གྲྭ་པའི་མིག་ལ་བུད་མེད་འདི་ལྟར་ཡག

ཆགས་པའི་མིག་གི་ཁབ་རིང་མ་སྙིང་ལ་ལྷུང་ཞིང་རྩ་ལ་ཕོག །
བརྩེ་བའི་ཕྱག་གི་མེ་ཏོག་ཀྱང་སྐེ་ལ་བསྐོན་ཞིང་བྲང་ལ་བཏབ། །
བཟི་བྱེད་སྒྱུ་མ་ཆེན་པོ་སྟེ་སྐལ་བཟང་ཆང་གི་བུ་མོ་འདིས། །
དེ་རིང་བདག་གི་ཡ་ཆུང་ལ་མྱོས་འཛིན་བ་སོའི་ཀ་བ་བསླངས། །
ཚེམས་དཀར་འོད་མདའ་མ་འཕེན་ལགས་མཉེས་པའི་གློ་བ་འཐོར་སྙམ་བྱེད། །
མཚལ་དམར་མཆུ་སྒྲོས་མ་གཡོ་ལགས་སྲེད་པའི་རྣམ་ཤེས་འཆི་གྲབས་བྱེད།  །
དེ་བས་ཚུར་ཤོག་ལང་ཚོ་མ་བྲན་གཡོག་བདག་གི་བེམ་རིག་ལ། །
ཤུགས་ལྡན་སྲོག་གི་ཐིགས་པ་ནི་འཁུན་དབྱངས་ཕྲ་མོའི་འགྲོས་འདྲ་དགོས། །
ཕྱི་རུ་བཏེགས་པའི་འོ་བུམ་ལ་དགའ་བའི་མངར་ཁ་ཅི་ཙམ་མཆིས། །
ནང་དུ་གཤོང་བའི་པདྨ་ལ་བརྗོད་འདས་བྲོ་བ་ག་ཙམ་མངའ། །
དཀར་གཙང་ཁ་བའི་ཡན་ལག་ལ་དགུ་འགྱུར་འཕྲུལ་འདེགས་ཡོད་དམ་ཅི། །
བདག་མོ་ཚེ་རིང་ལོ་བརྒྱ་མས་ཉམ་ཆུང་གདུང་བ་ཞི་བར་མཛོད། །
མཉེན་ལྕིག་དར་གྱི་སྐ་རགས་ནི་ནགས་མའི་ཡལ་གས་བཤིག་པར་སྨོན། །
སྲབ་ཡངས་ལྭ་བའི་འདབས་མ་ཡང་འཐོར་རླུང་དྲག་པོས་བརྫེ་བར་རེ། །
གོ་རིམ་སྟོང་གི་ཕར་ནང་ནས་མི་བརྗེད་ལྷ་ཡི་བཏུང་བ་དེ། །
ལས་ཅན་སྣང་བའི་ཁུགས་པ་རུ་འཁྱིལ་ཞིང་འཕྱོ་བའི་སྨོན་ལམ་འདེབས། །
མི་མེད་སྤང་དང་བདེ་འབོལ་ཁྲི་ཡང་ན་ཆུ་འཁྱིལ་རྫིང་བུའི་ཁ། །
སྐྱེད་མོས་ཚལ་དང་སྤྲོ་བསང་གླིང་གཞན་ཡང་མཛེས་པའི་སྤྱིལ་ཆུང་སོགས། །
འདྲེན་བྱེད་ལམ་ལ་ཤར་ཐེངས་རེར་ཁྱོད་ཀྱི་མི་བཤིག་འཛུམ་པ་དེ། །
དྲན་པའི་ཤིང་གི་མུ་ཁྱུད་ལ་བརྐོས་པ་ཅན་གྱི་རི་མོས་འབུར། །

རྩོམ་ཁུངས། གྲུ་ཟུར་གྱི་གསལ་སྒྲིབ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲྭ་པའི་མིག་ལ་བུད་མེད་འདི་ལྟར་ཡག

2009-12-07 སེང་གེ་རྡོ་རྗེ། ཀློག་གྲངས། མཆན ཡོད།

ཆགས་པའི་མིག་གི་ཁབ་རིང་མ་སྙིང་ལ་ལྷུང་ཞིང་རྩ་ལ་ཕོག །
བརྩེ་བའི་ཕྱག་གི་མེ་ཏོག་ཀྱང་སྐེ་ལ་བསྐོན་ཞིང་བྲང་ལ་བཏབ། །
བཟི་བྱེད་སྒྱུ་མ་ཆེན་པོ་སྟེ་སྐལ་བཟང་ཆང་གི་བུ་མོ་འདིས། །
དེ་རིང་བདག་གི་ཡ་ཆུང་ལ་མྱོས་འཛིན་བ་སོའི་ཀ་བ་བསླངས། །
ཚེམས་དཀར་འོད་མདའ་མ་འཕེན་ལགས་མཉེས་པའི་གློ་བ་འཐོར་སྙམ་བྱེད། །
མཚལ་དམར་མཆུ་སྒྲོས་མ་གཡོ་ལགས་སྲེད་པའི་རྣམ་ཤེས་འཆི་གྲབས་བྱེད།  །
དེ་བས་ཚུར་ཤོག་ལང་ཚོ་མ་བྲན་གཡོག་བདག་གི་བེམ་རིག་ལ། །
ཤུགས་ལྡན་སྲོག་གི་ཐིགས་པ་ནི་འཁུན་དབྱངས་ཕྲ་མོའི་འགྲོས་འདྲ་དགོས། །
ཕྱི་རུ་བཏེགས་པའི་འོ་བུམ་ལ་དགའ་བའི་མངར་ཁ་ཅི་ཙམ་མཆིས། །
ནང་དུ་གཤོང་བའི་པདྨ་ལ་བརྗོད་འདས་བྲོ་བ་ག་ཙམ་མངའ། །
དཀར་གཙང་ཁ་བའི་ཡན་ལག་ལ་དགུ་འགྱུར་འཕྲུལ་འདེགས་ཡོད་དམ་ཅི། །
བདག་མོ་ཚེ་རིང་ལོ་བརྒྱ་མས་ཉམ་ཆུང་གདུང་བ་ཞི་བར་མཛོད། །
མཉེན་ལྕིག་དར་གྱི་སྐ་རགས་ནི་ནགས་མའི་ཡལ་གས་བཤིག་པར་སྨོན། །
སྲབ་ཡངས་ལྭ་བའི་འདབས་མ་ཡང་འཐོར་རླུང་དྲག་པོས་བརྫེ་བར་རེ། །
གོ་རིམ་སྟོང་གི་ཕར་ནང་ནས་མི་བརྗེད་ལྷ་ཡི་བཏུང་བ་དེ། །
ལས་ཅན་སྣང་བའི་ཁུགས་པ་རུ་འཁྱིལ་ཞིང་འཕྱོ་བའི་སྨོན་ལམ་འདེབས། །
མི་མེད་སྤང་དང་བདེ་འབོལ་ཁྲི་ཡང་ན་ཆུ་འཁྱིལ་རྫིང་བུའི་ཁ། །
སྐྱེད་མོས་ཚལ་དང་སྤྲོ་བསང་གླིང་གཞན་ཡང་མཛེས་པའི་སྤྱིལ་ཆུང་སོགས། །
འདྲེན་བྱེད་ལམ་ལ་ཤར་ཐེངས་རེར་ཁྱོད་ཀྱི་མི་བཤིག་འཛུམ་པ་དེ། །
དྲན་པའི་ཤིང་གི་མུ་ཁྱུད་ལ་བརྐོས་པ་ཅན་གྱི་རི་མོས་འབུར། །

རྩོམ་ཁུངས། གྲུ་ཟུར་གྱི་གསལ་སྒྲིབ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།