ཡོལ་བའི་མཚམས།༼ ཞར་བཀོད་གསུམ་ཡོད ༽
ཁོ་བོ་སྨུག་པ་ལང་ལོང་ངོ་།།
བྱེད་བཞིན་ཆུ་ཡི་གཉེར་ལྟར་བྲིས།།
སྐྲ་ལོ་ཤེད་ཀྱིས་འཐོར་ཞིང་གྲུམ།།
འདས་ལོག་མང་པོ་བསྐྱར་དུ་ཟློ།།
ངག་ལ་མེ་ཏོག་ཟིལ་བ་བྲན།།
ཚིག་གི་སྡོང་ཤུན་ལོ་མས་དཀྲིས།།
ངལ་བ་མང་པོས་བསྐལ་བར་འཆོས།།
ཚོར་བའི་ཚེར་སྟན་རྩུབ་རྡར་བྱས།།
སླར་ཡང་དབྱངས་ཅན་འགྱིང་བའི་གར།།
སྦྲང་བུ་ཟེའུ་འབྲུར་འཇུག་པར་མཐོང་།།
པི་ལྦང་སྒྲས་ནི་སེམས་པ་གཡོ།།
ཅི་ཞིག་རྩིག་པའི་ཡོལ་བའི་རྒྱབ།།
མེ་ལོང་ནང་ནས་ཁེར་ལབ་བགྱིས།།
ང་ནི་སྨུག་པ་བཞིན་དུ་བྲིས།།
2015.4.26
དྲན་པའི་ངག
གྲིབ་མའི་སླེ་བོ་མུན་པས་དྲུད་པ་ན།།
ཟླ་བ་ནུབ་ཀྱི་རི་ལས་ཡར་འགྲིམ་སྟེ།།
གཙང་པོའི་འཁྲིས་སུ་འོད་ཀྱི་ཆར་ཟིམ་གྱིས།།
ཆུ་ལོ་རེ་རེ་མེ་ཏོག་འདབ་མ་རེ།།
གཙང་པོའི་ངག་རྒྱུན་སྲོད་དུ་དལ་གྱིས་ངང་།།
ཉི་ནུབ་དྲན་ཞིང་ཉི་ནུབ་རེ་རེ་བྲིས།།
སྤྲིན་པ་དྲགས་ཀྱིས་གདུ་བའི་སྐད་ཅིག་དེར།།
འདུ་ཤེས་རབ་རིབ་མུན་པ་རབ་རིབ་མཚུངས།།
ཚོར་བའི་སྒེའུ་ཁུང་ཅུང་ཙམ་ཕྱེས་པའི་མོད།།
དབྱར་གཞུང་དྲན་ལ་དགུན་གཞུང་རིང་མོ་དྲན།།
མེ་ཏོག་གློ་ཁ་ཆུ་ཁར་འབུས་པ་དྲན།།
ཕྱེ་ལེབ་ཅིག་ཀྱང་འཆི་ཁར་དཔྱངས་པ་དྲན།།
སྙན་ངག་རུམ་པའི་མཚན་མོ།
སེམས་ཀྱི་དགོང་སྲོད་མུན་པ་ལྡབ་ལྡིབ་ཀྱིས།།
གློ་ཡི་ཉིན་དང་སྲིབ་ཀའི་མཚམས་དང་མཚམས།།
མེ་ཏོག་ཟིལ་བའི་ཚུལ་དུ་ལྷུང་བ་མཐོང་།།
ཟིལ་ཆུ་རླུང་བུས་ཕྱོགས་དང་ཕྱོགས་སུ་གཏོར།།
མུན་པའི་ཧེབ་ཀྱིས་སྒོ་དང་སྒེ་འུའི་མཚམས།།
ཅལ་འདོན་མང་པོས་རི་ཆུ་ཉིལ་བར་བྱས།།
འཇགས་པའི་མཚན་མོར་ཟླ་བ་མར་ངོར་འགྲིབ།།
མིག་ཏུ་སྐར་འབྲུ་རེ་རེ་བཙུམ་ཞིང་གཡོ།།
འོད་ཅིག་ཡུན་ནས་རང་ཉིད་བསླུས་པའི་མོད།།
གྲིབ་ཡོལ་ཕག་ཏུ་ལྐོག་ཤི་ལ་མོ་རྒྱབ།།
ཨལ་སྟོང་མང་པོས་ཚོར་བའི་འདུ་འཁྲུགས་སློང་།།
ཕྱེ་ལེབ་ཅིག་ཀྱང་སྐྱེ་ཤིའི་བར་ལ་དྲུད།།
༤/༢༠
ངག་སྐུད་རིང་མོ།
ཚིག་ཚོགས་མང་པོ་མངལ་དུ་སྦྲུམ་སྟེ།།
ངག་གི་རྩུབ་རེག་ཞི་བར་བྱས་ཏེ།།
སྐར་མ་འདར་བའི་དགོང་ཁའི་གྲིབ་མ།།
ཟླ་འོད་འགྲམ་དུ་སྦས་སྐུང་བྱས་ཏེ།།
མཚན་སྨག་མང་པོ་ཕར་ལ་བདས་ཏེ།།
ཉི་འོད་མང་པོ་འཛུམ་བསུས་བརྒྱབ་སྟེ།།
ཆར་གྱི་ཟེའུ་འབྲུར་མེ་ཏོག་གད་པའི།།
དབྱར་གྱི་དགོད་སྒྲ་རྣ་བར་དཀྲོལ་བའི།།
མགྲིན་གླུ་སྙན་པའི་བྱ་དང་བྱི་འུ།།
ནགས་མོའི་ཚལ་དུ་རྒྱུ་བ་མཐོང་ན།།
ཆུ་བོའི་འགྲམ་དུ་བསིལ་བ་དྲན་ན།།
རླུང་བུ་ཞིག་ཏུ་སྤྲུལ་ན་འདོད་དོ།།
མེ་ཏོག་ཞིག་ཏུ་སྐྱེ་ན་བསམ་མོ།།
མཚན་སྨག་ཁྲོད་ཀྱི་སྟོང་འདང་ཡིན་པའི།།
རྨི་ལམ་མང་པོས་བསླུ་བྲིད་ཡིན་པའི།།
མི་ཚེ་འདི་ཡི་ལྐོག་ཇུས་མཐོང་ན།།
མཚན་སྨག་འདི་འང་གནས་མལ་ཞིག་སྟེ།།
སྦས་སྐུང་འདི་འང་གནས་ལུགས་ཤིག་གོ།།
ང་ཡི་འདོད་པའི་མིག་ཀོང་ནང་དུ།།
བུད་མེད་འགའ་ལ་ནུ་ཤུབས་མེད་དོ།།
བུད་མེད་འགའ་ལ་མཚན་ཁེབས་མེད་དོ།།
གང་དང་གང་གིས་འདོད་ལྟར་བྱེད་དོ།།
གདོང་གི་འབག་དེ་རྗེས་པའི་མཚམས་སུ།།
མང་པོ་ཉེ་ནས་རིང་དུ་གྱེས་སོ།།
མང་པོ་རིང་ནས་ཉེ་རུ་གྱུར་སོང་།།
ཆར་བ་འདི་ཡི་འབབ་མཚམས་ཆད་ན།།
ལྷིང་འཇགས་འདི་ལ་སྒེའུ་ཁུང་གཏོད་རྗེས།།
ཉི་འོད་ཅུང་ཙམ་མཐོང་བར་འགྱུར་རོ།།
མེ་ལོང་ཏོག་ཙམ་གསལ་བར་འགྱུར་རོ།།
2015.5.17
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།