གོ་དཀའ་བ་སྙན་ངག་གི་ཡོན་ཏན་ཡིན།

        1999ལོའི<<སྦྲང་ཆར>>དེབ་དང་པོའི་སྟེང་སྤེལ་པའི་བློ་མཐུན་གངས་ཞུན་གྱི་དཔྱད་རྩོམ" གོ་དཀའ་བ་སྙན་ངག་གི་ཡོན་ཏན་ཡིན་ནམ"
ཞེས་པའི་ནང་དུ་ཅུང་ཚད་ལས་བརྒལ་ཅིང་ཕྲན་དང་ལྟ་བ་མི་མཐུན་ས་རེ་ཟུང་ཡོད་པས་ཆེད་དུ་དཔྱད་བརྗོད་ཐུང་ངུ་འདི་ཉིད་བགྲོ་གླེང་གི་ཚུལ་
དུ་ཕུལ་ཁུལ་བགྱིས་པ་ལགས།
    གོ་དཀའ་བ་སྙན་ངག་གི་ཡོན་ཏན་ཁྱད་དུ་འཕགས་པ་ཞིག་ཡིན་ཏེ། མི་ཞིག་ལ་མཚོན་ནས་བཤད་ན། ཐོག་མར་གང་ཞིག་ཕ་རོལ་པོ་ལ་ཕྲད་ཚེ་ཁ་
ཁོག་མེད་པར་དགོས་པ་ཡོད་མེད་ཀྱི་སྐད་ཆ་མ་ལུས་ལྷུག་པར་འཆད་ཚེ་བཤད་ཁ་དང་བཤད་ལ་དགའི་ཆོ་ལོ་གནང་སྲིད་ལ། དེ་ལས་ལྡོག་སྟེ་འོས་ཤིང་
འཚམ་པ་བྱས་ན་གཞན་གྱིས་བརྩི་བཀུར་བྱེད་པར་མ་ཟད་འགྲོགས་ཀྱིན་འགྲོགས་ཀྱིན་ས་ལས་རྡོ་ལྷང་ལ་འབུད་ངེས། སྙན་ངག་ཅིག་ཡིན་ནའང་ཁ་
གསལ་དྲགས་ན་གབ་ཚིག་གི་ཁྱད་ཆོས་ཤོར་འགྲོ་བ་དང་སྦྲགས་ཞིབ་འཇུག་གི་རིན་ཐང་ཡང་ངང་གིས་མེད་འགྲོ། བདག་གིས་འདི་ལྟར་བཤད་ན་མི་ལ་
ལས་དགེ་ཆོས་ཀྱི<<ཆུང་གྲོགས་རྗེས་དྲན>>སོགས་གོ་སླ་བའི་བཟང་ཆའི་སྒྲུབ་བྱེད་དུ་དགོད་སྲིད་མོད། <<ཆུང་གྲོགས་རྗེས་དྲན>>སོགས་ལའང་དཀའ་
སླ་ཟུང་འབྲེལ་གྱི་ཁྱད་ཆོས་མི་ལྡན་ཞེས་སུ་ཞིག་གིས་སྨྲ་སྤོབས། ཁོ་བོས་བལྟས་ན། སྙན་ངག་གསར་བ་འདི་རྒྱལ་ཁབ་དང་མི་རིགས་གང་ཞིག་ལ་ཐོག་མར་
དར་དུས་ཧ་ཅང་གོ་སླ་བའི་བདག་ཉིད་ཅན<<ལང་ཚོའི་རྦབ་ཆུ>>ལྟ་བུ་ཡིན་པར་ངེས་ལ། རིམ་གྱིས་གོ་དཀའ་བའི་ཕྱོགས་སུ་གོམ་ཁ་བསྒྱུར་དང་སྒྱུར་
གྱིན་ཡོད་པ་ཆོས་ཉིད་དུ་གྲུབ། <<ལང་ཚོའི་རྦབ་ཆུའི>>རྩོམ་གཤིས་ཀྱི་ཚད་ཐིག་གི་སྟེང་ནས་ད་ལྟའི་འཕེལ་རྒྱས་ཁྲོད་ཀྱི་སྙན་ངག་གསར་བར་དཔྱད་
བརྗོད་སྤེལ་ན་ང་ཚོའི་དགའ་ཕྱོགས་དང་ལྟ་བ་ལ་ཚོད་འཛིན་ཐེབས་ངེས་པ་གོར་མ་ཆག རྒྱུ་མཚན་དེའི་དབང་གིས། ང་ཚོས་ཕྱོགས་གཅིག་དོར་ཏེ་ཕྱོགས་
གཅིག་ཁོ་ན་བསམ་མི་རུང༌། འདི་ལྟར་མགོ་བོ་སྒུར་ཏེ་མུ་མཐུད་དུ་ལམ་ལ་ཆས་ན་རྐང་བ་རྡོ་ལ་ཐོགས་ཏེ་སར་མི་འགྱེལ་བའི་ངེས་པའང་མེད། ད་ལྟ་མི་
མང་བོ་ཞིག་གིས་སྙན་ངག་གསར་བ་རེ་འགའི་དོན་མ་གོ་ན་མགོ་བོ་གཡུག་གིན་དེ་འཕྲལ་དགག་པ་རྒྱག་ཅི་ཐུབ་བྱེད་པ་མ་གཏོགས་རང་གི་སྙན་ངག་གི་
རོལ་མྱོང་གི་ནུས་པ་ཞན་པའི་སྐྱོན་སྦ་ཅི་ཐུབ་བྱེད་ངེས། འདི་ནི་ཧ་ཅང་ཡིད་དུ་མི་འོང་བའི་སྣང་ཚུལ་ཞིག་ཅིས་མ་ཡིན།
     གོ་དཀའ་བ་ཆེས་ཁྱད་འཕགས་ཀྱི་སྙན་ངག་གི་ཡོན་ཏན་ཡིན་ཏེ། ཧྥ་རེན་སུའི་སྙན་ངག་པ་མ་ལཱ་མེ་ཡིས“སྙན་ངག་ལ་ཇི་སྲིད་བར་དུ་གབ་ཚིག་
གི་རང་བཞིན་ལྡན་དགོས”ཞེས་གསུངས་ཤིང༌། དྲན་དབང་ཚེ་ཏན་ཞབས་དྲུང་ཚང་གིས“ཚིག་དོན་གོ་དཀའ་བ་ལ་དགའ་བ་དང་གོ་སླ་བ་ལ་དགའ་
བའི་རིགས་གཉིས་ལས་”ཞེས་གསུངས་པ་སོགས་ལས་མ་མཐའ་ཡང་གོ་དཀའ་བ་སྙན་ངག་གི་ཡོན་ཏན་ཡིན་པར་ཁས་བླངས་པ་རེད། གལ་ཏེ་གོ་
དཀའ་བ་སྙན་ངག་གི་ཡོན་ཏན་ཡིན་པར་ཁས་མ་བླངས་ན་མི་རིགས་གཞན་གྱི་གོ་དཀའ་བའི་སྙན་ངག་དང་རང་རེའི་སྔོན་བྱོན་མཁས་པའི་ཁ་དམ་པའི་
སྙན་ངག་ཡོད་དོ་ཅོག་རྩོམ་རིག་གི་གར་སྟེགས་ནས་རྒྱང་ཕུད་དུ་གཏོང་དགོས་པ་མ་ཡིན་ནམ། སྙན་ངག་ཅིག་ལ་རོལ་མྱོང་བྱེད་ན་རོལ་མྱོང་བྱེད་མཁན་
ལ་ཡང་ཆེས་སྤྱིར་བཏང་གི་ཆ་རྐྱེན་ཏེ། ཡོན་ཏན་གྱི་ཚད་ཅུང་ལེགས་པ་ཞིག་དང༌། སྒོས་སུ་སྙན་ངག་ཐད་ཀྱི་རྨང་གཞིའི་ཤེས་བྱ་ངེས་ཅན་ཞིག་མེད་ན
“ཅི་ཞིག་རེད། དེང་སང་གི་སྙན་ངག་པ་འདི་ཚོ། རང་ཁོ་ནས་མ་གཏོགས་མི་གོ་བའི་སྐད་ཆ་ལྡབ་ལྡིབ་ཏག་ཏག་སྨྲ་བཞིན་འདུག”ཟེར་བའམ་ཡང་
ན“འདིས་ཅི་ཞིག་བཤད་རྩིས་རེད། ཡང་ན་ཅི་ཞིག་བཤད་ཡོད། ང་ཁོ་ལ་ཐུག་ཚེ་འདྲི་ཁོ་ཐག་ཡིན”ཟེར་བའི་དགོས་མེད་ཀྱི“ཐེ་ཚོམ”དང“སེམས་ཁྲལ”
བྱེད་མཁན་རེ་ཟུང་ཡང་ཞར་དུ་བྱུང་སོང་བ་ཡིན། ཉིད་ཀྱང་མི་འདི་དག་གི་ཕྱོགས་ནས་ལངས་ཏེ་སྙན་ངག་པ་དེའི་སྐོར་དང་སྙན་ངག་དེའི་རིགས་ལ
“ཟུར་ཟ་དང་འཕྱ་སྨོད”བྱེད་ཅི་ཐུབ་བྱས་ན་ཅུང་ཚད་ལས་བརྒལ་པ་མ་ཡིན་ནམ། “ལུང་གི་རྒྱབ་རྟེན་ལ་མི་དགའ་བའི”ཁྱོད་ཉིད་ཀྱིས་སྙན་ངག་
ཕྱོགས་ཀྱི་ཐ་ཚིག་འདི་བསྒྲགས་རྒྱུ་ཧ་ཅང་ཐལ་ཆེ་སོང་བ་མ་ཡིན་ནམ། ལྟ་བ་ནི་ལྟ་བ་དང་བསམ་བློ་ནི་ནམ་ཡང་བསམ་བློ་ཡིན་པས་སུས་ཀྱང་དེ་
ལ་འཁང་ར་དང་ལེ་བདའ་བྱེད་རྒྱུ་མེད་མོད། བཟང་ཐོག་བཟང་དང་ཡག་ཐོག་ཡག་བརྩེགས་ཕྱིར་ཚད་ལས་བརྒལ་པའི་བསམ་བློ་དང་ལྟ་བ་
བཟང་ངན་གང་རུང་སུས་ཀྱང་ཁུ་སིམ་མེར་འཇོག་མི་འདོད། ཉིད་ཀྱི་ལྗགས་རྩོམ་དེ་ལས་བསྟན་པའི་“བརྗོད་བྱ་མེད་པའི་སྙན་ངག”ཟེར་བ་དོན་
དམ་དུ་ཅི་ལྟ་བུའི་སྙན་ངག་ཅིག་ལ་གོ་དགོས། འདི་དང་གན་ཞེས་སྟོན་རྒྱུ་ཞིག་ཨེ་ཡོད། བོད་ཀྱི་སྙན་ངག་གསར་བའི་ཀྱག་ཀྱོག་གི་བཤུལ་ལམ་ཁྲོད་
དེ་ལྟ་བུའི་སྙན་ངག་བྱུང་ཨེ་མྱོང༌། གལ་ཏེ་མཛུབ་མོ་ཀེར་ཏེ་འཛུགས་ས་ཞིག་མེད་ན་ཚ་འཁྲུལ་གྱི་ལབ་བརྡོལ་ཙམ་མ་ཡིན་ནམ། གཞན་མི་ཤེས་མོད།
<<ལང་ཚོའི་རྦབ་ཆུ>>བྱུང་བ་ནས་ད་བར་དུ། "བརྗོད་བྱ་མེད་པའི་སྙན་ངག"ཅིག་ཕྲན་གྱིས་གཏན་ནས་མཐོང་མ་མྱོང༌། འདི་ལྟར་བཤད་ན་རང་ཉིད་
ཀྱི་ཕྱོགས་རེ་བའི་ལྟ་བར་སོང་བ་ཙམ་དུ་མ་ཟད། “མ་མཐོང་ཕྱིར་ན་མེད་པ་མིན”པའི་མན་ངག་དང་འགལ་འགྲོ་ཡང་གནས་ལུགས་དངོས་འབྲེལ་
དེ་ལྟར་དུ་ཟད། མི་ལ་ལས“གོ་ན་སྙན་ངག་མིན"ཞེས་པ་ཧ་ཅང་ཐལ་ཆེ་བའི་སྐད་ཆ་ཡིན་ཡང༌། “སྙན་ངག་ཟེར་བ་གོ་དཀའ་ལ་འགྲེལ་རྒྱག་མི་
ཐུབ་པ་ཞིག་ཡིན་དགོས”ཞེས་འཆད་པར་ང་ཚོ་ཚང་མས་མགྲིན་གཅིག་གིས་ཁ་རྡུང་གཏོང་དོན་མེད། མི་དེ་ཚོས་དེ་ལྟར་བཤད་པར་གནས་ལུགས་
ཏིལ་ཙམ་ཡང་མེད་པ་མི་སྲིད་དེ། རྒྱ་གར་གྱི་སྙན་ངག་སྨྲ་བའི་ཁྱུ་མཆོག་ཏུ་གྱུར་པ་ཐེ་གོར་གྱིས“ང་སྐད་ཆ་དེ་ལྟ་བུ་བཤད་པའི་མི་དག་ལ་ཡིད་གཏན་
ནས་འབྱུང་བ་མིན། སྙན་ངག་པའི་ཞེ་འདོད་ཀུན་སློང་སོགས་རླུང་ལ་བསྐུར་ཞོག སྙན་རྩོམ་དེས་ཀློག་པ་པོའི་སེམས་སུ་སྣང་བརྙན་གསར་བ་རེ་བསྐྲུན་
པར་འགྱུར་ལ། གོ་བ་ཡང་མི་འདྲ་བ་མང་དུ་འབྱུང་བར་འགྱུར། དབྱེ་ཞིབ་ཆེས་ཞིབ་ཚགས་ཅན་གྱི་མི་དེ་དག་གིས། སྙན་ངག་ལ་གོ་བ་ངོ་མ་ཞིག་ལེན་མི་
ཐུབ། སྙན་ངག་ལ་གོ་བ་ཡང་དག་པ་ཞིག་ལེན་འདོད་ན། མི་རྣམས་ལ་ཡོངས་ཁྱབ་ཀྱི་སྒོ་ནས་དེ་ལ་གོ་བ་ལེན་ཐུབ་པའི་ནུས་མཐུ་ཡོད་དགོས་ལ། གཞན་གྱི་
དྲི་མས་མ་སྦགས་ཤིང༌། འོན་ལྐུགས་ཅན་གྱིས་རོ་མྱོང་བ་ལྟ་བུའི་རོ་མྱོང་གི་ཁྱད་ཆོས་ཀྱང་ཡོད་དགོས། སྙན་ངག་ལ་གཏོར་བརླག་བྱེད་མཁན་གཙོ་བོ་ནི་
སློབ་དཔོན་ཆེན་མོ་དེ་དག་ཡིན་ཏེ། ཁོང་ཚོས་སྙན་ངག་ལ་གསལ་བཤད་དང༌། སློབ་ཁྲིད་ཁྲོད་དུ་འགྲེལ་བཤད་མང་བོ་བྱེད་བཞིན་ཡོད་པས་སོ། །ཀྱེ་མ།
 སྙན་ངག་པས་བརྗོད་པའི་སྐད་ཆ་སྙན་ངག་རང་སྟེང་ནས་རྙེད་ཐུབ་པས། ཁྱོད་ཉིད་ཀྱི་གློ་ཁུག་ནས་གཡོར་དོན་ག་ལ་ཡོད”ཅེས་གསུངས་པ་ལས་
དམ་པ་ཁོང་སྙན་ངག་ལ་འགྲེལ་རྒྱག་པར་གཏན་ནས་མི་འཐད་པར་མ་ཟད། ཅི་ཞིག་ཡིན་མདོག་ཁ་པོས་སྙན་ངག་ལ་འགྲེལ་རྒྱག་པའི“སྐྱེས་མཆོག”
ཀུན་ལ་སྐྱོན་བརྗོད་ནན་མོ་གནང་ཡོད། དེས་ན། “སྙན་ངག་ལ་འགྲེལ་རྒྱག་མི་རུང”ཟེར་བར་ཡང་གནས་ལུགས་ངེས་ཅན་ཞིག་བདོག་པར་མ་ཟད།
བོད་ཀྱི་སྙན་ངག་གསར་བའི་འཕེལ་རྒྱས་དང་མདུན་ལམ་ལ་སེམས་ཁུར་བྱས་པའི་འབྲས་རྟགས་ཡང་དག་ཏུ་འཁུམས་པར་སྙམ། (གལ་ཏེ་ཀུན་སློང་
བཟང་ཞིང་དམིགས་ཡུལ་དྲང་ན་ནོར་འཁྲུལ་རེ་ཟུང་བྱུང་ཡང་ཅི་སྐྱོན།)
         དེ་ཡང་སྔ་མོ་ཞིག་ནས་མི་ལ་ལས"<<སྙན་ངག་མེ་ལོང>>གི་འཕྲིན་ལས་མཇུག་རྫོགས་སོང"དང“<<སྙན་ངག་མེ་ལོང>>གི་སྒྲོག་ཏུ་ཚུད་མི་
རུང༌།"སྲོལ་རྒྱུན་གྱི་འཆིང་རྒྱ་ལས་འགྲོལ་དགོས།" "རྙིང་ཞེན་བག་འཁུམས་ཀྱི་གཡོ་འོག་ནས་ཐར་དགོས"ཞེས་པར་མི་མང་བོ་ཞིག་གིས་སྔོན་
ཞིག་ནས་མི་འདོད་པའི་རྣམ་འགྱུར་དྲག་པོ་བསྟན་ཡོད་ལ། "གོ་དཀའ་བ་སྙན་ངག་གི་ཡོན་ཏན་ཡིན་ནམ"ཞེས་པ་ལས་ཀྱང་དེ་བཞིན་ནོ། །ཁོ་བོས་
བལྟས་ན་གོང་གི་ཚིག་དེ་དག་ལའང་དཔྱད་རྒྱུ་ཅུང་ཟད་ཡོད་པར་སྣང་སྟེ། དུས་རབས་ཀྱི་དགོས་མཁོ་དང་རྩོམ་རིག་གི་འཕེལ་རྒྱས་ཀྱི་དབང་གིས"<<སྙན་
ངག་མེ་ལོང>>གིས་ཀྱང་བོད་མི་རིགས་ཀྱི་འདོད་པ་སྐོང་མི་ཐུབ་ས་དང་རྩ་བའི་དཔེར་བརྗོད་མང་ཆེ་ཤོས་རང་རེའི་འཚོ་བ་དང་བར་ཐག་རིང་དྲགས་པས
“<< སྙན་ངག་མེ་ལོང>>གི་འཕྲིན་ལས་མཇུག་རྫོགས་སོང”ཞེས་ཞན་ཆ་ཙམ་བགྲང་བ་མ་གཏོགས་ཅི་འདོད་དུ་སྨྲས་པ་ཞིག་མ་ཡིན་ལ། ཧ་ཅང་རྗེས་
ལུས་ཀྱི་སྲོལ་རྒྱུན་ལས་ཐར་དགོས་ཚུལ་དང་རྙིང་བ་ཁོ་ནའི་སྟེང་དུ་མགོ་འཁོར་ནས་མི་འདུག་པར་གསར་གཏོད་དང་བཅོས་བསྒྱུར་གྱི་ཕྱོགས་སུ་བསྐྱོད་
དགོས་པ་དེ་ཡིན། ཀུན་གྱིས་གསལ་བར་ཤེས་དགོས་པ་ཞིག་ནི། གོང་གསལ་གྱི་གཏམ་སྨྲ་མཁན་གྱི་མི་དེ་དག་གིས་དོན་ངོ་མར<<སྙན་ངག་མེ་ལོང>>ལ་
མཐོང་ཆུང་བྱས་པ་ཞིག་གཏན་ནས་མིན་ཏེ། མི་ཞིག་ལ་མཚོན་ནས་བཤད་ནའང༌། ཅི་འདྲའི་ཕུལ་དུ་བྱུང་བ་ཞིག་ཡིན་ཡང་ཡོན་ཏན་ཀུན་ལྡན་དང་སྐྱོན་
ཀུན་ཟད་ཅིག་མིན་པས་མུ་མཐུད་དུ་ཇེ་བཟང་དང་ཇེ་ལེགས་སུ་གཏོང་དགོས་པའི་གནས་ལུགས་དེ་རྟོགས་ན་དགོས་མེད་ཀྱི་ཁ་རྩོད་དང་དོགས་སྣང་ཀུན་
རང་ཤུགས་ཀྱིས་འགགས་འགྲོ་བ་མ་ཡིན་ནམ།
             མདོར་ན། སྙན་ངག་ལ“བསམ་དོན་ཁོང་དུ་སྦེད་པ་ན་ཆུང་མིག་ཟུར་གྱི་ཁྱད་ཆོས་ལྡན་དགོས་པའི་སྟེང་ནས་ཀྱང་གོ་དཀའ་བ་ཧ་ཅང་
གལ་ཆེ་བའི་སྙན་ངག་གི་ཡོན་ཏན་ཡིན་པ་བསྟན་པ་རེད། དེས་ན། གོ་དཀའ་བར་གོ་དཀའ་བའི་ཁྱད་ཆོས་དང༌། གོ་སླ་བར་གོ་སླ་བའི་ཁྱད་ཆོས་མངའ་
བས་གཅིག་ཀྱང་འདོར་བྱ་མིན་པར་སྙམ་མོ། །འདིར་བསམ་པ་རྣམ་དག་གིས་དཔྱད་བརྗོད་ཐུང་ངུ་ཞིག་སྐུ་ཞབས་ཉིད་དང་ཉིད་ཀྱི་ལྟ་བའི་རྗེས་འཇུག་
པ་ཀུན་ལ་བགྲོ་གླེང་གི་ཚུལ་དུ་བཏེགས་པ་འདིས་ཀྱང་བོད་ཀྱི་སྙན་ངག་གསར་བའི་འཕྲིན་ལས་རྒྱས་པར་རྔོ་ཕྲན་ཙམ་ཐོགས་པའི་སྨོན་འདུན་ཞུའོ།།
 
རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གོ་དཀའ་བ་སྙན་ངག་གི་ཡོན་ཏན་ཡིན།

2009-04-16 སྐྱ་བྷ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།