རྗེས་དྲན་ཨུཏྤལ་ཕྲེང་མཛེས།
______མཁས་དབང་འཇིགས་མེད་ཐེག་མཆོག་ལགས་ཀྱི་རྗེས་དྲན་དུ།
ལྷོ་ཕྱོགས་སྤྲིན་གྱི་འགྱུར་བག་རྒོད་པའི་ཟིལ།།
མ་ཐེག་དུས་ཀྱི་ལང་ཚོའི་འགྲམ་ངོགས་སུ།།
གུར་ཀུམ་མེ་ཏོག་འཐོར་བའི་མྱ་ངན་གྱིས།།
ས་གཞིའི་གདོང་ལ་སྐྱི་གཉེར་ཡང་གཅིག་བསྣན།།
ལྔ་རིག་སྣང་བ་སྟོང་གིས་ཉེར་འཁྱུད་ཅིང༌།།
རྣམ་དཔྱོད་དཀྱིལ་འཁོར་བཟླུམས་པའི་ཉི་མ་ཁྱེད།།
གློ་བུར་མིག་འཁྲུལ་བཞིན་དུ་ནུབ་པ་འདིས།།
འདི་ན་སྐྱོ་བའི་ཤུགས་རིང་ཡང་གཅིག་འབྱིན།།
འོན་ཀྱང་ཐུབ་པའི་ཞལ་ནས་ཇི་སྐད་དུ།།
མི་ཤེས་པ་རྣམས་ལོ་བརྒྱར་འཚོ་བ་ལས།།
མཁས་པ་ཉིན་གཅིག་འཚོབ་དོན་ཡོད་ཅེས།།
གསུང་གི་རོལ་མོར་སེམས་པ་ཡང་གཅིག་གླན།།
མཁྱེན་རབ་གཞུ་མཆོག་དཀར་པོའི་འཕྲུལ་འཁོར་ལས།།
ཤོར་བའི་རིག་བྱེད་གསུམ་པའི་ཉག་ཕྲན་གྱིས།།
ཆེ་བའི་ཆེ་བ་ཀུན་གྱི་རལ་བའི་ཕོན།།
ས་ལ་བསྙིལ་བའི་གཏམ་རྒྱུད་ཡང་གཅིག་འཕུར།།
ཡོན་ཏན་ཟླ་བ་བདུད་རྩིའུཧ་གཏེར་གྲོལ་བ།།
རིག་པའི་མེ་ལོང་ནམ་མཁའི་རྒྱན་གཅིག་པུ།།
བྲལ་བས་ས་ཡི་དུས་སྟོན་ཉམས་སོ་ཞེས།།
ཀུ་མུད་ཚོགས་ཀྱིས་མགོ་བོ་ཡང་གཅིག་དུད།།
དམར་སེར་འདབ་ལོ་སྲབ་མོས་ཉེར་སྐྱོར་བའི།།
ཁྱོད་སྐུ་པདྨོ་དུས་ཀྱིས་ཟུམ་ན་ཡང༌།།
ལེགས་གསུང་བླ་ན་མེད་པའི་རིན་ཆེན་སྒྲོམ།།
གསེར་འོད་འབར་བའི་གྲོགས་སུ་ཡང་གཅིག་འཚེར།།
ས་གཞི་རྡོ་རྗེ་འདྲ་བའི་རྐེད་པ་ནས།།
མཐའ་ཡི་རྒྱ་མཚོ་སྙེག་པའི་ཉལ་འགྲོ་མ།།
དགུ་འདུས་ཆུ་བོའི་རླབས་ཀྱི་སོར་མོ་ཡིས།།
ཁྱོད་གྲགས་སྙན་མེ་ཏོག་ཡང་གཅིག་འཐུ།།
ཁྱོད་ཞལ་དགྱེས་པའི་འཛུམ་ཟེར་འཇམ་པོའི་ངོགས།།
འཆད་ཁྲིད་བདུད་རྩིའི་བགོ་སྐལ་མ་ཐོབ་ཀྱང༌།།
མི་ཤིགས་མཛའ་འབྲེལ་གསེར་གྱི་ཕྲེང་ཐག་འདིས།།
ཀྱལ་ཀ་ཀུ་རེ་ཚུན་ཆད་ཡང་གཅིག་དྲན།།
དེ་བས་ཟུར་གསུམ་སྙིང་ལ་འཁྱིལ་བའི་མཚོ།།
ཐོལ་གྱིས་འཕྱུར་བའི་རྩེ་དགའ་ལས་བྱུང་བའི།།
ལྷག་བསམ་ཟླ་གཞོན་འཛུམ་པའི་ཟུར་མིག་གིས།།
རྗེས་དྲན་ཨུཏྤལ་ཕྲེང་བ་ཡང་གཅིག་དགོད།།
༢༠༠༣. ༧. ༡༥རོང་བོ།
རྩོམ་ཁུངས། ཀུ་ཤུ་དམར་པོ།