བརྩེ་བ་སྦྲུམ་པའི་རྣམ་ཤེས།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-20

བྱིས་བློ་གཙང་མ་ཤེལ་གྱི་གོང་བུ་དང་འདྲ་དུས།།
འུ་གཉིས་སེམས་པ་འཁོར་ས་མེ་ཏོག་གི་རྩེད་ར།།
དུས་བཞིའི་གདུག་རྩུབ་ཇི་ལྟར་རེས་མོས་ཀྱིས་སླེབས་ཀྱང༌།།
རྩེད་ར་ཆུང་ཆུང་འཛུམ་དང་དྲོད་ཁོལ་གྱིས་ཁེངས་ཡོད།།

ལུས་སེམས་འཚར་ལོངས་བྱུང་བའི་གོ་རིམ་གྱི་ཁྲོད་ནས།།
ཁྱོད་ལ་གཟུགས་ལས་རིང་བའི་སྐྲ་ལོ་ཞིག་སྐྱེས་ཤིང༌།།
བྲང་ནས་འོ་མ་འཛིན་པའི་མྱོས་བུམ་ཟུང་འབུས་ཏེ།།
མོ་གཞོན་ལང་ཚོ་རྒྱས་པའི་རྟགས་མཚན་ཞིག་མངོན་འོང༌།།

ལོ་གསུམ་དུས་ནས་འདྲིས་པའི་འུ་གཉིས་ཀྱི་བར་ལ།།
རྩེད་གྲོགས་མིན་པའི་འབྲེལ་བ་ཟབ་མོ་ཞིག་ཆགས་ཤིང༌།།
གཅིག་བློ་གཅིག་ལ་ཁེན་པའི་ཡིད་ཆེས་ཀྱི་སྣེ་ན།།
མ་འོངས་འཚོ་བ་ཞེས་པ་མཚར་སྡུག་གིས་ཕྱུག་འདུག།

ལག་པ་ལག་པར་འཇུས་ནས་བདེ་སྣང་ཞིག་འཚོལ་གྱིན།།
སེམས་པ་སེམས་པར་བསྙེས་ནས་རྨི་ལམ་ཞིག་སྒོམ་བཞིན།།
རྒྱང་རིང་རྒྱང་རིང་ཞིག་ལ་དམིགས་པ་ནི་གཏད་ཚེ།།
ལོ་དང་ཟླ་བའི་རྟ་ཕོ་ཚོར་མེད་དུ་ཤོར་ཐལ།།

ང་ནི་སློབ་གླིང་རིག་པའི་དགའ་ཚལ་དུ་འགྲོ་དགོས།།
ཁྱོད་ཀྱིས་གཡང་དཀར་ལུག་ཁྱུའི་རྨིག་རྗེས་ནས་སྒུགས་དང༌།།
ཡུན་ནས་ཡུན་དུ་བསྲིངས་པའི་དུངས་སེམས་ཀྱི་ཕྱི་ཐག།
སྤྲིན་དང་སྨུག་པས་ཡེ་ནས་ཆོད་ཐབས་ཤིག་མི་འདུག།

ཉིན་ཞག་སུམ་བརྒྱ་རེ་ལྔ་སྐད་ཅིག་ལ་འདས་ཐལ།།
ཁྱོད་དང་འབྲེལ་བའི་སྐད་ཆ་དགུན་གཞུང་གི་འབྲུག་རེད།།
མི་འདོད་རྐྱེན་དང་འཕྲད་པ་ཨེ་ཡིན་ནི་སྙམ་བཞིན།།
ཕ་ཡུལ་ཕྱོགས་ལ་ཁ་པར་ཨེ་འཕྲོད་ལ་འབད་ནི།།

སྐར་ཆ་འགའ་ཡི་རྗེས་ནས་ཁ་པར་དེ་འཕྲོད་ཐལ།།
གློ་སྙིང་ཚལ་བར་གཤག་པའི་སྐད་ཆ་འདི་ཐོས་བྱུང༌།།
ཁྱོད་ནི་ཁྱིམ་བདག་བཙན་པོའི་བཀའ་བཀོད་ཀྱིས་དེད་དེ།།
རྒྱུས་མེད་གནས་ལམ་ཕྲ་མོར་བརྫངས་སོ་ལོ་ཟེར་གི།།

ཨ་ཨ་སྙིང་ནས་གཅེས་པའི་མ་བཟང་གི་བུ་མོ།།
ཤ་དང་སྐྱི་མོ་འདྲིས་བའི་ཆུང་འདྲིས་ཀྱི་བྱམས་པ།།
འུ་གཉིས་སོ་སོར་གྱེས་པའི་མྱ་ངན་གྱི་ཆུ་མོས།།
ང་ལ་ཐམས་ཅད་ཤོར་འདྲའི་མནར་གཅོད་ཅིག་བཏང་སོང༌།།

དགུང་གི་ཉི་མ་དེ་འང་ཐོལ་བྱུང་དུ་ངུས་བྱུང༌།།
ས་ནས་རྡུལ་དང་རྩྭ་ལོ་སྐྱོ་ཉམས་ཀྱིས་འཕྱུར་བྱུང༌།།
བདག་དང་བར་ཐག་རིང་བའི་སྙིང་སྡུག་གི་བུ་མོ།།
ད་ལྟ་སྡེ་མཐའ་གང་ནས་སུ་ཞིག་ལ་འཁྲེང་ཡོད།།

ལྔ་རིག་དྲི་ཞིམ་ལྡང་བའི་སློབ་ཁང་གི་ནང་ནས།།
བློ་རིག་བང་ཁ་འགྲན་པའི་སློབ་གྲོགས་ཚོའི་གྲས་ནས། །
ང་ནི་འཕུར་ཡ་བོར་བའི་ངང་ཕྲུག་དང་འདྲ་བར།།
རེ་ཞིག་གཟུགས་མེད་རྣམ་ཤེས་གཅུན་ཐབས་ནི་མི་འདུག།

བགྲང་བྱ་དུ་མ་འདས་པའི་དེ་རིང་གི་དུས་འདིར།།
ང་ནི་སླར་ཡང་ཕ་ཡུལ་རྩྭ་ཐང་དུ་ལོག་སྟེ།།
རི་དང་ལུང་བ་ཁེར་རྐྱང་གོམ་འགྲོས་ཀྱིས་གཞལ་ཚེ།།
རྡོ་དང་རྡེའུ་བརྩིགས་པའི་འཇིག་རྟེན་དེ་དྲན་ཡོང༌།།      
                                           2009/4/10ཉིན།

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་བ་སྦྲུམ་པའི་རྣམ་ཤེས།

2010-08-20 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།