར་བར་སྐྱེད་ཚལ་མིག་གི་དཔྱིད། །
ན་ཆུང་རྩེད་འཇོའི་གཟུགས་བརྙན་འཛིན་ལ་ངལ་མེད་ཁྲུས་རྫིང་མེ་ལོང་དག་ཀྱང་རྨད། །
སྣ་ཚོགས་འཕྲུལ་གྱི་བཟོ་བཀོད་སྐྱེ་བོའི་ཡོ་ལང་སྨྲ་བསམ་བརྗོད་པའི་ཡུལ་ལས་འགོངས། །
གཟུགས་འཛིན་དབང་པོ་ངོ་མཚར་མཆོད་སྤྲིན་འདི་ལ་རྟག་རོལ་ཀྱང༌། །
ལྟེ་བའི་རཀྟ་མེ་ཏོག་ཆར་བ་བསྙིལ་པའི་ཡིད་འོང་གནས། །
ཡིད་ཀྱི་རྩིག་ངོར་སྒྱུ་མའི་གཟུགས་བརྙན་འགོག་མེད་འཆར་བ་ཡིས། །
ལྷན་སྐྱེས་བག་ཆགས་གཞལ་དུ་དཀའ་བའི་ངང་ཚུལ་དེང་འདིར་རྟོགས། །
དེ་འདྲའི་བསམ་གཏན་གཡོ་མེད་ལྷུར་བླངས་ཚེ། །
ཀུན་རྟོག་བྱེད་པོ་སྒྱུ་མའི་གར་ལ་ཞུགས། །
ཆ་གཅིག་འཕྲུལ་གྱི་གཉིས་སྐྱེས་ཡི་གར་འོངས། །
མདུན་གྱི་ནམ་མཁར་འདབ་མའི་སྟང་སྟབས་རྩེན། །
དེའི་ཚེ་བརྗོད་བྱ་མུ་ཏིག་གསར་བའི་ཕྲེང༌། །
རྗོད་བྱེད་སྡེབ་ལེགས་ཚིག་གི་སྲད་བུ་རུ། །
ལེགས་བརྒྱུས་ལྟ་བྱེད་བདུད་རྩི་མ་རྙིངས་ཤིག །
དེ་ཡི་རྣ་བའི་རྒྱན་དུ་འདི་ལྟར་འགོད། །
ཨེ་མ་ལེགས་སོ་སྒྱུ་མའི་བྱ་མ་རྟ། །
རྩོལ་མེད་ངང་གིས་བྱུང་འདི་སྐལ་བ་སྦོམ། །
ཀ་ཡེ་ཁྱོད་ལ་ལྷག་བསམ་ཆེ་ལྡན་ན། །
སྙིང་ནས་བཅོལ་བའི་ལས་འདི་ཁྱོད་ཀྱིས་སྒྲུབས། །
རླབས་ཆེན་འཕྲུལ་གྱི་གཤོག་པ་ནི། །
ཆུ་ལྷའི་ཕྱོགས་སུ་རིང་དུ་རྐྱོངས། །
དཔག་ཚད་སྟོང་དག་འདས་ཙམ་ན། །
ལྟ་བྱེད་ངལ་བ་འདི་འདྲས་འགོག །
འོད་སྟོང་བྱེད་པོས་ག་བུར་འཛིན། །
བཞུས་པའི་ཁུ་བ་སར་ཟགས་པ། །
དུང་གི་ཐིགས་ཕྲེང་ནོར་འཛིན་མའི། །
སླར་སྐྱེས་རྒྱན་དུ་བཀོད་པ་མཐོང༌། །
དེ་ཚེ་གཤོག་པའི་ཤུགས་ལྷོད་དང༌། །
དེ་ཡི་སུམ་ཆའི་སྨད་ཀྱི་ཆར། །
རང་བྱུང་ལྷ་ཡི་དགའ་ཚལ་ཞིག །
ཁྱོད་ཀྱི་འདྲེན་བྱེད་སྐལ་བར་འཐོབ། །
སྣ་ཚོགས་སྨུག་རྩིས་གདོང་བྱུགས་པའི། །
གསར་བ་གསར་བའི་ལང་ཚོའི་དཔལ། །
ཀུན་ནས་བཞད་པའི་གནའ་བོའི་གྲོང༌། །
སུམ་རྩེན་གཉིས་པ་ཞིག་ཀྱང་མཐོང༌། །
ད་དུང་བཞུད་དང་ནམ་མཁའ་ལྡིང༌། །
མ་བགྲོད་རང་སྐྱེས་འདབ་མ་ལ། །
ཁྲེལ་བ་སྐྱེད་བྱེད་འདེགས་དཀའི་ལ། །
རྐན་གཟར་གྱེན་དུ་བསླངས་པ་ཡོད། །
དེ་རུ་བོད་རྗེ་སྤྲུལ་བའི་ཟློས་གར་དང༌། །
སྟོང་འཁུན་ས་ལ་སྤྱོད་པའི་ཚངས་པ་ཆེའི། །
མཛའ་འབྲེལ་ཕྱག་སོར་མི་ཤིགས་དཔལ་བེའུའི་རྒྱ། །
དང་པོར་བཀོད་པའི་དན་རྟགས་ཁྱོད་ཀྱིས་མཐོང༌། །
དེ་ནས་སྐྱོང་དང་མདོ་སྟོད་མིའི་ཆོལ་ཁ། །
རིང་ནས་གྲགས་པ་མ་རྨད་ལོ་རྒྱུས་ནི། །
ལན་གསུམ་ལྷ་ཆུའི་རྒྱུན་དང་སྡེབ་པ་དེའི། །
སྣོད་བཅུད་བཀོད་པའི་རི་མོ་ཡུན་གྱིས་གསལ། །
དགའ་སྐྱོ་གཉིས་སུ་མེད་པའི་དྲི་བཞོན་གྱིས། །
ཁྱོད་ཐུགས་དྭངས་གསལ་མཚོ་མོ་གཡོ་ལགས་ཀྱང༌། །
སྤྱན་གྱི་ཟིལ་བ་མུ་ཏིག་གཞོན་ནུའི་ཕྲེང༌། །
འགྲེམ་པར་མི་བྱ་བརྟན་པ་ལྷུར་དུ་ལོངས། །
དེ་ཡང་སྣོད་བཅུད་ཐོག་མའི་གཟིགས་མོར་ནི། །
ཟླ་གཞོན་འཁྲི་ཤིང་གསར་བའི་མཎྜལ་རྩེར། །
སྔོ་བསངས་གདུགས་ཀྱི་འདབ་མ་གཡོ་བ་ཡི། །
ངོ་མཚར་ལྟད་མོས་མིག་ལ་དཔལ་སྟེར་ཡང༌། །
དབང་པོ་མ་གཡེང་དམིགས་པ་རྩི་གཅིག་ཏུ། །
གཏོད་ལ་བཞུད་དང་ཕྱོགས་ཀྱི་རྐེད་མེད་མས། །
ལྷ་མིའི་མཆོད་སྡོང་རྨ་དབང་ལྷུན་པོ་ཞེས། །
བརྗོད་པ་དག་པའི་ཡི་གེ་ཁྱོད་ལ་ཀློག །
སྦྲང་འཐུང་འདབ་མས་རི་རབ་རྩེར་སྙེག་པ། །
ཐོས་ན་ཞོ་འཐུང་ཚོགས་ཀྱང་བཞད་གད་སྒྲོག །
སོར་བཅུའི་འདབ་མ་སྙིང་གི་ཟེའུ་འབྲུ་རུ། །
ཁོད་ལ་ཁྱོད་ནི་དང་བའི་འདུད་ཕྱག་ཟློས་ །
དེ་ནས་གཟིགས་དང་གཡའ་དང་རྫ་རིམ་གྱི། །
གླེགས་བུ་འཕང་མཐོར་བརྩེགས་པའི་བ་གམ་རྩེར། །
རྒྱུ་སྐར་རྐང་སྟབས་འདྲེད་པ་འཆེལ་བའི་རྟེན། །
ཤེལ་དཀར་ཀ་བ་དབྱིང་སུ་བསླངས་པ་ཡོད། །
དེ་ནི་མེས་པོ་བླ་རི་གཡུ་རྩེ་ཞེས། །
མཉམ་མེད་ཡུལ་སྐྱོང་ཆེན་པོའི་ཕོ་བྲང་ལགས། །
གཉན་སྲས་ཐོག་ཐར་གདུང་ལས་མཆེད་དོ་ཅོག །
དེའི་ཞབས་སྤྱི་བོར་མི་ལེན་འགའ་ཡང་མེད། །
ད་དུང་གཟིགས་དང་རྩེ་བླ་བཅུ་གསུམ་དང༌། །
མཐོན་པོ་དགུ་བསྒྲིགས་ལ་སོགས་ས་འཛིན་ཕྲེང༌། །
གཟི་བྱིན་དབུ་འཕང་གདོད་ནས་མ་ཉམས་པས། །
བརྒྱ་བྱིན་ལག་ན་རྡོ་རྗེར་སྐྱེངས་པ་སྟེར། །
སྐྱེ་དགུའི་བསོད་ནམས་བྱེད་པོའི་སོར་མོ་ཡིས། །
ཚངས་ཆེན་རལ་བའི་ཀློང་ནས་ལེགས་དྲངས་པ། །
རྨ་ཀླུང་གསེར་ལྡན་དགའ་མའི་སྒེག་འགྲོས་དེ། །
གཡུ་འབྲུག་ས་ལ་རྒྱུ་དང་ཡང་དག་མཚུངས། །
སྐྱ་རེངས་འོད་ཀྱི་རྩེ་དགས་མྱོས་པ་ཡི། །
ཆགས་རྒྱས་སྔོ་བསངས་གཡེམ་མའི་ལག་པ་ནི། །
འདར་གྱུར་བཞིན་སྣོད་ས་ལ་སྟོར་བ་འདྲའི། །
སྐྱ་སྔོ་མཚོ་ནི་འཛིན་མའི་ཆུ་མཐོངས་ཉིད། །
ཚང་ཚིང་གཡུ་ལོ་འཁྲིགས་པ་གདོད་མའི་ནགས། །
སྣ་ཚོགས་གཅན་གཟན་གཏུམ་པོའི་ངར་སྐད་དང༌། །
རང་བྱུང་བསེར་བུས་བསྐུལ་བའི་ཆེམས་ཆེམས་སྒྲས། །
སྡར་ཐུང་བྲང་ཁོག་གར་གྱི་སྟེགས་བུར་འགོད། །
མཐོན་མཐིང་རྨ་བྱའི་མགྲིན་པའི་དཔལ་འཕྲོག་པ། །
ནེའུ་གསིང་རྩྭ་ལོའི་སྤུ་ལོང་གཡོ་བའི་གཞིར། །
འཆི་མེད་མེ་ཏོག་གཞོན་ནུའི་དགའ་ཚལ་ན། །
བུང་བའི་ཟློས་གར་དྲི་ཟ་གཉིས་པའི་དཔལ། །
དེ་ན་ཤ་རྐྱང་མ་བུའི་རྩེད་འཇོ་དང༌། །
སྣ་ཚོགས་བག་ཕེབས་རི་སྐྱེས་ཕོན་པོའི་ཁྱུ། །
ཕན་ཚུན་བང་རྩལ་འགྲན་པའི་ངོ་མཚར་དཔལ། །
མ་མཐོང་རྣམ་སད་ཚོགས་ཀྱང་སྐལ་བ་ཕྲ། །
ཨེ་མ་རྨད་བྱུང་སྣོད་ཀྱི་བཀོད་པའི་ཆོས། །
འདྲེན་བྱེད་སྐལ་བར་ཐོབ་ཚེ་གསེར་མངལ་ཅན། །
སྐབས་གསུམ་གནས་ལ་དགའ་བ་ལྷོད་གྱུར་ན། །
ཞིབ་ཏུ་བརྗོད་ལ་སྨྲ་བའི་འབབ་སྟེགས་ངལ། །
ཚངས་ཆེན་པིར་རྩེ་འཁྱུག་པའི་རྩེད་འཇོ་ལས། །
བྱུང་བའི་ངོ་མཚར་དཔལ་དེར་མིག་དག་ནི། །
ཟུམ་ཞིག་རིང་དུ་བསྟེན་པས་དུབ་གྱུར་ན། །
རེ་ཞིག་ཁྱོད་ཀྱང་མཉེལ་བ་གསོ་ལ་ཞུགས། །
སླར་ཡང་གཟིགས་དང་གཞུང་ལམ་དྲ་བ་ནི། །
དཔལ་བེའུའི་རི་མོ་བསྣོལ་བའི་ཁུགས་པ་ན། །
རྒྱུ་བ་ཟམ་མི་ཆད་པའི་རླངས་འཁོར་སོགས། །
སྐྱེལ་འདྲེན་རླངས་ཀྱི་ཕྲེང་བ་འཇགས་པ་མེད། །
འཇིག་རྟེན་བྱེད་པོའི་དགྱེས་འཛུམ་ཐིག་ལེ་ཡིས། །
ཀུན་ནས་སྦྲུམ་གྱུར་ནོར་འཛིན་མིག་ཡངས་མས། །
རིན་ཆེན་གཏེར་གྱི་སྒོ་གླེགས་འབུམ་ཕྱེས་པ། །
འཛད་མེད་རྣམ་སྲས་དབྱིག་གི་བང་བ་བཞིན། །
ཀྱ་ཀྱུའི་འབབ་ལྡན་ལྦུ་བའི་དོ་ཤལ་ཅན། །
དགུ་ཚིགས་ཞགས་པ་བརྐྱངས་པའི་སྐབས་དག་ན། །
སྔོན་མེད་རང་བྱུང་གློག་གི་གན་མཛོད་འབུམ། །
དེང་རབས་རྫོགས་ལྡན་འགུགས་པའི་དཔལ་དུ་ལྷམ། །
ལང་ཚོ་མ་རྙིངས་གྲོང་དང་གྲོང་ཁྱེར་ཕྲེང༌། །
དབྱར་སྐྱེས་མེ་ཏོག་གཞོན་ནུའི་ཕོན་པོ་ནི། །
མཚར་སྡུག་དཔྱིད་དུ་ཕང་ཕོང་བཞད་པ་དེས། །
ཁྱོད་སྤྱན་རྭ་ཡིག་གཉིས་པ་མགྲོན་དུ་འགུགས། །
བར་བར་ཕྱུར་བུར་གཏམས་པའི་ཚོང་ཟོང་ནི། །
མཐོང་ན་བྱང་སྲས་སྲེད་པས་འགྲམ་ཆུ་ལྡང་༌། །
དེ་དེར་ཡོ་ལང་སྐྱེ་བོའི་འདུ་འགོད་ཀྱང༌། །
ཆར་དུས་ཆུ་འཛིན་འཁྲིགས་པའི་རྗེས་སུ་འགྲོ། །
རྒྱན་གོས་མི་དམན་ལང་ཚོས་རབ་དྲེགས་པ། །
བཞིན་བཟང་སྟག་ཤར་གཞོན་ནུའི་རྩེད་འཇོ་ཡིས། །
ས་ཡི་དགེ་མཚན་ངོམ་པས་མཁའ་སྤྱོད་ཀྱི། །
ལང་ཚོ་མ་དག་ལྟད་མོའི་ཟོལ་གྱིས་ལྷགས། །
དབང་པོའི་གཞུ་རིས་གོས་སུ་བཀླུབས་པ་ཅན། །
མེ་ཏོག་འཁྲི་ཤིང་སྐྱོད་པའི་མཛའ་ན་མོ། །
ཟླ་བཞིན་མ་དག་གདོང་གི་པད་དཀར་ལས། །
འཛག་པའི་འཛུམ་དཀར་ལུས་མེད་རྣམ་སྤྲུལ་ཉིད། །
དེ་ལ་ཡུན་རིང་བྲལ་བའི་གདུང་བ་ཡིས། །
འཛུམ་དཀར་འདབ་མ་རེ་ཞིག་བསྐུམས་པ་མོར། །
ཕྲད་ན་རང་རྒྱུས་སྒྲིབ་པའི་ཡོལ་བ་སྟེན། །
ཤུགས་རིང་དབུགས་ནི་ཡང་ཡང་འབྱིན་པར་འགྱུར། །
དབུས་གྱུར་གྲོང་གསར་གཞོན་ནུའི་གདོང་ལ་ནི། །
བདེ་སོགས་མིག་གི་འཛུམ་ཞགས་ཡང་ཡང་འཕེན། །
བ་གམ་ཅན་སོགས་འཇིགས་མེད་གནས་ཀྱི་ཆོས། །
ས་ཡི་ཐིག་ལེ་དཔལ་དཀྱིལ་ལྟེ་བའི་ཟླ། །
དེ་ན་སྲིད་སྐྱོང་བྱ་བའི་སྤྲིངས་ཡིག་གི །
རྐང་རྗེས་ཕྱོགས་ཀྱི་འཛིན་མར་ལེགས་བཀོད་པས། །
ཁོར་ཡུག་མྱ་ངན་མེད་པའི་རྒྱལ་ཁམས་ནི་ །
ཆུ་སྐྱེས་དྲ་བས་གཡོགས་པའི་མཚོ་རྫིང་བཞིན། །
ཕྱོགས་ཕྱོགས་བཀའ་ལུང་གསེར་གྱི་རྒྱལ་མཚན་ཆེ། །
གཡོ་མེད་དྲང་བོར་སྒྲེང་བའི་ལག་པ་སྟེ། །
ལྷ་ཡི་དྲང་སྲོང་ཚུལ་ཁྲིམས་མ་རྨད་པ། །
མངའ་འབངས་དཔུང་གི་རུ་འདྲེན་བསྔག་བྱའི་ཡུལ། །
རྣམ་དག་ཏང་གི་ག་བུར་དྭངས་མ་ནི། །
ཡང་ཡང་བཏུང་བས་ལྷག་བསམ་གེ་སར་ཕྲེང༌། །
ཀུན་ནས་གྲོལ་བའི་ལས་འཛིན་པད་མ་དཀར། །
སྒེར་འདོད་འདམ་གྱིས་མ་སྦགས་མིག་གི་དཔྱིད། །
ཁྱད་པར་ལྗོངས་དེའི་མ་འོང་དར་རྒུད་རིས། །
སྙིང་གི་དཔལ་བེའུར་ཡང་དག་བསྐྱིལ་བའི་མོད། །
ཕན་པའི་ཕྱག་རིས་འགོད་པའི་འདེགས་འཇོག་གིས། །
རྟག་ཏུ་ངལ་དག་སྙིང་ནས་བཀུར་བྱའི་གནས། །
གལ་ཏེ་སྙོམ་ལེགས་ས་ཆུའི་འཇིག་རྟེན་དུ། །
བདུད་འཇོམས་པད་མོ་སྔོ་བསངས་ཀུ་མུ་ཏའི། །
ཟློས་གར་མཁན་པོ་བཀུར་འོས་འགའ་མཆིས་ན། །
འཛུམ་དཀར་དགུ་ཚིགས་སྣང་བྱེད་འོད་ལ་སྟེན། །
གང་ལ་གང་འཚམ་སྲིད་ཁྲིམས་ལས་ཀྱི་སྣེ། །
ཚངས་པའི་ཐིག་བཞིན་ཇི་ལྟར་ལྕོགས་པ་ཡིས། །
གཡེལ་མེད་འཛིན་དག་ཕན་བདེའི་དགེ་རྩ་ཀུན། །
འབྱུང་བའི་རྟེན་ལགས་ཁྱོད་ཀྱིས་བཀུར་བར་བྱ། །
རྫོགས་ལྡན་གསར་བའི་འོ་རྒྱུན་གྱིས། །
རབ་བསྐྱེད་རིག་གཞུང་ཨ་མྲའི་ལྗོན། །
སྐྱེད་ཚལ་ཕ་མཐའ་ཀླས་པ་དེས། །
ཁྱོད་ཡིད་རྩེ་དགའི་ཁང་བུར་བསྒྲུབ། །
ལྔ་རིག་ནོར་བུའི་གླེགས་བམ་ནི། །
ཕྱག་གི་པད་མོར་བཀོད་པ་ཡི། །
དྲན་དབང་གསེར་གྱི་ས་འཛིན་ཕྲེང༌། །
བསོད་ནམས་སྐལ་བར་རིང་ནས་དངར། །
འོན་ཀྱང་དུས་ཀྱི་རྟ་དམར་ཅན། །
ཆེས་ཆེར་ཁྲོས་པ་བསྐལ་པའི་མེས། །
ཆེམས་ཆེམས་སྒྲར་བཅས་ཡུད་ཙམ་གྱིས། །
རིག་པའི་ཚལ་གང་བརྩེ་མེད་ཟོས། །
ཨ་ཧོ་ལྔ་རིག་ཆུ་ཡི་མ་མ་རིང་དུ་དགའ་བྲལ་
    བདེ་འབྱུང་སྙིང་ཁ་བརྩེ་བས་འདར། །
གཞུ་འཛིན་རྗེ་བོའི་ཕོ་ཉ་དམར་སེར་ཅན་དེས་
     རྩེད་མོའི་རྣམ་འགྱུར་ཙམ་གྱིས་གཤིན་རྗེ་ཡི། །
ཏིལ་མར་ར་བ་ལས་དྲངས་སླར་རྫོགས་ལང་ཚོར་
    དཔལ་མོ་ཕྲག་དོག་དེ་ལ་འཁྱུད་དོགས་ཀྱིས། །
ཐིག་ལེ་དྲུག་པར་རྟག་ཏུ་འཐམ་པའི་ངལ་བ་
     འཛིན་དེས་མི་མཐུན་ཕྱོགས་ལ་མྱ་ངན་བྱིན། །
དེ་ཡི་མོད་ལ་སྙིང་གི་གང་བུ་མྱོས་བྱེད་ཀྱིས། །
ཀུན་ནས་འཁྲུགས་གྱུར་རང་སྐྱེས་མ་མའི་འོ་འཛིན་དག །
ཁ་ཡིས་འཁྱུད་བཞིན་སོ་རྣོན་སྟ་རེས་སླར་འཇུག་པའི། །
བྱེད་པོ་འགའ་ཡང་གདོང་ལ་དངུལ་ཆུའི་མཆོད་ཡོན་འཛིན། །
དེ་དག་བགྲང་བྱའི་ཁོག་པར་རིང་ནས་ཐིམ། །
དེང་ནི་བཻཌཱུར་ཞུན་མ་འཁྱིལ་བའི་མཚོ། །
ཉམས་སུ་དགའ་བ་བློ་གསལ་ངང་ངུར་ཚོགས། །
འཕུར་ལྡིང་མགྲིན་པའི་རྫ་རྔ་འཁྲོལ་བའི་གནས། །
དེ་ན་དགེ་ལེགས་ཕྱི་མོ་རིག་པའི་གནས། །
བདག་ཏུ་མ་བཟུང་ལྷག་བསམ་རྒྱ་གྲོལ་ཏེ། །
གེ་སར་ལག་པས་གདམས་པ་སྦྲང་རྩིའི་ཆང༌། །
དོན་གཉེར་བུང་བུའི་ཁ་རུ་ལྡུག་པ་མང༌། །
ཁྱད་པར་བཅུ་ཕྲག་རིག་པའི་ཡལ་འདབ་ཆེ། །
དཔག་ཚད་འབུམ་དུ་བརྐྱངས་པའི་གྲིབ་བསིལ་གྱིས། །
སྐལ་ལྡན་བྱེ་བའི་གདུང་སེལ་ཐུགས་རྗེའི་གཏེར། །
བཤེས་གཉེན་དཔག་བསམ་ལྗོན་དབང་ཁྱོད་ཀྱིས་མཇལ། །
དེའི་ཚེ་གང་ཁྱོད་པུས་མོའི་པིར་ཚོན་གྱིས། །
གསེར་ལྡན་སྒེག་མོའི་འགྲམ་པར་མཚལ་གྱི་རིས། །
ཁོད་ལ་གནག་སྣུམ་སྐྲ་ལོའི་དར་སྐུད་ཀྱིས། །
མཛེས་སྡུག་སྨིན་མ་འཁྱོག་པོའི་གཞུ་རིས་ཕྲིས། །
སོ་ཕྲེང་མུ་ཏིག་གཞོན་ནུ་འཛུམ་པ་ལས། །
ཟེར་གྱི་དྭངས་མས་བཞིན་རས་གསལ་བཞིན་དུ། །
ཁམས་འདྲིའི་ཞུ་ཚིག་ཨུཏྤལ་སྔོན་པོའི་ཕྲེང༌། །
ཞབས་སྐྱེས་སྒེག་མོའི་མགྲིན་པར་ཡང་དག་ཁོད། །
གཞན་ཡང་རྒྱ་བོད་གཙུག་ལག་གསེར་གྱི་རིས། །
ཐུགས་ཀྱི་ཟ་འོག་རི་མོར་ལེགས་འཕོས་པ། །
སྐད་གཉིས་ངག་གི་དབང་ཕྱུག་སྲིད་པ་ཡི། །
མིག་ཏུ་གྱུར་པ་དག་ནི་འདུད་བྱའི་ཡུལ། །
རོ་འཛིན་གློག་གི་ཞགས་པ་འཁྱུག་ཙམ་ལས། །
དབྱངས་ཅན་དགའ་མ་བཞད་པའི་སྒྲ་དབྱངས་འབུམ། །
ཐོས་འཛིན་པད་མའི་བུ་གར་སྤྲོ་བ་ལ། །
ཟླ་བྲལ་དགེ་དབང་ཟིལ་གྱིས་གནོན་པ་མང༌། །
ཚན་རིག་ཟླ་བའི་ཡང་ཞུན་རིན་ཆེན་དབང༌། །
འདྲེན་ལ་སྙིང་སྟོབས་སྟོང་གི་གོ་བགོས་ཏེ། །
རྫས་འགྱུར་དངོས་ཁམས་རྩིས་སོགས་རིག་པའི་རྫིངས། །
སྐྱོད་མཁས་བྱེད་པོ་དག་ལ་སྙིང་ནས་སྨོན། །
རིག་པའི་བྱ་ལམ་ཕ་མཐའ་ཡས་པའི་ངོར། །
སྦྱང་བརྩོན་འདབ་མས་གར་སྟབས་ཅི་དགའ་རུ། །
སྒྱུར་བའི་བྱེད་པོ་རྣམ་དཔྱོད་གསར་བའི་ཚོགས། །
རང་རིགས་མི་ཉམས་སྲོག་གི་ཀ་བ་ཉིད། །
ཡབ་མེས་འབངས་ཀྱི་རེ་བའི་ཁྲེས་ཆེན་ནི། །
རྒྱབ་ཏུ་བསྐྱུར་ནས་ཆུ་ལྷའི་གྲོང་འདབས་སུ། །
རྨི་ལམ་གོམ་ཁ་འཁྱོར་བའི་ར་རོ་བ། །
འགའ་ཞིག་མཆིས་ན་མནལ་ལས་སྐུལ་ཀྱང་འཚལ། །
ད་དུང་མེ་ན་ཀཱ་ཡི་འདེགས་འཇོག་དང༌། །
དྲུག་སྐྱེས་མྱོས་པའི་གདངས་ལ་སྐྱེངས་སྟེར་བའི། །
རྨད་བྱུང་གླུ་དང་གར་གྱི་བྱེ་བྲག་གིས། །
དྲི་ཟའི་མདུན་ས་མངོན་སུམ་ས་ལ་སྣང༌། །
གསོ་རིག་ཆུ་གཏེར་བསྲུབས་པའི་ཡང་ཞུན་ནི། །
བདུད་རྩིའི་བུམ་བཟང་ལས་ཟགས་ཐིགས་པ་འབུམ། །
དེ་ན་སྐྱེ་རྒུའི་སྐལ་བར་སྨིན་པ་ལས། །
མེ་ཞལ་ཚེ་ཡི་ལང་ཚོར་རྣམ་པར་འཕྱ། །
མདོར་ན་གདུག་ཅན་སྣ་ཡི་ལག་པ་ཅན། །
གཞན་དབང་ཚ་ཟེར་བྱེད་པོས་མ་གཅུན་ན། །
ཆུ་ཡི་ལང་ཚོའི་གོས་ཅན་ཟླ་བས་འཕེལ། །
གང་གི་མཛེས་སྡུག་ཟླ་བོ་སྲིད་ན་མེད། །
ཀུན་ནས་མཛེས་སོ་སྔོ་བསངས་ནམ་མཁའི་ཀློང༌། །
ཆུ་ལྡན་དཀར་པོ་ལྷག་ལྷག་སྐྱོད་པས་ཏེ། །
“ཁག་གསུམ”མཛེས་ལྗོངས་འཛིན་མའི་དཀྱིལ་འཁོར་ཡང༌། །
ཞིང་ཕྱུགས་འཕེལ་ཁ་དབྱར་གྱི་ཆུ་གཏེར་རྒྱས། །
མདའ་དྲུག་ཞིང་ས་འཆི་མེད་དགའ་ཚལ་ན། །
ལྡེམ་ལྡེམ་སྐྱོད་པ་སྙེ་མའི་ན་ཆུང་མ། །
གསེར་གྱི་སྐྲ་ལོ་དྲི་བཞོན་ལག་པ་ཡི། །
རེག་པ་གསར་བའི་ངོ་ཚས་ཀུན་ནས་དུད། །
རབ་མཐོ་སྙེ་མའི་གང་བུ་འཛུམ་པའི་མངལ། །
ནམ་ཞིག་གྲོལ་ཚེ་འབྲུ་དྲུག་གསེར་གྱི་རི། །
མི་ཐེག་ས་འདི་རྒྱ་མཚོར་འབྱིང་དོགས་ནས། །
སྟོབས་ལྡན་བུ་ཡིས་རུས་སྦལ་ཟོལ་གྱིས་འདེགས། །
ཕུ་ཡི་ནེའུ་གསིང་ཡངས་པའི་ངོར། །
སྦྲ་དང་གུར་གྱི་ཚོམ་བུ་ཡང༌། །
དབྱར་གྱི་མཁའ་ལ་སྤྲིན་གྱི་ཕྲེང༌། །
ཕང་ཕོང་གཡོ་བའི་སྒེག་པ་འཛིན། །
དཀར་གནག་རྐང་བཞིའི་ཁྱུ་ཚོགས་ཀྱི། །
ཐང་མ་གཅལ་དུ་བཀྲམ་པ་ན། །
རྒྱུ་སྐར་གྲངས་ཀྱི་མ་འགྲན་ཏེ། །
སྐྱ་རེངས་ཡོལ་བའི་ཕག་ཏུ་བྲོས། །
དེ་ན་ལོངས་སྤྱོད་གཏེར་བརྡོལ་བས། །
རྨུགས་འཛིན་གྲོང་ལ་སྐྱེངས་སྟེར་ན། །
ཕལ་བའི་གནས་ན་མཚུངས་པའི་ཟླ། །
སྟོང་བའི་མཁའ་ལ་པིར་གྱི་རིས། །
དཀར་འཇམ་བལ་གྱི་ཕུང་བོ་ནི། །
སྟོན་གྱི་ཆུ་ལྡན་མཁའ་ལ་བཞིན། །
བང་བར་བརྩེགས་པའི་འབྲི་མར་ཡང༌། །
ཛམ་བུ་ནཱ་དའི་ལྷུན་པོར་རྟོག །
གཞན་ཡང་ཐོན་རྫས་ནོར་བུའི་དཔྱ། །
རྩེད་འཇོའི་ཆུ་བོའི་རླབས་ཕྲེང་ལ། །
རྣམ་པར་དགོད་བཞིན་དབང་ཕྱོགས་ཀྱི། །
དབྱིག་ལྡན་དགའ་མའི་གསོས་སུ་འབབ། །
འཆི་མེད་ཞལ་ཟས་དམན་བྱེད་པ། །
འོ་མའི་རྒྱུན་གྱིས་གསོས་པ་དག །
སྒྱུ་ཟོལ་སྤངས་པའི་དྲང་སྲོང་བཞིན། །
ལྷན་སྐྱེས་གཤིས་བཟང་ཡི་གར་འོངས། །
རླུང་སྐྱེས་སྤྲིན་གྱི་མཇིང་བ་ན། །
ལྡེམ་འཁྱུག་གློག་གི་རོལ་རྩེད་ཅན། །
རྩལ་དང་ལང་ཚོས་སྙེམས་དག་ལ། །
ལེགས་བྲིས་གཞོན་ནུ་སྙིང་ནས་སྨོན། །
བྱུར་དམར་དྲ་བའི་ལན་ཚར་ཅན། །
སིལ་སིལ་གདུ་བའི་སྒྲ་ལྡན་དག །
དཀྱུས་རིང་རྩེ་དགའི་ཞགས་པ་ལ། །
དཀའ་ཐུབ་ལྡོག་པའི་ཆོ་ག་རྫོགས། །
སྲིད་བྱུས་གསར་བའི་ག་བུར་རྒྱུན། །
རབ་འཐུང་འཛུམ་པའི་ཁ་གྲོལ་བ། །
རྒན་གཞོན་འབངས་ཀྱི་ཨུད་པ་ལའི། །
དང་བའི་གེ་སར་ཁྱོད་ལ་ཕྱོགས། །
དེ་རུ་བཀའ་དྲིན་བསྐལ་པ་བརྒྱར། །
ཆ་ཙམ་འཁོར་བའི་མཐའ་བྲལ་བ། །
བརྩེ་བས་མ་བཏང་ཡབ་ཡུམ་ཟུང༌། །
ཁོ་བོའི་བསོད་ནམས་སྐལ་བར་བཞུགས། །
དགྱེས་པའི་ཟླ་ཞལ་ཁྱོད་ཀྱིས་མཐོང༌། །
སྒོ་གསུམ་གུས་པའི་འདུད་ཕྱག་ནི། །
ཡང་ཡང་ཟློས་ལ་མཉེས་པ་སྒྲུབས། །
ཁམས་འདྲིའི་ཚིག་གི་སྐྱེས་ཀྱང་ཕུལ། །
འོན་ཀྱང་སྐུ་ཡི་གཟུགས་བརྙན་ནི། །
ཡིད་མཚོར་འགོག་པ་མེད་དོ་ཞེས། །
ཞུ་བར་མི་བྱ་སྤྱན་གྱི་ཟིལ། །
མུ་ཏིག་དོ་ཤལ་འཛིན་པར་འགྱུར། །
མདོར་ན་ལེགས་བྱས་འོད་རླབས་ཀྱི། །
རྩེ་དགས་ཡོངས་བཟུང་འཆི་མེད་ཚལ། །
སྣ་ཚོགས་བྱ་བཞག་ནྱ་གྲོ་ཏའི། །
ཡལ་འདབ་དཔག་ཚད་འབུམ་དུ་རྫོགས། །
ཨེ་མ་དེ་ལྟའི་ངོ་མཚར་ནི། །
དབྱངས་ཅན་བྱེ་བས་བརྗོད་ནུས་མིན། །
ཁྱོད་ཀྱི་འདྲེན་བྱེད་སྐལ་བ་རུ། །
ཐོབ་པ་བསོད་ནམས་དཔུང་བ་ལྩི། །
དེའི་ཚེ་རིང་བྲལ་གདུང་བའི་མ་བུ་སླར་ཡང་ཕྲད་དམ་གྲགས་པའི་མུ་ཁྱུད་ལེགས་བརྗོད་མའི། །
བདེ་ཆེན་རེག་པས་རབ་མྱོས་ལས་ལྷག་བསམ་གཏན་དང་པོའི་ས་ལ་ཐོལ་གྱིས་རེག་པ་ལྟའི། །
རབ་དགའ་ཁྱོད་ཀྱིས་འཐོབ་འགྱུར་ཡིད་ལ་རིང་བརྣག་གདུང་བའི་ན་བུན་དེ་ཡང་ལྷག་མེད་ཡལ། །
ད་དུང་མ་འོང་མཛེས་ལྗོངས་ཡིད་ལ་འཕོ་བས་ཁྱོད་ནི་དབང་མེད་སྒེག་པའི་ཁོང་འཛུམ་འཆོར། །
འཁྲི་ཤིང་མགྲིན་པ་ལྡེམ་ལྡེམ་གཡོ་ལྡན་ཟིལ་དངར་ཕོན་པོའི་དོག་པ་ཅན། །
ཆུ་སྐྱེས་ཚལ་ཡངས་དེ་ཡིས་ཡིད་ཀྱི་བུང་བ་གཞན་དུ་གཏོང་མིན་ཡང༌། །
དགོས་དབང་ཕྱིར་ན་ཁྱོད་ནི་བརྟན་པ་ལྷུར་བཞེས་འཕྲལ་དུ་མཇལ་བ་ཡི། །
རེ་སྨོན་དབྱངས་སུ་གྱེར་བཞིན་རེ་ཞིག་གཤོག་པའི་འདེགས་འཇོག་འདི་གར་སྒྱུར། །
ངེས་དོན་བྲག་ཆའི་རོལ་མོ་དབང་པོའི་གཞུ་ཡི་ཟླར་གྱུར་ཀྱང༌། །
ཀུན་རྟོག་སྣང་བའི་མགྱོགས་འགྲོ་བག་མེད་རྣམ་པར་འགྱུ་བ་ཡི། །
རོ་འཛིན་ལྕག་གི་དབང་གྱུར་དྲན་ཤེས་སྲབ་ཀྱིས་མ་གཅུན་པར། །
ངག་གི་གོམ་འགྲོས་ཅུང་ཟད་གཏོར་འདི་ངག་ལ་གོམས་ཕྱིར་རོ། །

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྱུ་མའི་ཕོ་ཉ་སྐུལ་བའི་སྙན་ཚིག་གཞོན་ནུའི་རོལ་རྩེད།

2009-03-27 འཇུ་སྐལ་བཟང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།