བུ་མོ་དེ་ལ་འདི་ལྟར་ཤོད།
ལྡེམ་ཞིང་ལྡེམ་ཞིང་འཁྱོར་བ་ཡི།།
འཕྱོར་ཞིང་འཕྱོར་ཞིང་སྒེག་པ་ཡི།།
གཟུགས་དང་ཞལ་རས་འཛུམ་པ་ལ།།
རྨི་ལམ་སྟོང་གི་སྒྱུ་འཕྲུལ་འཁོར།།
འཁྱུག་ཅིང་འཁྱུག་ཅིང་འཕྱོ་བ་ཡི།།
གཡོ་ཞིང་གཡོ་ཞིང་འགུལ་བ་ཡི།།
སྐྲ་མིག་གཉིས་ཀྱི་གསང་བའི་གར།།
ཆགས་པའི་རླུང་གིས་བདས་པ་འདྲ།།
འདོད་དང་འདུན་པས་སྦྱངས་པ་ཡི།།
ཚིག་དང་མནའ་ཡིས་བསྒྲིགས་པ་ཡི།།
ཁྲག་དང་མིག་ཆུས་བཙོས་པ་ཡི།།
ཡིག་འཕྲིན་ལན་གསུམ་ཨེ་འབྱོར་ཐལ།།
དེ་ཡི་ཡིག་འཕྲིན་དང་པོའི་ནང༌།།
རྣམ་ཤེས་ཚེ་འགུགས་བྱས་ནས་ཡོད།།
ཚེ་སྲོག་གསོན་སྦས་བྱས་ནས་ཡོད།།
རྨི་ལམ་མཆིན་བསྐྱོར་བྱས་ནས་ཡོད།།
དེ་ཡི་ཡིག་འཕྲིན་གཉིས་པའི་ནང༌།།
དུང་བའི་མར་ཁུ་ཞུས་ནས་ཡོད།།
བརྩེ་བའི་མཆོད་མེ་སྦར་ནས་ཡོད།།
དགའ་བའི་མེ་ཏོག་བཏུམས་ནས་ཡོད།།
དེ་ཡི་ཡིག་འཕྲིན་གསུམ་པའི་ནང༌།།
འབྱུང་འགྱུར་མིག་ལ་བསྟར་ནས་ཡོད།།
མི་ཚེ་རིས་ལ་བྲིས་ནས་ཡོད།།
འུ་གཉིས་ལྕགས་ཀྱུས་སྦྲེལ་ནས་ཡོད།།
བུ་མོས་ལན་གསུམ་གཟིགས་ཨེ་སོང༌།།
སེམས་ལ་གཡོ་འགུལ་ཐེབས་ཨེ་བྱུང༌།།
སྙིང་ལ་དགའ་བ་འཕེལ་ཨེ་བྱུང༌།།
དྲན་འཛིན་ང་ལ་འཁོར་ཨེ་བྱུང༌།།
2009-12-3
རྩོམ་ཁུངས། མཚན་ལམ་རིང་མོ།