ཡིད་ཀྱི་ཟུག་གཟེར་ལས་བྱུང་བའི་ན་ཟུག
—<<ནེ་ལེར་བགྲོ་བའི་གཏམ>>གྱི་ཐོག་མའི་དཔྱད་པ།
སྙན་ངག་འདིའི་རྩོམ་པ་པོ་ནི་བོད་ཀྱི་སྙན་ངག་པ་འཇུ་སྐལ་བཟང་ལགས་ཏེ། ཁོང་ནི་སྤྱི་ལོ་1960ལོར་མཚོ་སྔོན་མགོ་ལོག་ཏུ་སྐྱེས་ཤིང༌། སྔ་ཕྱིར་
རང་ཡུལ་མགོ་ལོག་དང་གནའ་མཁར་ཟི་ལིང༌། རྒྱལ་ས་པེ་ཅིན་བཅས་སུ་སློབ་གྲྭ་འགྲིམས། 1987ལོར་མཚོ་སྔོན་མི་རིགས་སློབ་གླིང་དུ་བོད་ཀྱི་རྩོམ་རིག་
གི་ཧྲོ་ཧྲིའི་ཐོབ་ཐང་བླངས་རྗེས། ཕྱིར་རང་ཡུལ་མགོ་ལོག་ཏུ་སོང་ནས་ཡིག་སྒྱུར་སོགས་རིག་གནས་ཀྱི་ལས་དོན་གཉེར་བཞིན་ཡོད། ཁོང་ནི་བོད་ཀྱི་རིག་
གནས་ལ་དགའ་བ་དང་སྒོས་སུ་བོད་ཀྱི་རྩོམ་རིག་ལ་དུངས་ཏེ། ཕུལ་དུ་བྱུང་བའི་སྙན་ངག་གི་བརྩམས་ཆོས་མང་བོ་ བརྩམས་ཤིང༌།རྒྱ་ཆེའི་ཀློག་པ་
པོས་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད།
ཁོང་གིས་བརྩམས་པའི་ཚིགས་བཅད་སྙན་ངག་དང་རང་མོས་སྙན་ངག་གང་ཡིན་རུང་མཚོན་ཐབས་ཕུན་སུམ་ཚོགས་ཤིང་ཚིག་སྤྱོར་བརྗིད་
ཅིང་བརླིང་བ། ཡིད་འགྱུ་ཤུགས་དྲག་ལ་སྐྱིད་སྡུག་གི་འཚོ་བ་དངོས་ལ་གཞོལ་ཆེ་བ་སོགས་ཁྱད་ཆོས་མང་དུ་ལྡན། 2001ལོར་བསྒྲིགས་པའི་མཐོ་རིམ་སློབ་
འབྲིང་གི་སྐད་ཡིག་དེབ་གསུམ་པའི་ནང་བདམས་པའི་འཇུ་སྐལ་བཟང་གི་སྙན་ རྩོམ《ནེ་ལེར་བགྲོ་བའི་གཏམ》ཞེས་པ་དེ་ནི་ཁོང་གིས་མཚོ་སྔོན་མི་
རིགས་སློབ་གླིང་གི་ཞིབ་ འཇུག་འཛིན་གྲྭར་སློབ་གཉེར་བྱེད་ དུས་བརྩམས་ཏེ། གཤམ་ནས་སྙན་ངག་དེ་ཁག་གསུམ་དུ་དབྱེ་ནས་ཅུང་ཟད་དཔྱད་པར་
བྱའོ། །
ཁག་དང་པོ(ཐལ་དཀར་མཆེ་བ་ཞེས་པ་ནས་བགྲོ་གླེང་ཞིག་བྱའོ་ཞེས་པའི་བར)ཡི་ནང་དུ་དངོས་པོ་ངེས་བསྟན་དང་རྩོམ་པར་དམ་བཅའ་
ཡིན་ལ། དེ་ཡང་ཐོག་མར་རྩེ་མོར་སྤྲིན་དཀར་ལང་ལོང་ལྡིང་བའི་གངས་རི་དང་ངོས་སུ་མེ་ཏོག་ལྷག་ལྷག་རྒོད་པའི་སྤང་ཐང༌། སྒོས་སུ་ཉམས་སྣང་ལ་
མཛེས་སྡུག་ཡིད་དབང་འཕྲོག་པར་བྱེད་པའི་ན་དང་སྤང་གི་བར་མཚམས་ཞེས་གངས་ཅན་བོད་ཀྱི་མཛེས་སྡུག་གི་ཁོར་ཡུག་ངོ་སྤྲོད་བགྱིས་པ་དང༌། བར་
དུ་དེ་ལྟའི་རང་བྱུང་ཁོར་ཡུག་ གི་ཁྲོད་དུ་འཚོ་གནས་བྱས་པའི་འདབ་ཆགས་ནེ་ལེ་སྟེ་འཕུར་རྩལ་ཞན་ཞིང༌། ཨ་བྲའི་ཁུང་སྒོར་ བསྒུགས་ནས་ཡུན་རིང་
སྡོད་ལ། ནམ་ཞིག་ཨ་བྲ་ཕྱིར་ཐོན་མ་ཐག་སྦར་འཛིན་བྱས་ཏེ་གཟན་དུ་ བྱེད་པའི་བྱ་དེའི་རིགས་བྲིས་ཡོད། བྱ་དེའི་འཚོ་བ་རོལ་སྟངས་སྣ་གཅིག་སྟབས་
བདེ་ཡིན་ལ། བདེ་བ་ཆུང་ངུ་འབའ་ཞིག་ལ་ཆགས་ཏེ་ཉི་མ་གཏོང་ཐབས་བྱེད་པ་ལས་ཆེན་པོའི་བདེ་བར་མི་དམིགས་པའི་རང་རིགས་ཀྱི་མི་ནུས་མེད་སྐོར་
ཞིག་མཚོན་བཞིན་ཡོད། ཐ་མར“མནོག་ཆུང་ཨབ་ཤར་དམིགས་པའི་བསམ་གཏན་དེ་ཐོངས་དང༌། ། འུ་ཅག་རང་ལ་ཕན་པའི་བགྲོ་གླེང་ཞིག་
བྱའོ”ཞེས་དངོས་པོ་སྟེ་བརྗོད་བྱ་ངེས་པར་བསྟན་པ་དང་ལྷན་ཅིག་སྙན་ངག་རྩོམ་པར་དམ་བཅས་པ་རེད། ཁག་འདིར“ཐལ་དཀར་མཆེ་བ”དང“སྟོད་
གཡོགས།”“སྤུ་ལོང༌།” “སྐྲ་ལོ།” “ནེ་ལེ།”“ཨབ་ཤ”བཅས་མཚོན་བྱེད་ཀྱི་དཔེ་དང༌།“བསླངས”དང“སྒྱུར་བ།”“གཡོ་བ།”“ལྡེམ་པ།”“དམིགས་པ།”
“ བྱའོ”སོགས་ལས་ཚིག་བཀོལ་ཏེ་དངོས་པོ་ངེས་བསྟན་དང་རྩོམ་པར་དམ་བཅའ་བ་སོགས་བརྗོད་དོན་གྱི་གནད་ཕྱུང་བ་དང་ཚིག་དོན་ལ་
གསོན་ཉམས་དང་མཚོན་སྟོབས་ཀྱི་དཔལ་སྦྱིན་ཡོད།
ཁག་གཉིས་པ(རང་ཞེན་བག་ཆགས་ཞེས་པ་ནས་ལྷག་མེད་དུ་སྤྲུགས་ཤོག་ཅེས་པའི་བར)ནི་ཤོ་ལོ་ཀ་བཅུ་བདུན་གྱིས་གྲུབ་ཡོད་པ་སྙན་ངག་
དེའི་གྲུབ་ཆ་གཙོ་བོ་རེད། དེའི་ནང་དུ་སྙན་ངག་པའི་བློ་གྲོས་ཀྱི་རྩལ་དང་ཡིད་ཀྱི་ཟུག་གཟེར་ལས་ཐོན་པའི་ངོ་མཚར་ཞིང་གནད་ལ་ཕོག་པའི་
དྲི་བ་མང་བོར་བརྟེན་ནས་འདབ་ཆགས་ནེ་ལེ་དང་འདྲ་བའི་ཉམ་ཐག་པའི་མི་རྣམས་ལ་སྙིང་ཐག་པ་ནས་བགྲོ་གླེང་མང་དུ་བྱས་ཡོད། དེ་ཡང་དོན་
གྱི་རིམ་པ་ལྟར་རེ་རེ་བཞིན་དཔྱད་ན་གཤམ་གསལ་ལྟར་རོ། །
“རང་ཞེན་བག་ཆགས་མཐུག་པོའི་གདམས་ངག་གི་བུམ་ཆུར”ཞེས་སོགས་ཤོ་ལོ་ཀ་བཞི་ཡིས་རིམ་བཞིན་གདམས་ངག་ཏུ་གྲགས་པའི་
གཏམ་ལ་བླང་དོར་དཔྱད་འཇོག་མ་བྱས་པའི་ཉེས་དམིགས་དང་ཡང་དག་མིན་པའི་ལྟ་བ་ཇི་ལྟར་ལག་ཏུ་བསྟར་ཀྱང་ཡ་ང་བའི་འབྲས་བུ་ལས་ཅི་ཡང་
མེད་པའི་ཚུལ་དང་ཁྱིམ་པ་མཚན་ཉིད་པ་མིན་ལ་བཙུན་པ་མཚན་ཉིད་པ་ཡང་མིན་པའི་ཕུང་བོ་གསུམ་པར་གྱུར་པའི་མི་རྣམས་སོས་དལ་བག་ཕབ་ཀྱིས་
གནས་པའི་ཚུལ་ལ་དགག་པ་དང༌། བརྗོད་རིན་མི་འདུག་པའི་ཨ་བྲའི་ཤ་གཟུག་ཆུང་ངུའི་ཁ་ཟས་ཀྱི་བདེ་བར་དམིགས་པའི་མི་རྣམས་ནི་ང་རྒྱལ་གྱིས་
ཁེངས་ཀྱང་མིས་འཕྱ་ཞིང་རང་ཡང་ནོངས་པའི་གཞི་ལས་མི་འདུག་པའི་ཚུལ་བརྗོད་དེ་ནེ་ལེ་དང་འདྲ་བའི་མི་རྣམས་ཀྱི་བླང་དོར་གྱི་ཚུལ་ལུགས་མི་ཤེས་
པ་ལ་སོགས་པའི་རང་བཞིན་རྗེན་པར་བསྟན་འདུག
“དྲི་བཞོན་གྲོགས་སུ་རྩེན་པ་ཐང་དཀར་གྱི་རྒོད་པོ”ཞེས་སོགས་ཤོ་ལོ་ཀ་བཞི་ཡིས་རིམ་བཞིན་བཙན་པོ་ཐང་དཀར་རྒོད་པོས་རང་དགར་
བརྙས་བཅོས་བྱས་ཚེ་རང་ཉིད་ཀྱང་འདབ་ཆགས་ཡིན་པའི་འདུ་ཤེས་ཤིག་མེད་དམ་ཞེས་དང༌། དགྲ་བོས་འབྱོར་བ་ལ་དམིགས་ནས་སྲོག་ལ་རྒོལ་བའི་ཚེ་
རབ་ཏུ་རྒྱས་པའི་གཤོག་རྩལ་ཞིག་ཡོད་ན་ཨེ་འདོད་ཅེས་དང༌། བྱ་ཆེ་ཆུང་ཐམས་ཅད་ཀྱིས་ཤ་གསར་བར་ལོངས་སྤྱོད་པའི་ཚེ་རང་ཉིད་ཀྱིས་ཀྱང་ལོངས་
སྤྱད་ན་སྙམ་པའི་སྲེད་ལེན་ཞིག་མེད་དམ་ཞེས་དང༌། གཞན་གྱིས་འཕྱ་སྨོད་ཇི་ལྟར་བྱས་ཀྱང་ཤེས་མེད་ཚོར་མེད་ངང་འཚོ་བ་འདི་ལ་སྐྱོ་ཨང་ཞེས་ནེ་ལེ་
དང་ཐང་དཀར་རྒོད་པོ་སོགས་ཀྱི་འབྲེལ་བ་དང་གནམ་ས་ལྟ་བུའི་ཁྱད་པར་སོགས་བརྗིད་ཅིང་བརླིང་བའི་ཚིག་གིས་བརྗོད་དེ་ནེ་ལེ་ལ་ཟུར་ཟ་དང་སྐུལ་ལྕག་གནང་ཡོད།
“ཀུན་འགྲོ་ལྔ་སོགས་སེམས་བྱུང་རྣམ་གཡེང་གི་བུ་ཆུང”ཞེས་སོགས་ཤོ་ལོ་ཀ་གཉིས་ཀྱིས་རིམ་བཞིན་ཀུན་འགྲོ་ལྔ་སོགས་སེམས་བྱུང་འཇུར་
བཅིངས་དང་བག་འཁུམས་ལས་ཅུང་ཟད་ཡན་པར་བཏང་ན་བདེ་ཉམས་ཤིག་མེད་དམ་ཞེས་དང༌། རང་ཉིད་བཅིངས་པ་ལས་གྲོལ་བར་བྱས་ཏེ་སྲིད་
ཁམས་ཡངས་པོར་ལྟོས་དང་དོན་ལྡན་གཤིས་ཀྱི་རི་མོ་མཐོང་འོང་ཞེས་འཆིང་ཐག་འདོར་དགོས་ལ་རང་དབང་ལྡན་དགོས་པའི་ཚུལ་བརྗོད་ཡོད། འདི་
ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས<<མི་རྟག་དྲན་པའི་གསུང་མགུར>>དུ“ཆེ་འདོད་རེ་བའི་གཞི་མ་མེ་ནང་དུ་བསྲེགས་ཤིང༌། །མི་འདོད་ཁྲལ་
གྱི་བཙུན་གཟུགས་ཐལ་དོང་དུ་བསྐྱུར་ཏེ། །གང་དྲན་སེམས་རྗེས་འབྲང་བ་སྨྱོན་པ་ཡི་སྤྱོད་པས། །ལྗོངས་དང་ལྗོངས་སུ་རྒྱུ་བའི་གུ་ཡངས་ཤིག་བྱུང་ན”
ཞེས་པ་སོགས་ཤོ་ལོ་ཀ་དུ་མ་ཞིག་གསུངས་ཡོད་པའི་དོན་དང་གཅིག་ཏུ་མཐོང༌།
“གཤོག་དྲུག་རྩལ་ཁ་རྫོགས་པ་བྱ་རྒྱལ་གྱི་ཁྱུང་ཆེན”ཞེས་སོགས་ཤོ་ལོ་ཀ་གསུམ་གྱིས་རིམ་བཞིན་བྱ་རྒྱལ་ཁྱུང་ཆེན་ལ་ལུས་བོངས་ཆེན་པོ་ལྡན་
པ་དང་རྩལ་ལྡན་གླག་མོ་ལ་སྡེར་ཁྱིམ་རྣོན་པོ་ཡོད་པ། ཁུ་བྱུག་སྔོན་མོ་ལ་མགྲིན་པ་སྙན་མོ་ལྡན་པ་དང་རྒྱ་བྱ་སྒེག་མོ་ལ་ཡིད་འོང་ཚོན་མདོག་བཀྲ་བ། རྨ་
བྱར་དུག་ཆེན་འཇུ་བའི་ནུས་མཐུ་ཡོད་པ་དང་ནེ་ཙོར་གཞན་ཚིག་སྐྱོར་པའི་ཁྱད་ཆོས་ལྡན་པ་བརྗོད་དེ་འདབ་ཆགས་འདི་དག་གིས་མཚོན་པའི་མི་
རྣམས་ལ་རང་རང་གི་ཡོན་ཏན་རྫོགས་ཡོད་པའི་ཚུལ་བསྟན་ཡོད།
“མང་མང་བགྲང་གིས་མི་ལང་བགྲང་དགོས་ཀྱང་མི་འདུག”ཅེས་སོགས་ཤོ་ལོ་ཀ་གཉིས་ཀྱིས་རིམ་བཞིན་འདབ་ཆགས་རེར་གོང་སྨྲས་བཞིན་
རང་རང་གི་ནུས་པ་རེ་རྫོགས་ཡོད་དེ། ནེ་ལེ་ཁྱོད་ལ་ནི་ཅི་ཡང་མེད་པ་ཕ་ཡིས་སྐྱོན་ནམ་མ་ཡིས་ལན་ཞེས་པ་དང༌། བྱ་ཚོགས་ཀྱི་ནུས་པ་དག་ནི་དཀའ་
སྤྱད་ཀྱི་འབྲས་སུ་ཡིན་ཏེ། དཀའ་སྤྱད་མེད་ན་ནེ་ལེ་ཁྱོད་དང་འདྲ་བར་འགྱུར་རོ་ཞེས་ནེ་ལེ་ནི་འདབ་ཆགས་གཞན་དང་མི་འདྲ་བར་ནུས་མེད་སྟོབས་
ཟད་ཡིན་པའི་རྒྱུ་རྐྱེན་བརྗོད་ཡོད།
“ཁྱོད་ལ་གདོས་སུ་ལྩི་བ་སྒྲོ་ཐུལ་གྱི་ལྭ་བ”ཞེས་པའི་ཤོ་ལོ་ཀ་གཅིག་པུས་ནེ་ལེ་ཁྱོད་ལ་ལྡན་པའི་འབྱོར་བ་སྟེ་སྒྲོ་ཐུལ་ནི་ཕ་མེས་རྣམས་ཀྱི་སྙིང་དུ་
བསྲེས་བའི་གཅེས་ནོར་ཡིན་ཕྱིར་རིན་པོ་ཆེ་ཡིན་པ་དང༌། རང་ཉིད་ཀྱི་ལྷན་སྐྱེས་ཀྱི་ནུས་པ་སྟེ་མཆུ་རྣོན་དང་སྡེར་ཁྱིམ་ཡང་ཨ་བྲ་ཁོ་ནའི་ཕྱོགས་སུ་མི་
འཁོལ་བར་གཞན་ཕྱོགས་ལ་ཡང་དགོལ་དགོས་པའི་ཚུལ་བརྗོད་ཡོད། འདིས་སྒྲོ་ཐུལ་དང་འདྲ་བའི་ལུག་གི་བལ་དང་ནོར་གྱི་རྩིད་པ་སོགས་ནི་ཕ་མེས་
ཡང་མེས་རྣམས་ཀྱི་སྙིང་གི་གཅེས་ནོར་དུ་བཟུང་བ་དང༌། མཆུ་སྡེར་དང་འདྲ་བའི་རང་གི་ལྷན་སྐྱེས་ཀྱི་ནུས་པ་ཡང་ཕྱུགས་ཟོག་གམ་འབྲུ་རིགས་ཁོ་ན་
གཉེར་བའི་ཕྱོགས་སུ་མི་འཁོལ་བར་གཞན་རིག་གནས་སློབ་སྦྱོང་དང་ཚན་རིག་ལག་རྩལ་སོགས་ཀྱི་ཕྱོགས་སུ་ཡང་དགོལ་ཆོག་ལ་ངེས་པར་དགོལ་པའི་
ཚུལ་བསྟན་ཡོད།
“དུས་ཀྱི་འཕོ་འགྱུར་གར་མཁན་རྐང་སྟབས་བཞིན་སྒྱུར་ཞིང”ཞེས་པའི་ཤོ་ལོ་ཀས་དུས་ཀྱི་འཕོ་འགྱུར་ནི་ཧ་ཅང་མྱུར་ཞིང་སྣ་ཚོགས་པ་ཞིག་
ཡིན་པ་ནི་གར་མཁན་གྱི་རྐང་སྟབས་སྒྱུར་བ་དང་འདྲ་ཞིང་ཅོ་འདྲི་སྟེ་འགྲན་ཟླ་འཛུགས་པའི་འཇིགས་པ་ནི་བདུད་པོའི་མདུང་རིང་བཞིན་གཟེངས་ཚེ།
ད་དུང་ཤི་མིན་གསོན་མིན་གྱི་ངང་ནས་མིག་ཟུང་ཅེ་རེར་འདུག་པའི་དུས་སྐབས་དེ་མ་ཡིན་ཕྱིར། གོང་སྨྲས་གཏམ་གྱི་དོན་གོ་ཚེ་ནེ་ལེ་ཁྱོད་ཀྱིས་ཀྱང་རང་
གི་ལུས་སེམས་སུ་གནས་པའི་སྟོབས་ཤུགས་ཡོད་དགུ་ལྷག་མེད་དུ་སྤྲུགས་ཤོག་ཅེས་རང་རིགས་ལ་དགའ་ཞིང་རང་རིགས་འཕེལ་རྒྱས་ལ་དུངས་པའི་དྲི་མ་
མེད་པའི་བརྩེ་གདུང་མཚོན་པར་བྱས་ཡོད།
ཁག་འདིར“བུམ་ཆུ”དང“བུ་ཆུང༌།”“ཐང་དཀར་རྒོད་པོ།”“བྱ་རྒྱལ་ ཁྱུང་ཆེན།”“རྨ་བྱ།”“ནེ་ཙོ”སོགས་
མཚོན་བྱེད་ཀྱི་དཔེ་དང༌།“འགྲེངས་པ” དང“བསྐྱངས་པ།”“ལྡིང༌།”“གཏོར།”“སྐོར།”“ཕེབས”སོགས་ལས་ཚིག་དང༌།“འཁྲུངས་སམ།”“འགགས་སམ།”“སུས་བྱིན།”
“འདུག་གམ” སོགས་འདྲི་ཚིག གཞན་ད་དུང“ངེས་འབྱུང”དང“གླུ་སྙན།”“སྨྲ་མཁས།”“གཅེས་ནོར”སོགས་བརྩེ་དུངས་ཀྱིས་གཏམས་པའི་མིང་ཚིག་སོགས་ལ་
བརྟེན་ནས་ནུས་ མེད་སྟོབས་ཟད་ལ་སྨད་ཅིང་ནུས་འཛོམས་སྟོབས་ལྡན་ལ་བསྔགས་པ། ཉམས་རྒུད་ཐ་ཆད་ལ་སྨད་ཅིང་སྤྲོ་ལྡན་འཕེལ་རྒྱས་ལ་སྨོན་པའི་ཤུགས་
དྲག་པའི་ཡིད་འགྱུར་དག་སྒྱུ་རྩལ་གྱི་མཛེས་སྡུག་དང་བཅས་ཏེ་མངོན་པར་མཚོན་ཡོད།
ཁག་གསུམ་པ་ནི་སྙན་ངག་ཧྲིལ་བོའི་ཡང་མཐའི་ཤོ་ལོ་ཀ་ཡིན་ལ། དེའི་ནང་དུ་སྙན་ངག་པ་རྣམ་གཡེང་གི་རྟ་ཕོར་བཞོན་ཏེ་སྲིད་པའི་གྲོང་སྒོ་
མྱུག་སྐབས། འདབ་ཆགས་ནེ་ལེ་དང་འདྲ་བའི་མི་སྐོར་ཞིག་གི་ཡི་གར་མི་འོང་བའི་སྤྱོད་ཚུལ་དང་ཡིད་ལ་སྐྱོ་སྣང་འབྱིན་པའི་ནུས་མེད་ཀྱི་ཚུལ་དག་མཐོང་
བ་དང་དྲན་པ་སོགས་ལ་བརྟེན་ནས་གློ་བུར་དུ་སྙིང་ཁམས་འཁྲུགས་ཏེ་མགྲིན་པ་ལ་རང་དབང་མེད་པར་ཚོད་མེད་བབ་ཅོལ་ཐལ་སོང་བས་མཚང་ལ་
ཕོག་སོང་བ་རྣམས་དགོངས་ པ་རང་མ་ཚོམས་ཞེས་སྙན་ངག་ཧྲིལ་བོའི་མཇུག་བསྡུས་ཡོད། དེ་ལས་སྙན་ངག་པའི་ལྷག་པའི་ བསམ་པ་དང་ཡིད་ཀྱི་ཟུག་
གཟེར། ཤ་ཚ་སྙིང་ཉེ། ཁེངས་སྐྱུང་ཚུལ་མཐུན། སྒོས་སུ་སྙན་ངག་ འདི་རྩོམ་པའི་ཀུན་སློང་སོགས་ཉུང་འདུས་ཚིག་གིས་རབ་ཏུ་གསལ་བར་བསྟན་ཡོད།
སྙན་ངག་དེར་བཀོལ་པའི་རྒྱན་གཙོ་བོ་ནི་བསྡུས་བརྗོད་ཀྱི་རྒྱན་ཏེ་མཚོན་བྱེད་ཀྱི་དཔེ་འདབ་ཆགས་ནེ་ལེ་དང་ཐང་དཀར་རྒོད་པོ། བྱ་རྒྱལ་ཁྱུང་ཆེན།
རྩལ་ལྡན་གླག་མོ། ཁུ་བྱུག་བུ་མོ། རྒྱ་བྱ་སྒེག་མོ། རྨ་བྱ། ནེ་ཙོ་སོགས་ལ་བརྟེན་ནས་བརྗོད་འདོད་ཀྱི་དོན་ཉམ་ཐག་གི་མི་དང་ནུས་ལྡན་གྱི་མི། ཡོན་ཏན་
པ། འབྱོར་ལྡན་གྱི་མི། སྒྱུ་རྩལ་པ་སོགས་ཀྱི་རང་བཞིན་དང་ཁྱད་ཆོས། སྙན་ངག་ པའི་ལྟ་བ་དང་ཤུགས་དྲག་པའི་བསམ་བློའི་འགྱུར་པ་སོགས་མཚོན་
པར་བྱས་ཡོད། གཞན་ད་ དུང“ཡིད་འོང་ཉམས་སུ་དགའ་བའི་ན་སྤང་གི་མཚམས་ན”ཞེས་པ་ལྟ་བུ་དང༌།“ད་དུང་ཅེ་རེར་གཟིགས་པའི་དུས་
སྐབས་དེ་མ་ཡིན”ཞེས་པ་ལྟ་བུའི་རང་བཞིན་བརྗོད་པའི་རྒྱན་དང༌།“ཐལ་དཀར་མཆེ་བ་བསླངས་འདྲའི་མཛེས་སྡུག་གི་ལྷུན་པོ”ཞེས་པ་ལྟ་བུ་
དང༌། “ཅོ་འདྲིའི་འཇིགས་པ་བདུད་པོའི་མདུང་རིང་བཞིན་གཟེངས་ཚེ”ཞེས་པ་ལྟ་བུའི་དཔེ་ རྒྱན།“སྤྲིན་དཀར་གྱི་སྟོད་གཡོགས”དང
“གདམས་ངག་གི་བུམ་ཆུ།”“ལྟ་བ་ཡི་བུ་ཆུང༌།”“ཁྲེལ་དགོད་དབྱར་རྔ།”“སྒྲ་འཛིན་གྱི་མལ”ཞེས་པ་ལྟ་བུའི་གཟུགས་རྒྱན།
“མནོག་ཆུང་ཨབ་ཤར་དམིགས་པའི་བསམ་གཏན”ཞེས་པ་དང༌། “བླུན་སྒོམ་བཙན་ས་འཛིན་པའི་ངང་ཚུལ”ཞེས་པ་ལྟ་བུའི་རབ་རྟོག་གི་
རྒྱན་ཏེ་བརྗོད་དོན་ཡིད་འོང་སྒྱུ་རྩལ་གྱི་ལམ་ནས་མཛེས་པར་མཚོན་པ་ལ་མངོན་པར་མཁོ་བའི་ཚིག་རྒྱན་དག་བེད་སྤྱོད་ལེགས་པར་བཏང་ཡོད། དེའི་
ཕྱིར། སྙན་ངག་དེ་ནི“དོན་བཟང་བ་ལ་ཡིད་འཕྲོག་ཚིག་སྦྱོར་གྱིས། སྤྲས་པར་གྱུར་ན་ཆེས་ཆེར་མཛེས་པར་འགྱུར”ཞེས་པའི་རྗེ་རིན་པོ་ཆེའི་ལེགས་
བཤད་དང་སྒོ་ཀུན་ནས་མཚུངས་སོ། །
མདོར་ན། ཚིག་བརྗིད་ཅིང་བརླིང་ལ་དོན་འདྲིལ་ཞིང་གསལ་བ། མཚོན་ཐབས་མང་ཞིང་ཡི་གར་འོང་བའི་ཁྱད་ཆོས་ཡོངས་སུ་རྫོགས་པའི་
སྙན་ངག་འདི་ནི་སྙན་ངག་པ་འཇུ་སྐལ་བཟང་ལགས་ཀྱི་ཚིགས་བཅད་སྙན་ངག་བཟང་ཤོས་ཤིག་རེད། འདི་ལས་སྙན་ངག་པས་བོད་ཀྱི་སྤྱི་ཚོགས་ཀྱི་
རྣམ་པ་དང་ངོ་བོ་ལ་ཡོ་འཁྱོག་མེད་པའི་ཕྱིར་འདང་དང་གསོག་གསོབ་མིན་པའི་བསམ་གཞིག་ཡང་དག་བགྱིས་ཡོད། དེ་ཡང་བོད་སྤྱི་ཚོགས་ཀྱི་ཁྲོད་དུ་
གནས་པའི་འདབ་ཆགས་ནེ་ལེ་དང་གཉིས་སུ་མ་མཆིས་པའི་མི་སྐོར་ཞིག་སྟེ། འདོད་ཆུང་ཆོག་ཤེས་ལས་ཕུན་ཚོགས་བདེ་བར་དམིགས་མི་ཕོད་པ་དང༌།
རང་ཞེན་བག་ཆགས་ཀྱིས་སྦགས་པས་གདམས་ངག་ལ་བླང་དོར་དཔྱད་འཇོག་མི་བྱེད་པ། ཡང་དག་མིན་པའི་ལྟ་བ་བློ་སེམས་རྩེ་གཅིག་གིས་དང་དུ་ལེན་
པ། སྐྱ་མིན་སེར་མིན་གྱི་གནས་སུ་ལྷུང་ཞིང་སོས་དལ་བག་ཕབ་ཀྱིས་འཚོ་བ། གཉིས་མེད་སེང་གེ་ལྟ་བུར་གྱུར་ཀྱང་ད་དུང་ང་རྒྱལ་གྱིས་ཁེངས་པ་དག་
མཐོང་བ་ལ་བརྟེན་ནས་ཡིད་ལ་བཟོད་དཀའི་ཟུག་གཟེར་སྐྱེས་པ་དང་ལྷན་ཅིག་རིགས་པ་རྣོན་པོའི་དབྱེ་ཞིབ་དང་དགག་རྒྱག་བྱས་པ་དང༌། ནེ་ལེ་ལྟ་
བུའི་མི་དང་ཐང་དཀར་རྒོད་པོ་ལྟ་བུའི་མི་སོགས་ཀྱི་འབྲེལ་བ་དང་ཧེ་བག་ཉུང་འདུས་ཚིག་གིས་གསོན་ཉམས་ལྡན་པར་བརྗོད་དེ། ནེ་ལེ་ལྟ་བུའི་མི་
རྣམས་ཀྱི་བསམ་པའི་འཁྱེར་སོ་ནོར་བ་དང༌། འཚོ་བའི་གནས་སྟངས་ཡ་ང་བ། རང་ཉིད་ལ་ངོས་ཟིན་ཟབ་མོ་མེད་པ་སོགས་མི་སྡུག་པའི་ཕྱོགས་ཐེར་
འདོན་བྱས་པ་དང༌། དངོས་ཤུགས་ཉིས་ཆར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྩ་བ་ནི་ཡང་དག་གི་ལྟ་བ་ཡིན་པ་དང་རྒྱུ་གཙོ་བོ་ནི་མི་འཇོན་ཐང་ཅན་ཡིན་པ་སོགས་
ཀྱི་ཐད་ནས་སྙིང་དབུས་སུ་འཕྱུར་བའི་སེམས་ཀྱི་རང་སྒྲ་ལྷང་ལྷང་བསྒྲགས་ཡོད།
རྩོམ་ཁུངས།