《སེམས་པ་ཆུ་ལྟར་བཞུར་བའི་སྒྲ་དབྱངས》ལ་ཅུང་ཙམ་དཔྱད་པ།

གངས་སྨྱུག༼ ལྷ་ས ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-02-06

              གླེང་གཞི།

  བོད་ཞི་བས་བཅིངས་འགྲོལ་བྱས་པའི་ཚུན་ཆད་དུ་བོད་ཀྱི་རྩོམ་རིག་གི་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་པ་རེད། དེ་ནི་གཙོ་བོ་སྤྱི་ཚོགས་ཀྱི་སྒྲིག་གཞི་ལ་འགྱུར་ལྡོག་བྱུང་ནས་བོད་ཀྱི་སློབ་གསོའི་ཁ་ཕྱོགས་ས་དེ་དགོན་སྡེའི་གྲྭ་བཙུན་ཙམ་མ་ཡིན་པར། སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཡིན་པའི་རྐྱེན་གྱིས་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་ཡོངས་ཀྱིས་སློབ་གསོ་མྱོང་ཐུབ་པའི་སྐལ་བ་བཟང་པོ་ཞིག་མྱོང་ཐུབ་ཙམ་ན་རྩོམ་པ་པོའི་དཔུང་ཁག་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས་རྩོམ་པ་པོ་མང་ཆེ་བ་སྤྱི་ཚོགས་སུ་གསོ་སྐྱོང་བྱས་པའི་རྐྱེན་གྱིས། བརྗོད་བྱའམ་ནང་དོན་ནི་ཉེ་རབས་ལྟར་སངས་རྒྱས་ཆོས་ལུགས་ཀྱི་ཆེ་བ་བརྗོད་པ་གཙོ་ཆེ་བ་མ་ཡིན་པར་སྤྱི་ཚོགས་འཚོ་བ་དངོས་ལས་བྱུང་བའི་དོན་དག་ཆེ་མ་ཆུང་གསུམ་བརྗོད་བྱར་བཟུང་ནས་བསྟོད་འོས་པ་ལ་བསྟོད་བསྔགས་དང་། སུན་འབྱིན་བྱེད་འོས་ས་ལ་སུན་འབྱིན་བྱས་ནས་གསར་རྩོམ་མཛད་པ་ཡིན། བསྒྱུར་བཅོས་སྒོ་དབྱེའི་དུས་སྐབས་བཟང་པོ་དང་བསྟུན་ནས་རང་རེའི་རྒྱལ་ཁབ་སྤྱི་དང་སྒོས་སུ་བོད་མི་རིགས་འདི་ལ་མཚོན་ན། རང་གི་སྲོལ་རྒྱུན་རྩོམ་རིག་རྨང་གདན་དུ་བཏིང་ནས་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་རྩོམ་གྱི་རྣམ་པ་དང་རྩོམ་པའི་ཐབས་ལམ་སོགས་ནང་འདྲེན་བྱས་ཏེ་བོད་རང་གི་རྩོམ་རིག་ལ་ནང་དོན་དང་རྣམ་པ་གང་གི་ཆ་ནས་སྣ་མང་ཅན་དུ་བསྒྱུར་ནས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། དུས་རབས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པ་ཡིན། དེ་ནས་བཟུང་། བོད་ཀྱི་རྩོམ་པ་པོ་ཁག་ཅིག་གིས་བོད་རྒྱ་ཟུང་གི་སྐད་ཡིག་ལ་བརྟེན་ནས་རྩོམ་ལུས་སྣ་ཚོགས་ཀྱིས་གསར་རྩོམ་མཛད་ཀྱིན་ཡོད་ལ་དེ་དག་ལས་གྲུབ་འབྲས་ཆེ་ཤོས་ནི་སྙན་ངག་ཡིན། ལོ་རབས་བརྒྱད་ཅུ་པའི་དུས་སུ་བོད་ཀྱི་དུས་དེབ་གང་མང་ཞིག་ལས་གྲངས་འབོར་མང་ཆེ་ཤོས་ནི་སྙན་ངག་ཡིན་པས་སྐབས་དེར་རྩོམ་པ་པོ་མང་ཆེ་བས་སྙན་ངག་འབྲི་བཞིན་ཡོད་པ་འདྲ། དེ་ལ་སྙན་ངག་གི་དུས་སྐབས་ཟེར་ན་ཡང་མི་འགྲིག་པ་མེད་སྙམ། <<སེམས་པ་ཆུ་ལྟར་བཞུར་བའི་སྒྲ་དབྱངས>>་ཀྱི་རྩོམ་པ་པོ་རེབ་གོང་རྡོ་རྗེ་མཁར་ལགས་ནི་ལོ་རབས་བརྒྱད་ཅུ་ནས་འགོ་བརྩམས་ཏེ་གསར་རྩོམ་གྱི་གོམ་ཁ་བཞག་མ་མྱོང་བའི་དེང་རབས་བོད་ཀྱི་ཞིབ་འཇུག་པ་དང་རྩོམ་པ་པོ་གྲགས་ཅན་ཤིག་ཡིན། ཁོང་ལ་མཚོན་ན ། བརྩམས་ཆོས་ཀྱི་ཐད་ནས་བོད་ཀྱི་ལོ་རྒྱུས་དང་། ཚད་མ་རིག་པ ། ནང་དོན་རིག་པ། བརྩམས་སྒྲུང་། སྙན་ངག་སོགས་རྒྱ་བོད་ཡིག་རིགས་གཉིས་ཀྱི་བརྩམས་ཆོས་དང་དཔེ་དེབ་ཀྱང་མང་པོ་ཞིག་ཡོད། འདིར་སྐབས་སུ་བབས་ནས་གླེང་བར་འདོད་པ་ནི་ཁོང་གི་སྙན་ངག་ཕྱོགས་བསྒྲིགས<<སེམས་པ་ཆུ་ལྟར་བཞུར་བའི་སྒྲ་དབྱངས>>་ཡིན། སྙན་དེབ་འདི་ནི་ཁོ་བོའི་བསམ་པར་དེང་རབས་བོད་ཀྱི་སྙན་དེབ་དག་ལས་བོད་ཀྱི་སྙན་ངག་གི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡིན་པས་དེང་རབས་བོད་ཀྱི་སྙན་ངག་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་གལ་ཆེན་ཞིག་ཡིན་པར་སེམས། གཤམ་དུ་སྙན་དེབ་འདིའི་ནང་དོན་དང་རྣམ་པའི་སྐོར་ནས་ཅུང་ཙམ་གླེང་བར་བྱ།

              དང་པོ། ནང་དོན་གྱི་ཐད་ནས་བཤད་པ།
  
  སྤྱིར་སྒྱུ་རྩལ་བརྩམས་ཆོས་ཤིག་ལ་ཞིབ་འཇུག་བྱེད་དུས་ནང་དོན་དང་རྣམ་པ་གཉིས་ནི་ཞིབ་འཇུག་པའི་བློ་གྲོས་ཀྱི་འཇུག་ངོགས་འབའ་ཞིག་ཡིན་པའི་རྐྱེན་གྱིས། ང་ཚོས་དེ་གཉིས་ཁ་བྲལ་དུ་བཏང་ནས་ཞིབ་འཇུག་བྱ་མི་རུང་། རྒྱུ་མཚན་ནི། ནང་དོན་རྐྱང་པ་དང་རྣམ་པ་རྐྱང་པའི་ཐད་ནས་ཞིབ་འཇུག་བྱས་ཚེ། ཞིབ་འཇུག་གི་འབྲས་བུ་དེ་གཏན་ཚིགས་དང་གཞུང་ལུགས་ཀྱིས་མཐའ་མ་ཆོད་པར་ཕྱོགས་རེ་བ་ཙམ་དུ་སོང་བས་ཀློག་པ་པོས་ནམ་ཡང་ཁས་ལེན་ཐོབ་མི་སྲིད་པ་ཡིན། རྩོམ་གྱི་ནང་དོན་ནི་རྩོམ་རིག་གི་ཆོས་བཞི་ཡི་ནང་གསེས་ཏེ་རྩོམ་པ་པོས་སྤྱི་ཚོགས་ཀྱི་ཟུར་མི་འདྲ་བ་ནས་ལྟ་ཞིབ་ཀྱི་ནུས་པར་བརྟེན་ནས་སྐྱོན་སེལ་མཛད་པའི་བརྗོད་བྱ་དཔེ་མཚོན་ཅན་ཁག་ཅིག་ཡིན། རྩོམ་གྱི་སྲོག་ནི་ནང་དོན་ནམ་བརྗོད་བྱ་རྐང་སྟེགས་སུ་མཛད་ནས་ཐོན་པའི་རྗེས་དཔག་གི་བསམ་བློ་དེ་ཡིན། དེ་བས། ང་ཚོས་རྩོམ་པ་པོའི་མཐར་ཐུག་གི་ལྟ་བ་དེ་རྟོགས་དགོས་ན་ངེས་པར་དུ་བརྗོད་བྱའི་སྲོག་གི་བརྒྱུད་རིམ་ཏེ་ནང་དོན་ཤེས་དགོས། དེ་ལ་རབ་དབྱེ་མཛད་ན་གྲངས་ཀྱིས་མི་ཟིན་པ་ཞིག་ཡོད་མོད། སྙན་རྩོམ་འདིར་གཙོ་བ་ཆེ་བ་ཁག་ཅིག་ལོགས་སུ་བཏོན་ནས་བཤད་པར་བྱ།

  ༡ མེས་རྒྱལ་ལ་དགའ་ཞེན་ཆེ་བའི་སྐོར།
མེས་རྒྱལ་ལ་དགའ་ཞེན་བྱེད་རྒྱུ་ནི་རང་རེའི་རྒྱལ་ཁབ་ཀྱི་སྤྱི་འབངས་ཡོངས་ལ་ཆ་མཚོན་ན། ནམ་ཡང་སེམས་སུ་འགྱུར་བ་མེད་པའི་བརྗོད་དོན་ཉག་གཅིག་ཏུ་སོང་བས་ས་ཁུལ་སོ་སོའི་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ་ཁག་གིས་བརྩམས་པའི་བརྩམས་ཆོས་དག་ལས་གཙོ་ཆེར་མཐོང་ཐུབ་པ་ཞིག་ཡིན། དཔེར་ན།
<<ཀྱེ ཀྲུང་ཧྭ་མེས་རྒྱལ་ལགས >>་ཞེས་པ་ལས།
ཀྱེ ཀྲུང་ཧྭ་མེས་རྒྱལ་ལགས །
ཁྱེད་ནི་ངའི་ཡིད་ཀྱི་མུན་པ་སེལ་བའི་ཉི་མ་ཡིན་པས།
ཀུན་གསལ་གྱི་མཁའ་ན་འོད་སྟོང་སྤྲོ་བཞིན་མཆིས།
ཁྱེད་བཞུགས་པའི་དབང་གིས་མི་ཡུལ་དུ་གྲང་ངར་མེད།
ཁྱེད་བཞུགས་པའི་དབང་གིས་དཔྱིད་དཔལ་གྱི་ཕོ་ཉ་བསླེབས།
ཁྱེད་བཞུགས་པའི་དབང་གིས་རི་ཀླུང་ལ་མཛེས་སྡུག་རྒྱས།
ཁྱེད་བཞུགས་པའི་དབང་གིས་མེ་ཏོག་རྣམས་འདབ་ཕྲེང་གྲོལ།
ཁྱེད་བཞུགས་པའི་དབང་གིས་འཁྱག་རོམ་རྣམས་ཡོངས་སུ་བཞུས
……
  ཉིན་ཞིག་ཁྱེད་ནི་འཛམ་གླིང་ན་འགྲན་ཟླ་མེད་པའི་སྟོབས་ལྡན་ཞིག་ཏུ་འགྱུར་བར་སྨོན་ལམ་འདེབས་སོ།། ཞེས་པ་ལས་རང་རེའི་མེས་རྒྱལ་གྱི་རབ་དང་རིམ་པའི་སྲིད་ཇུས་བཟང་པོ་རྣམས་མི་རིགས་ཁག་གི་ས་ཕྱོགས་ཀུན་ལ་རིས་མེད་དུ་ལག་ལེན་དོན་འཁྱོལ་བྱུང་ནས་མི་རིགས་སོ་སོ་དབུལ་ཕོངས་ཀྱི་གནས་ལས་ཐར་ཏེ་བདེ་སྐྱིད་ཀྱི་དཔལ་ལ་བཀོད་ཡོད་པས་མ་འོངས་ལོ་ཟླའི་ནང་མེས་རྒྱལ་གྱི་མངའ་ཐང་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་ཞུས་པ་ལས་རྩོམ་པ་པོས་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་མཚོན་ཡོད། འདི་ནི་མཛེས་དཔྱོད་རིག་པའི་ཐད་ནས་བལྟས་ན། མཛེས་པ་ནི་མངོན་སུམ་གྱི་སྟེང་དུ་ཡོད་ཅེས་པ་དེ་ཡིན། རྒྱུ་མཚན་ནི་མཛེས་པ་ནི་སྤྱིར་མངོན་སུམ་དང་ལྐོག་གྱུར་གཉིས་ཀྱི་སྤྱི་ལ་གོ་ཡང་སྐབས་འདིར་བློ་ཚད་མས་གཞལ་མི་དགོས་པར་མེས་རྒྱལ་གྱི་དམངས་ལ་ཕན་པའི་སྲིད་ཇུས་བཟང་པོ་དེ་དབང་པོ་མངོན་སུམ་ལ་ཤིན་ཏུ་འཕྲོད་པ་ན་མཛེས་དཔྱོད་རིག་པའི་དགོངས་གཞི་དང་མཐུན་པས་དེ་ལྟར་དུ་འདོད། རྩོམ་གྱི་ལུས་འདི་ནི་བོད་ཀྱི་  ཉེ་རབས་སྙན་ངག་གི་ལུས་དང་གཏན་ནས་མི་འདྲ་བར་ཨ་རིའི་སྙན་ངག་གསར་པའི་སྲོལ་འབྱེད་མཁན་ཧེ་ཐི་མན་ལུགས་ཀྱི་རྗེས་སུ་འབྲངས་པས་ན་སྐུ་ཞབས་རང་གྲོལ་ནས་འགོ་བརྩམས་ཏེ་ལོ་རྒྱུས་རང་བཞིན་གྱི་བོད་པའི་སྙན་ངག་གི་རྩོམ་ལུས་ཀྱི་གསར་བརྗེ་ཞིག་ཡིན་པ་བསྙོན་དུ་མེད་མོད། བོད་ལུགས་ཅན་དུ་འགྱུར་བ་ལ་ཀྱག་ཀྱོག་གི་བཤུལ་ལམ་རིང་མོ་ཞིག་བརྒྱུད་མཐར་ད་གཟོད་དེང་རབས་བོད་ཀྱི་གཞོན་ནུ་རྣམས་ཀྱི་སྨྱུག་འོག་ཏུ་རྒྱུགས་ཆེ་བར་གྱུར།

  ༢ སྲོལ་བཟང་ཉམས་རྒུད་ལ་འབོད་སྐུལ་བྱེད་པ །
  སྙན་ངག་པའི་ཐུགས་གཞིག་བྱ་ཡུལ་གྱི་ཁྱོན་ནི་ནམ་མཁའ་བཞིན་མཐའ་ཡས་པ་ཞིག་ཡིན། མི་རིགས་ཤིག་གི་སྲོལ་རྒྱུན་གྱི་བཟང་པོའི་ཕྱོགས་སུ་གཏོགས་པ་རྣམས་ནི་དུས་ཀྱི་འགྲོས་དང་བསྟུན་ནས་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བ་ནི་ཁོང་གི་ཐུགས་གཞིགས་ཀྱི་ཁྱོན་དུ་ཚུད་ཡོད་པས་ན་འདི་མི་རིགས་གང་གི་ཁྱད་རྟགས་སུ་དགོངས་ནས་གངས་རིའི་མུ་ཁྱུད་ལས་འཚར་བའི་མི་སུ་དང་སུ་ཡིན་ཡང་དང་དུ་ལེན་དགོས་པ་ལས་དོར་བྱའི་གནས་ག་ལ་ཡིན། ཡིན་ཡང་དེང་དུས་བོད་ཀྱི་སྤྱི་ཚོགས་སུ་མི་ལ་ཤས་ཀྱིས་མི་རིགས་རང་གི་གནའ་བཟང་དེང་སྤྱོད་བྱེད་པ་རྣ་རྒྱབ་ལྷག་པའི་ཟླ་རུ་གྱུར་བས་གནད་དོན་འདི་དག་ལ་དོ་སྣང་མཛད་དགོས་པའི་ཀུན་སློང་དྲག་པོས་སྒུལ་ནས་འབོད་སྐུལ་བྱས་ཡོད་པ་དཔེར་ན།
<<གངས་རྒྱན་པད་མ >>་ཞེས་པ་ལས།
སྤྲེའུ་བྱང་ཆུབ་སེམས་དཔའ་དང་།།
བྲག་སྲིན་གཉིས་ཀྱི་རྨི་ལམ་ལས །།
མཚར་སྡུག་པད་མའི་ཚུལ་གྱིས་བཞུགས།།
སྤྲ་མིའི་གཟུགས་སུ་མངོན་པར་སྤྲུལ།།ཞེས་དང་།
རང་གི་དྲི་བསུང་གཞན་རྣམས་ལ།།
ཕངས་པ་སྤུ་ཙམ་མེད་སྦྱིན་པའི །།
བྱམས་དང་སྙིང་རྗེའི་གཏིང་མཐའ་ནི །།
རྒྱ་མཚོའི་དཔེ་ཡིས་མཚོན་ནུས་མིན །།ཞེས་དང་།
ཀྱེ་ཧུད་གངས་རྒྱན་པད་མའི་ཚོགས།།
ལོ་རྒྱུས་འཕེལ་འགྱུར་བྱུང་བའི་ཁྲོད །།
རིམ་གྱིས་རྙིད་པའི་ཕྱོགས་གཞོལ་བའི།།
ལྟས་ངན་དུ་བ་མཇུག་རིང་ཤར །།སོགས་ལས་གངས་རྒྱན་པད་མ་ཡིས་མཐོ་སྒང་གཞིས་སུ་བྱས་པའི་གདོང་དམར་བོད་པའི་མཚོན་དོན་དུ་བྱས་ནས་མི་རིགས་རང་གི་བྱུང་བ་དང་། གཤིས་སུ་གྲུབ་ཅིང་ཁྱད་རྟགས་སུ་མངོན་པའི་བྱམས་པ་དང་སྙིང་རྗེ་ཆེ་བ། ལོ་ངོ་སྟོང་ཕྲག་བརྒྱུད་པའི་ཡུལ་སྲོལ་གོམས་གཤིས་བཅས་ལ་དེང་གི་བོད་མི་ཁ་ཤས་ཀྱིས་བླང་དོར་ཅི་ཡང་མེད་པའི་སྒོ་ནས་འདམ་རྫབ་ཏུ་གཡུག་པ་ལ་ཡིད་ནས་ཕངས་སེམས་ཆེན་པོ་སྐྱེས་ཏེ་སྲོལ་བཟང་རྒྱུན་འཛིན་བྱེད་དགོས་པ་བསྟན་ཡོད ། <<གངས་རྒྱན་པད་མ >>་ལྟ་བུའི་སྙན་རྩོམ་འདིའི་རིགས་ནི་བསྟན་བྱའི་དོན་དངོས་སུ་མ་སྨྲོས་པར་བསྟན་དོན་དང་ཆ་འདྲ་བའི་དངོས་པོ་ཞིག་ལ་ཁ་གཡར་ནས་དཔེ་གཅིག་པུའི་སྒོ་ནས་བྱུང་འཕེལ་སོགས་བརྗོད་པར་བྱས་ཡོད། སྙན་རྩོམ་འདི་སྙན་ངག་གསར་པའི་གྲུབ་མཐའི་ཆ་ནས་བཤད་ན། དུས་རབས་བཅུ་དགུ་བར་ཧྥ་རན་སི་ནས་དར་རྒྱས་བྱུང་བའི་པོ་ཐོ་ལར་ཨར་གྱིས་སྲོལ་ཕྱེས་པའི་མཚོན་དོན་པ་ཡི་ཁོངས་སུ་གཏོགས་པ་ཡིན། སྙན་ངག་གསར་པའི་གྲུབ་མཐའ་འདིའི་ཁྱད་ཆོས་ནི་སྙན་ངག་པས་མཚོན་དོན་གྱི་དངོས་པོ་ཞིག་ལ་བརྟེན་ནས་བསྟན་དོན་ག་གེ་མོ་ཞིག་ལྐོག་ནས་གོ་བར་བྱེད་དགོས་པ་ཞིག་ཡིན།

  ༣ ཕ་ཡུལ་གྱི་སྣོད་བཅུད་ལ་ཞེན་པའི་བརྩེ་སེམས་མཚོན་པ །
  ཕ་ཡུལ་ནི་འགྲོ་བ་མིའི་རིགས་འཚར་ལོངས་བྱུང་སའི་བསྟི་གནས་གདོད་མ་དེ་ཡིན་པས་གནམ་འོག་གི་མི་སུ་དང་སུ་ཞིག་ཡིན་རུང་། རང་ཉིད་ཕ་ཡུལ་དང་ཁ་བྲལ་ཚེ།
ཕ་ཡུལ་དྲན་པ་ཆོས་ཉིད་ཅིག་ཏུ་གྲུབ ལྷག་པར་དུ་སྙན་ངག་ལ་དགའ་བའི་མི་མང་པོ་ཞིག་གིས་རང་གི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་ཕ་མ་སྤུན་མཆེད་སོགས་ཡིད་ལ་དབང་མེད་དུ་དྲན་པར་བྱས་ནས་དྲན་གདུང་གི་སེམས་འགྱུ་ཕྲ་མོ་དེ་ཡིག་ཐོག་ཏུ་བཀོད་དེ་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱེད་ཀྱིན་ཡོད། བཤད་སྲོལ་ལ་རང་ཡུལ་གད་པ་ཡིན་རུང་སྐྱིད་ཅེས་པའི་དཔེ་བཞིན་ཕ་ཡུལ་ནི་མི་རྣམས་ཀྱི་སེམས་སུ་ཆེས་སྐྱིད་པའི་གནས་མཆོག་ཅིག་ཡིན་ལ་ནམ་ཡིན་ཡང་བརྗེད་པར་དཀའ་བའི་མཛེས་སྡུག་ལྡན་པའི་ཞིང་ཁམས་ཤིག་ཀྱང་ཡིན །
<<གངས་ཏི་སེ >>་ལས།

ཀྱེ་གངས་ཏི་སེ་ལགས།
ཁྱེད་ཀྱིས་གདོད་མའི་དུས་ནས།
ནམ་མཁའི་རྒྱུ་སྐར་སྤྱི་བོས་བཏེགས་ཏེ།
གཡོ་འགུལ་མེད་པར་ཀྲོང་ངེར་འགྱིང་བས།
ཆུ་ཤེལ་གྱི་མཆོད་རྟེན་ཞིག་དང་ཀུན་ནས་མཚུངས།ཞེས་དང་།
ཁྱེད་ཀྱིས་གནའ་ནས་ད་ལྟའི་བར་དུ།
ཕྱག་ཟུང་པད་མོ་དགུང་དུ་བཏེགས་ཏེ།
ཁ་དོག་སྣ་ལྔའི་འཇའ་ཚོན་ཞིག
ལྷ་རྫས་དང་འདྲ་བར་གངས་ཅན་པ་ལ་སྐྱེས་སུ་བསྐུར་ནས།
ཐུགས་བསྐྱེད་ནམ་མཁའ་ལྟར་ཡངས་པ་མཚོན་པས།
ཁྱེད་ནི་དགུན་དུས་ཀྱི་ཉི་མ་ཞིག་དང་འདྲ་བར།
ངའི་སྙིང་དབུས་སུ་འོད་སྟོང་འབར་བཞིན་ཡོད།
ཁྱེད་ཀྱི་སྐུ་གཟུགས་ནི་གངས་ཅན་པ་ཡི་ལྕགས་རི་ཡིན།
ཁྱེད་ཀྱི་སྐ་རགས་ནི་གངས་ཅན་པ་ཡི་ཕྱུགས་ར་ཡིན།
ཁྱེད་ཀྱི་གོས་རྒྱན་ནི་གངས་ཅན་པ་ཡི་ནོར་མཛོད་ཡིན།
ཁྱེད་ཀྱི་པང་གདན་ནི་གངས་ཅན་པ་ཡིན་ས་ཞིང་ཡིན།
ཁྱེད་ཀྱི་དཔུང་པ་ནི་གངས་ཅན་པ་ཡི་བཙན་རྫོང་ཡིན།
ཁྱེད་ཀྱི་ནུ་ཞོ་ནི་ཆུ་ཀླུང་སྟོང་གི་འབྱུང་ཁུངས་ཡིན།
ཁྱེད་ཀྱི་ཕང་བ་ནི་ཕུ་ནུ་མཐུན་པའི་ཁྱིམ་ཚང་ཡིན།
  ཞེས་པ་ལས་སྙན་ངག་པས་ཕ་ཡུལ་གངས་ལྗོངས་སུ་ཡོད་པའི་གངས་དཀར་ཏི་སེའི་བརྗིད་ཉནས་དང་མཛེས་སྡུག་ནི་བརྗོད་ཀྱིས་མི་ལང་བ་ཞིག་ཡིན་པ་ཁོ་བོའི་སྙིང་ཁོང་ལ་ཤར་བའི་དགུན་དུས་ཀྱི་ཉི་མ་ཞིག་དང་འདྲ་བ་ཡིན་པར་བསྟན་ཞིང་།
  གངས་དཀར་ཏི་སེའི་རི་བོའི་མཐོ་ཚད་དང་གངས་ཀྱི་ཁ་དོག གངས་རིའི་མུ་ཁྱུད། གངས་དཀར་ཏི་སེ་ལས་བཞུར་འོང་བའི་དྭངས་གཙང་གི་ཆུ་ཕྲན་སོགས་བྱམས་ལྡམ་ཡུམ་ཞིག་གི་གཟུགས་སྐུར་དཔེར་བླངས་ནས་གངས་ཅན་པ་རྣམས་ཁོ་མོའི་ཕང་བར་གཞིས་ཆགས་ཏེ་འཚོ་བཞིན་ཡོད་ཅེས་བརྗོད་པ་ལས་སྙན་ངག་པ་ཁོང་ཉིད་གངས་རི་ར་བའི་མཛེས་ལྗོངས་ཏེ་རང་གི་ཕ་ཡུལ་གྱི་སྣོད་བཅུད་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་སེམས་མཚོན་པ་ཡིན། སྙན་རྩོམ་འདིའི་རྣམ་པའི་དབྱིབས་ཀྱི་ཆ་ནས་བཤད་ན། སྐས་རིམ་གྱི་ཁྱད་ཆོས་མངོན་པར་བཏོད་ཡོད་པས་ཡོངས་གྲགས་སུ་འདི་ལ་སྐས་རིམ་སྙན་ངག་ཟེར། ཡང་ལ་ལས་འདི་ལ་ཁང་བརྩེགས་སྙན་ངག་ཞེས་ཀྱང་འབོད། སྙན་ངག་གི་རྣམ་པ་འདི་ཐོག་མར་གསར་དུ་གཏོད་མཁན་ནི་ཧྥ་རན་སིའི་མ་འོངས་པའི་སྙན་ངག་གི་གྲུབ་མཐའི་སྲོལ་ཕྱེས་མཁན་ཨ་པོ་ལེ་ནེ་ཡིན་ལ་དུས་རབས་ཉི་ཤུ་པར་སུའུ་ལེན་གྱི་སྙན་ངག་པ་མ་ཡ་ཁེ་ཧྥུ་སི་ཅིས་སྒྲ་བསྐྱར་ཟློས་ཀྱི་ཁྱད་ཆོས་ལྡན་པའི་སྙན་ངག་གི་ལུས་སུ་བསྒྱུར་བ་ཡིན། རང་རྒྱལ་དུ་ལོ་རབས་ལྔ་བཅུ་བར་དར་འགོ་ཚུགས་ཤིང་། བོད་དུ་ལོ་རབས་བརྒྱད་ཅུ་པར་དར་ཆེ་བའི་སྙན་ངག་གི་རྩོམ་ལུས་ཤིག་ཡིན། རྩོམ་ལུས་འདིའི་ཁྱད་ཆོས་གཙོ་བོ་སྙན་ངག་གི་རྩོམ་ལུས་ལ་ཁྱད་ཆོས་གསུམ་ཡོད་པའི་ནང་གི་འཛུགས་སྐྲུན་གྱི་མཛེས་པ་ལྷུར་ལེན་པ་དེ་ཡིན་ལ་སྒྲ་བསྐྱར་ཟློས་ལས་དབྱངས་ཀྱི་མཛེས་པ་ཐོན་ཡོད་པའང་ཡིན།

  ༤ ཕོ་མོའི་བརྩེ་དུང་མཚོན་པ །
  ན་ཆུང་ཕོ་མོ་ཕན་ཚུན་ལ་དགའ་པའི་བརྩེ་དུང་མཚོན་པའི་རྩོམ་ཡིག་ནི་རྩོམ་རིག་གི་ལོ་རྒྱུས་གང་དུའང་ནམ་ཡང་མེད་མི་སྲིད་ཅིང་། གཞོན་ནུ་རྣམས་ཀྱིས་ཡིད་དབང་གི་གསོས་སུ་འགྱུར་བའི་བརྗོད་བྱ་ཉག་ཅིག་ཡིན་པ་ནི་རྩོམ་རིག་ལ་དགའ་བའི་གྲོགས་པོ་ཀུན་གྱིས་མཁྱེན་གསལ་རེད། འདིར་<<ཟླ་བའི་ཕོ་ཉ>>་ལས །
དགའ་མ་སྤངས་ནས་པེ་ཅིན་གྲོང་དུ་ཟླ་བ་དུ་མར་གནས་བྱས་པས།།
དགའ་མ་ཤིན་ཏུ་དྲན་པའི་སྡུག་བསྔལ་ཚོར་བས་རབ་ཏུ་གདུང་བའི་ལུས།།
ཤ་བྲི་ལྷུ་ཚིགས་རྩིབས་མ་དག་ཀྱང་རེ་རེ་བཞིན་དུ་བགྲང་བར་ནུས།།
བཞིན་རས་བ་སྤུ་སེར་པོས་ཁེབས་ཤིང་ཤུགས་རིང་གཏན་གྱི་གྲོགས་སུ་སྦྲན།།
ཀྭ་ཡེ་ཟླ་བ་ཁྱོད་ནི་མྱ་ངན་ཁོང་བར་བརླམས་པ་མཐའ་དག་གི།
སྐྱབས་ཀྱི་མཆོག་དང་སྙིང་གཏམ་ཁྱེར་བའི་ཕོ་ཉ་ཡིན་ཞེས་གླེང་བའི་ཕྱིར།།
རྒྱུས་མེད་ཡུལ་གཞན་འཁྱམས་པ་བདག་གི་ངག་འཕྲིན་དགའ་མར་སྤྲོད་པའི་སླད།།
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞེས་བྱ་བའི་གནས་སུ་ཁྱོད་གཤེགས་མཛོད།།
……
ཞེས་སྙན་ངག་པས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་ལྔ་རིག་ཐོས་བསམ་གྱི་ལས་ལ་རྩེ་གཅིག་ཏུ་གཞོལ་བའི་དུས་སུ་མི་ཕྱེད་མཛའ་འབྲེལ་གྱི་དན་རྟགས་ཕན་ཚུན་གྱི་སྙིང་དབུས་སུ་བཏབ་པའི་ཁོ་བོའི་དགའ་མ་དང་རིང་དུ་གྱེས་པའི་གདུང་སེམས་དྲག་པོ་དེ་རྒྱ་གར་གྱི་སྙན་ངག་གྲགས་ཅན <<སྤྲིན་གྱི་ཕོ་ཉ>>་ལ་ལད་ཟློས་བྱས་ནས<<ཟླ་བའི་ཕོ་ཉ>>་ཞེས་བརྩམས་གནང་མཛད་དེ་མངོན་མཚོན་བྱས་ཡོད། དེ་ཡང་ཟླ་བ་ནི་སེམས་དང་ལྡན་པ་གང་གི་གཟུགས་སུ་སྒྲོ་བཏགས་ཏེ་སྙན་ངག་པའི་འབྲལ་གདུང་བསྐུར་སའི་ལམ་ཐིག་བཀོད་ཡོད། དེ་ནི་རི་བོ་རྩེ་ལྔ་ནས་སི་ཁྲོན་གྱི་གླང་ཆེན་འགྱིང་རི། ཧྭ་ཧྲན་རི་བོ། ལན་གྲུ་གྲོང་ཁྱེར། མཆོད་རྟེན་དཀར་པོ། བྱམས་པ་འབུམ་གླིང་། ལུག་བརྒྱའི་འགག བླ་བྲང་། གཙོས་དགོན་པ། སྲས་མཁར་དགུ་ཐོག་བཅས་བརྒྱུད་ནས་ཀན་ལྷོ་གཡང་ལྡན་ཕྱུག་མོ་རུ་ཡོད་པའི་སྙན་ངག་པའི་དགའ་མ་ཡོད་སའི་གནས་ཀྱི་བར་དུ་ཡིན། འདི་ནི་རྒྱ་གར་གྱི་སྙན་ངག་གྲགས་ཅན་ <<སྤྲིན་གྱི་ཕོ་ཉ>>་ལས་རྩོམ་གྱི་ཉམས་འདོན་སྟངས་དང་། རབ་རྟོག་གི་འབྲི་ཐབས། དགའ་མ་ཡོད་སའི་ལམ་ཐིག་གི་བཀོད་འབྲི་བྱེད་སྟངས་སོགས་ཚུར་ལེན་བྱས་ནས་དགའ་མར་བཅངས་པའི་ལྷད་མེད་ཀྱི་བརྩེ་དུང་དེ་མངོན་པར་མཚོན་ཡོད། སྙན་གཞུང་<<མེ་ལོང་>>་གི་མིག་གིས་བལྟས་ན། སྙན་རྩོམ་འདིར་སྐྱོན་གྱི་ཆ་ཅུང་ཟད་འདུག་སྙམ། དཔེར་ན །
དགའ་མ་སྤངས་ནས་པེ་ཅིན་གྲོང་དུ་ཟླ་བ་དུ་མར་གནས་བྱས་པས །།

ཞེས་པར་ཚིག་རྐང་དང་པོའི་འགོ་ན་དགའ་མ་ཞེས་དང་ཚིག་རྐང་གཉིས་པའི་འགོར་ཡང་དགའ་མ་ཞེས་མིང་ཚིག་བསྐྱར་ཟློས་སུ་ཐོན་ཡོད་པས་སྙན་ངག་གི་སྐྱོན་དུ་གྱུར་ཡོད །

  ༥ ཡོན་ཏན་ཅན་ལ་བསྟོད་བསྔགས་བྱས་པ །
<<དགེ་ལྡན་ལེགས་བཤད>>་ལས།
མཁས་པ་ཡོན་ཏན་ཀུན་ལྡན་ཏེ །།
བླུན་པོ་ལ་སྐྱོན་འབའ་ཞིག་ཡིན །།
རིན་ཆེན་དགོས་འདོད་འབྱུང་བ་དང་།།
སྦྲུལ་གདུག་ཉེས་ཀུན་སྐྱེས་ལ་ལྟོས།།
དེ་ཕྱིར་མཁས་དང་བླུན་པོ་ཡི །།
རྣམ་དབྱེ་ལེགས་པར་ཕྱེད་ཀྱིས་ལ།།
མཁས་པ་རྒྱན་བཞིན་འཛིན་པ་དང་།།
བླུན་པོ་རྩ་བཞིན་འདོར་བར་འོས །།①
ཞེས་གསུངས་པ་ལྟར་མཁས་པའི་བྱ་བ་ནི་བླ་ན་མེད་པ་ཡིན་པ་བསྟན་ཡོད །
<<ས་པཎ་ལ་བསྟོད་པ་དྲི་ཟའི་བུ་མོའི་གླུ་དབྱངས>>་ལས །
སྐུ་ན་ཕྲ་ཡང་བཅུ་ཕྲག་རིག་པའི་གནས།།
སྤྱན་ཟུར་གློག་གི་ཟློས་གར་བསྒྱུར་ཙམ་གྱིས །།
མཁས་དགུའི་གཙུག་ལ་རྐང་རྟེན་འཆའ་མཐོང་ཚེ །།
དྲང་སྲོང་ཕུར་བུ་སྐྲག་ནས་འདར་བ་འཛིན །།

སྒྲ་རིག་ཉི་མ་གཟི་བྱིན་འབར་བའི་གཏེར །།
གཏན་ཚིགས་རིག་པའི་ཟླ་བ་བདུད་རྩིའི་མཛོད །།
བཟོ་བ་རིག་པའི་རྒྱུ་སྐར་དོ་ཤལ་ཕྲེང་།།
ཆབས་ཅིག་ཁྱོད་ཐུགས་མཁའ་ལ་རྣམ་པར་བཀྲ །།

གསོ་རིག་གསེར་མིག་འཁྱུག་པའི་གར་རྩེན་ཞིང་།།
ནང་རིག་རླབས་ཀྱི་མེ་ཏོག་རྒོད་པའི་མཚོ །།
ཁྱོད་ཐུགས་འཛིན་མའི་སྣོད་དུ་འཁྱིལ་བའི་མཐའ །།
མ་ཁེབས་ནམ་མཁའི་རང་མཚང་སྟོན་ལ་བྲེལ །།
ཞེས་པ་ལས་སྙན་ངག་པས་གངས་ཅན་བོད་ཀྱི་རིག་པའི་གནས་ཀུན་ལ་མཁས་ཤིང་། འཆད་ཉན་གྱི་སྲོལ་ལེགས་པར་ཕྱེས་མཁན་ས་སྐྱ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ནི་སྐུ་ན་ཕྲ་དུས་སུ་རིག་པའི་གནས་མཐའ་དག་ཐུགས་སུ་ཆུད་ཡོད་པར་བརྟེན་མཁས་པའི་ཚོགས་གྲལ་དུ་འགྲན་པའི་ཟླ་དང་བྲལ་བ་ལ་རིན་པོ་ཆེ་རྣམ་གསུམ་གྱི་ཡ་གྱལ་དུ་བགྲང་བའི་སྙན་ངག་གི་ལམ་ནས་བསྟོད་བསྔགས་བྱས་ཡོད། འདི་ལས་སྙན་ངག་པའི་དགོངས་པར་ཡོན་ཏན་ཅན་ལ་འཇིག་རྟེན་གུས་ཞེས་པའི་དཔེ་བཞིན་ཡོན་ཏན་ཅན་ཏེ་རིག་པའི་གནས་ཀུན་ཁོང་དུ་ཆུད་པའི་མཁས་པ་ནི་ཡོན་ཏན་གྱི་འབྱུང་གནས་སུ་གྱུར་བའི་སྟབས་ཀྱིས་ཁོང་རྣམ་པས་ནམ་ཡང་སྤྱི་ཚོགས་དང་མིའི་རིགས་ལ་ཕུལ་བ་ནི་ཤེས་རིག་གི་ལེགས་སྐྱེས་ཁོ་ན་ཡིན། དེར་བརྟེན། ཡོན་ཏན་ཅན་ནི་འཇིག་རྟེན་ལས་ཕུད་དུ་དགོངས་ལ་དེ་དག་གི་ཡོན་ཏན་དང་སྙིང་སྟོབས་ལ་ང་ཚོས་རྗེས་སུ་ཡི་རངས་བྱས་ཏེ་སློབ་གཉེར་བྱེད་དགོས་པ་བསྟན་ཡོད །

              གཉིས་པ ། རྩོམ་སྟངས་ཀྱི་ཆ་ནས་བཤད་པ།
  
  སྙན་དེབ་འདི་ལ་སྙན་དེབ་གཞན་དག་དང་མི་འདྲ་བར་བོད་ཀྱི་སྙན་ངག་གི་མཚན་ཉིད་ལ་སྒྲ་ཡངས་འཇུག་གི་ཁོངས་སུ་གཏོགས་པའི་ལེགས་བཤད་དང་། བསླབ་བྱ། མགུར་མ ། འཕྲིན་ཡིག་སྙན་རྩོམ། གབ་ཚིག་སོགས་ཀྱི་རྩོམ་ལུས་སྤྱད་དེ་བྲིས་ཡོད།

  ༡ ལེགས་བཤད་ཀྱི་སྐོར །
  ལེགས་བཤད་ཀྱི་བསྟན་བཅོས་ནི་ལུས་ཚིགས་བཅད་དང་ལྷུག་པ་གང་རུང་གི་སྒོ་ནས་འཇིག་རྟེན་གྱི་མི་རྣམས་ལ་ལེགས་ཉེས་བླང་དོར་གྱི་གནད་སྟོན་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན། <<བླང་དོར་འབྱེད་པའི་མེ་ལོང>>་ལས།
གྲོགས་ལ་ཕྱི་ཐག་རིང་བའི་ཁྲེལ་གཞུང་ཞིག་དགོས་ཀྱང་།།
ཕན་ཐོགས་སྤུ་ཙམ་མེད་པའི་ཁ་འཇམ་གྱིས་ཅི་བྱ །

དགེ་རྒན་རྣམས་ལ་དྲི་མེད་ལྷག་བསམ་ཞིག་དགོས་ཀྱང་།།
ཇ་ཆང་བག་མེད་རོལ་བའི་རྣམ་གཡེང་གིས་ཅི་བྱ །།

དཔོན་ལ་སྤངས་བླང་འབྱེད་པའི་བློ་གྲོས་ཤིག་དགོས་ཀྱང་།།
ཀུན་གྱིས་མིག་ལ་སྡང་བའི་རྫིག་ཉམས་ཀྱིས་ཅི་བྱ།།

རིགས་གཞན་འགྲན་སེམས་འཛུགས་པའི་སྤོབས་པ་ཞིག་དགོས་ཀྱང་།།
ནང་ལ་ཕྲག་དོག་བྱེད་པའི་བསམ་ངན་དེས་ཅི་བྱ །།
  སྤྱིར་ལེགས་བཤད་རྩོམ་ཡིག་ནི་དཔེ་དོན་ཟུང་འབྲེལ་གྱི་ཐབས་ལ་བརྟེན་ནས་རིགས་མཐུན་སྤྱི་ལ་བླང་དོར་གྱི་གནས་ལུགས་སྟོན་པའི་ཐབས་ལམ་ཞིག་ཡིན་མོད། ལེགས་བཤད་རྩོམ་ཡིག་འདི་ལ་བོད་ཀྱི་ཉེ་རབས་ཀྱི་ལེགས་བཤད་ཁག་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི་ཚིག་རྐང་གི་ཆ་ནས་སྲོལ་རྒྱུན་ལྟར་ཚིག་རྐང་བཞི་རེ་བྱས་ནས་ཤོ་ལོ་ཀའི་ཁྱད་ཆོས་ཚང་མེད་པར་ཚིག་རྐང་གཉིས་རེ་དང་། དོན་མང་པོ་ཞིག་ལ་དཔེ་བཀོད་མེད་པ། མི་རིགས་གཞན་གྱི་མཛེས་དཔྱོད་ཀྱི་ལྟ་བས་ཤན་མ་ཞུགས་པར་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་བསྡུར་བའི་ཐབས་ཀྱིས་དེང་རབས་བོད་ཀྱི་སྤྱི་ཚོགས་ལ་རྣག་ཐོག་གཙག་འཁེལ་ལྟ་བུ་བྱས་ནས་བོད་ཀྱི་སྤྱི་ཚོགས་ཧྲིལ་པོ་མི་རིགས་གཞན་དག་དང་འདྲ་བར་འཕེལ་རྒྱས་སུ་འགྲོ་བར་བོད་མི་ཡོངས་ཀྱིས་འབད་བརྩོན་བྱེད་དགོས་པ་བསྟན་ཡོད།

  ༢ བསླབ་བྱའི་སྐོར །
བསླབ་བྱ་ནི་ཆོས་སྲིད་གང་གི་ཐད་ལའང་རང་བཞིན་དྲང་པོར་བརྗོད་པའི་ཐབས་ལ་བརྟེན་ནས་མི་རྣམས་ལ་གོ་སྐོན་སློབ་གསོ་ཐེབས་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན ། <<བསླབ་བྱ་ཕན་བདེ་འབྱུང་གནས>>་ལས །
ལུས་སེམས་བདེ་སྐྱིད་ཅིག་འདོད་ན།།
ཁ་ཤགས་འཐབ་པ་ཉིད་སྤོང་དགོས།།
ངལ་དུབ་ཟིན་མེད་ཅིག་བྱེད་ན།།
ཁང་རྙིང་ཞིག་འཆོས་ལ་རེམས་ཤིག

མཁས་པ་ཚད་ལྡན་རང་ཡིན་མིན།།
རྩོམ་པ་དཔང་པོ་རུ་འཇོག་དགོས།།
གཞན་འགོ་བསྐོར་ཐབས་ཀྱིས་ཆོག་ན།།
གཡོ་སྒྱུའི་ཁ་འཇམ་རང་གྱིས་ཤིག ཞེས་དང་།
<<བསླབ་བྱ་བདུད་རྩིའི་མཆོད་ཡོན>>་ལས།
རང་ལ་རིག་གནས་ཡོན་ཏན་ལྡན་པ་ཡང་།།
བོད་ལ་ཕན་པའི་ཕྱོགས་སུ་མི་སྤྱོད་པར།།
ཞབས་འདྲེན་ཁོ་ནའི་ཆེད་དུ་བཀོལ་བ་ནི།།
ཁྲེལ་དང་ངོ་ཚ་མེད་པའི་རྟགས་མཚན་ཡིན།།

ཐུན་མོང་དང་ནི་ཐུན་མོང་མ་ཡིན་པའི །།
རིག་གནས་ཡོན་ཏན་ལྡན་ན་ལེགས་མོད་ཀྱང་།།
འབད་པས་ཞུས་ཀྱང་གཞན་ལ་མི་འཆད་པར།།
ཧ་ཅང་གསང་ན་ཡོན་ཏན་ཁོག་རུལ་ཡིན།།
  དེང་གི་དུས་འདིར། གླག་རྒོད་མཁའ་ལ་འཕུར་བ་ལྟར་མདུན་དུ་བསྐྱོད་བཞིན་པའི་སྤྱི་ཚོགས་སུ་གནས་པའི་བོད་མི་རིགས་ཡོངས་དང་། ལྷག་པར་དུ་དཔྱིད་ཀའི་དཔལ་ཡོན་རྒྱས་པ་ཇི་བཞིན་འཚར་ལོངས་བྱུང་བཞིན་ཡོད་པའི་ན་གཞོན་ཕོ་མོ་རྣམས་ལ་ནི་ལེགས་ཉེས་བླང་དོར་འབྱེད་པའི་རྣམ་དཔྱོད་ཡངས་པ་དང་། མི་དགེ་དུག་གསུམ་འགོག་པའི་སྙིང་སྟོབས་ཆེ་བ ། ཚན་རིག་ཡང་རྩེར་སྐྱོད་པའི་རིག་གནས་ལྡན་པ་བཅས་ཀྱི་ཡོན་ཏན་ཁོ་ལག་ཡོངས་སུ་རྫོགས་པའི་ཆེད་བདག་གིས་རྩོམ་འདི་བྲིས་པ་ཡིན ②ཞེས་གསུངས་པ་ལྟར་སྙན་ངག་པས་མི་སུ་དང་སུ་ཡིན་ཡང་། བྱ་བ་གང་དང་གང་བསྒྲུབ་ཀྱང་བྱ་བ་དེའི་མཇུག་འབྲས་ལ་བསམ་གཞིགས་ཡག་པོ་བཏང་རྗེས་གཞི་ནས་འབད་བརྩོན་གྱིས་བསྒྲུབ་དགོས་པའི་ཐབས་ལམ་གྱི་གལ་ཆེན་རང་བཞིན་རྟོགས་དགོས་པ་དང་། བྱ་བ་གང་ཞིག་བསྒྲུབ་པའི་ཚེ་རང་ཉིད་ལ་དེ་བསྒྲུབ་པའི་ནུས་པ་ཡོད་བཞིན་དུ་མེད་པ་ལྟར་མ་བསྒྲུབ་པར་བསྡད་ན་དེ་ནི་མི་དེའི་སྐྱོན་གྱི་ཆ་ཡིན་པས་བྱ་སྤྱོད་དེའི་རིགས་ནི་མཚང་དུ་ཆེ་བས་སྤངས་དགོས་པ་བསྟན་ནོ །

  ༣ མགུར་གླུའི་སྐོར །
  མགུར་གླུ་ལ་དུས་སྐབས་མི་འདྲ་བར་གོ་བ་མི་འདྲ་བ་རེ་ལེན་རྒྱུ་ཡོད་དེ། བཙན་པོའི་དུས་སྐབས་སུ། རྒྱལ་པོ་དང་བློན་པོ་རྣམས་ཀྱིས་ཕན་ཚུན་བར་ལ་ཆབ་སྲིད་ཀྱི་དོན་དག་རྣམས་དབྱངས་རྟར་དྲངས་ནས་བླངས་པའི་གླུ་ལ་ཟེར་ཞིང་། ཉེ་རབས་ཀྱི་དུས་སུ་ཆོས་ཀྱི་གནས་ལུགས་ཟབ་མོ་སྐྱོ་བའི་དབྱངས་རྟར་དྲངས་ནས་མི་རྣམས་ལ་ཆོས་ལུགས་ཀྱི་ནང་དོན་བརྒྱུད་སྒྲོག་བྱེད་རྒྱུ་དེ་ཡིན ། དེང་གི་དུས་སུ་སྤྱི་ཚོགས་ཀྱི་སྣང་ཚུལ་མང་པོ་ཞིག་ལ་གཞིགས་ནས་ཡིད་སེམས་སྐྱོ་བའི་ངང་ཚུལ་སྟོན་གྱིན་ཡོད། དཔེར་ན།
མི་ལ་ལས་ལས་ལ་བརྩོན་པ་དང་།།
བབ་ཆགས་ཀྱི་གཤིས་རྒྱུད་ལྡན་ཡང་ཟེར།།
ཡང་ལ་ལས་རྨོངས་རྟུལ་ཡིན་ནོ་ཞེས།།
འཕྱ་དམོད་ཀྱི་ཉག་ཕྲན་ཆར་ལྟར་འབེབས།།

མཇལ་བསྐོར་ལ་འགྲོ་བའི་རྐང་པ་ཡིས།།
ཉིན་རེ་རེར་བརྡར་བའི་རྡོ་གཅལ་ཀུན།།
ཟླ་རེ་རེར་བཞིན་དུ་བརྗེས་ན་ཡང་།།
བྱིན་རླབས་དང་དངོས་གྲུབ་ཅི་ཞིག་ཐོབ།།

གླིང་འདི་ཡི་རིགས་གཞན་སྔ་མོ་ནས།།
འབོལ་མཉེན་གྱི་ཉལ་ཁྲིར་སུན་པ་དང་།།
རྡུལ་མཚོན་གྱི་དྲག་ཆས་སྤྲས་དུས་འདིར།།
ཁྱེད་ད་དུང་སྐེད་པར་ལྕགས་ཚན་བཏགས།།
ཞེས་པ་ལས་སྙན་ངག་པས་མི་རིགས་རང་གི་གཤིས་ན་ཡོད་པའི་ལེ་ལོ་དང་སྒྱིད་ལུག ནང་ཁུལ་གྱི་ཕྲག་དོག འཕྱ་དམོད། གོམས་སྲོལ་རྙིང་བའི་རྒྱ་ལས་ཐར་མི་ཐུབ་པ། མཐའ་འཁོར་གྱི་སྤུན་ཟླ་མི་རིགས་ཁག་ལ་འགྲན་རྩོད་མེད་པར་བག་ཕེབས་སུ་བསྡད་དེ་མི་རིགས་གཞན་གྱི་རྗེས་སུ་ལུས་ཡོད་པར་ཐུགས་སེམས་གཏིང་ནས་སྐྱོ་བ་སྐྱེས་ཏེ་བོད་ཀྱི་སྲོལ་རྒྱུན་གྱི་མགུར་གླུའི་རྣམ་པར་བརྟེན་ནས་ཡིད་ཀྱི་གདུང་ཤུགས་དྲག་པོའི་ཚོར་འདུ་མཚོན་པར་བྱས་ཡོད།

  ༤ འཕྲིན་ཡིག་སྙན་རྩོམ་གྱི་སྐོར །
  སྤྱིར་རྩོམ་རིག་ལ་ངོ་བོའི་སྒོ་ནས་དབྱེ་ན་དོན་གྱི་བྱུང་བ་བརྗོད་པའི་རྩོམ་རིག་དང་ཡིད་ཀྱི་འགྱུར་བ་སྟོན་པའི་རྩོམ་རིག་གཉིས་ཡོད། སྙན་ངག་ཡང་དེ་ལས་མ་འདས། སྙན་རྩོམ་ནི་ཡིད་ཀྱི་ཤེས་པའི་སྙིང་བཅུད་དང་སྒྱུ་རྩལ་གྱི་སྙིང་སྲོག་ཡིན③ཞེས་གསུངས་པ་ལས་སྙན་རྩོམ་ནི་སྙན་ངག་པའི་ཡིད་ཀྱི་དགའ་སྐྱོ་ཆགས་སྡང་མངོན་པར་གསལ་བ་དང་། རོལ་དབྱངས་ཀྱི་འདེགས་འཇོག རི་མོའི་ཁྱད་ཆོས་སོགས་ལྡན་པའི་སྒྱུ་རྩལ་གྱི་སྙིང་འདུས་ཤིག་ཡིན་པའི་དོན་ཡིན །ཉེ་རབས་ནས་བཟུང་། བོད་ཀྱི་འཕྲིན་ཡིག་རྩོམ་རིག་ནི་ཚིག་ལྷུག་གི་རྣམ་པར་བརྟེན་ནས་བརྩམས་པ་ཙམ་མ་ཡིན་པར་ <<སྙན་ངག་མེ་ལོང>>་གི་ལུགས་ལྟར་ཚིགས་བཅད་ཀྱི་ལམ་ནས་བརྩམས་པའི་འཕྲིན་ཡིག་སྙན་རྩོམ་ཡང་ཡོད་པ་ཡིན།
དཔེར་ན །
<<གྲོགས་པོ་དོན་གྲུབ་རྒྱལ་ལ་སྤྲིངས་པའི་ཡི་གེ>>་ལས །
གང་གི་ངག་ལས་འཕོས་པའི་སྙན་ཚིག་རྣམས།།
དེང་དུས་སྐྱེ་བོའི་ཁ་ན་མ་ཎི་བཞིན།།
སྐྱོར་བའི་འུར་སྒྲས་གཡུ་འབྲུག་སྔོན་མོ་ལ།།
སྐྱེངས་པ་བྱིན་ནས་སྤྲིན་གྱི་ཁང་པར་བྲོས།།

འདི་ན་མཁས་པ་སྔ་མའི་ལྗགས་རྩོམ་འགའ།།
པར་དུ་བཞེངས་རྣམས་ཕུན་ཚོགས་ལེགས་སྐྱེས་ཀྱི།།
ཟོལ་དུ་བརྫུས་པའི་དཔྱིད་ཀྱི་ཕོ་ཉ་མོ།།
གྲོགས་ཁྱོད་དྲུང་དུ་འཕུར་བའི་རྩེ་དགའ་འཛིན།།
……
ཞེས་པ་ལས་སྙན་ངག་པས་ཁོང་གི་མཛའ་བཤེས་བཟང་པོ་སྟེ་བོད་ཀྱི་དེང་རབས་རྩོམ་རིག་གི་དེད་དཔོན་དུ་འབོད་པའི་དོན་གྲུབ་རྒྱལ་མཆོག་གི་རྩོམ་པའི་ཡོན་ཏན་དངོས་ཀྱི་ཆེ་བར་བསྔགས་བརྗོད་མཛད་པ་དང་། སྙན་ངག་པས་ཉར་ཚགས་བྱས་པའི་མཁས་པ་སྔ་མ་དག་གི་ལྗགས་རྩོམ་གྲགས་ཅན་ཁག་ཅིག་པར་དུ་བསྐྲུན་ནས་རང་གྲོལ་མཆོག་ལ་ལེགས་སྐྱེས་སུ་འབུལ་བར་འདོད་པའི་དོན་དེ་སྙན་ངག་གི་ལམ་ནས་བརྩམས་པའི་སྤྲིངས་ཡིག་ཏུ་བྱས་སོ།། འདི་ནི་བོད་ཀྱི་འཕྲིན་ཡིག་རྩོམ་རིག་གི་ལོ་རྒྱུས་ལས་ཐོད་བརྒལ་གྱི་ཆ་ཅིག་རེད་ཅེས་བརྗོད་ན་མ་འགྲིག་པ་མེད་དོ་སྙམ།

  ༥ གབ་ཚིག་གི་སྐོར །
  གབ་ཚིག་ནི་<<སྙན་ངག་མེ་ལོང>>་ལས་ཐུན་མོང་གི་རྒྱན་གྱི་ནང་གསེས་ཤིག་ཡིན། རྣམ་པའི་ཆ་ནས་བཤད་ན། གབ་བྱའི་དོན་ཞིག་གབ་བྱེད་ཀྱི་ཚིག་སྦྱོར་ཏེ་ཚིགས་སུ་བཅད་པའི་རྣམ་པར་བརྟེན་ནས་ཀློག་པ་པོར་བསམ་གཞིག་གི་སྒོ་མོ་ཕྱེས་བར་བྱེད་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན། བོད་ཀྱི་ལོ་རྒྱུས་སུ་དེ་ལ་ལྡེའུ་དང་དམངས་ཁྲོད་དུ་ཁེད་ཟེར། གབ་ཚིག་དང་ཁེད་གཉིས་ནི་དོན་གཅིག་ཡིན་མིན་དང་དེ་གཉིས་ཀྱི་འབྱུང་ཁུངས་སྐོར་ལ་ཡང་རྩོད་པ་ཡོད་པའི་བོད་ཀྱི་རིག་གཞུང་གི་གནད་དོན་ཅིག་ཏུ་གྱུར་ཡོད། ཡིན་ནའང་། ཁོ་བོའི་བསམ་པར་དེ་གཉིས་གཅིག་ཏུ་འདོད་དེ། རྒྱུ་མཚན་ནི་དེ་གཉིས་འབྱུང་སའི་ཁུངས་མི་འདྲ་ནའང་། གབ་བྱ་གང་ལ་གབ་བྱེད་ཀྱི་དངོས་པོ་ཞིག་གིས་གབ་ནས་ཀློག་པ་པོའི་རིག་སྟོབས་འཕེལ་བར་བྱེད་པའི་སྙན་ངག་གི་ཐབས་ལམ་ཞིག་ཡིན ། ཁྱད་པར་ཅུང་ཙམ་ཡོད་པ་ཞིག་ཏུ་སྣང་བ་ནི་ཁེད་ནི་བཙན་པོའི་དུས་སྐབས་སུ་ཆོས་སྲིད་གཉིས་ལས་སྲིད་ཀྱི་ཐད་ལ་བཀོལ་སྤྱོད་བྱེད་པའི་སྲིད་སྐྱོང་ལུགས་ཀྱི་རིག་པ་ཞིག་དང་།རྗེས་སུ་དམངས་ཁྲོད་དུ་རིག་པ་འགྲན་པའི་ཐབས་ལམ་ཞིག་ཏུ་གནས་པ་ཡིན་པས་སྐད་བརྡའི་ཐད་ནས་མང་ཚོགས་ཀྱི་རང་བཞིན་དང་ཕལ་སྐད་ཀྱི་ཁྱད་ཆོས་ཀྱིས་ཕྱུག་ཡོད་པ་ཞིག་ཡིན། གབ་ཚིག་ནི་གཞུང་ལུགས་ཀྱི་ཤེས་བྱ་ཞིག་ཡིན་མོད། དོན་དུ་རྒྱ་གར་གྱི་སྙན་གཞུང་སྨྲ་བ་རྣམས་ཀྱིས་དམངས་ཁྲོད་ཀྱི་རིག་པ་གཞུང་ལུགས་ཏུ་བསྡུས་པ་ཞིག་ཡིན་པ་ཤེས་ཐུབ། འདི་ལ་སྐད་བརྡའི་ཆ་ནས་བཤད་ན། གཞུང་ལུགས་ཀྱི་ཁྱད་ཆོས་དང་ཡིག་ཐོག་རྩོམ་རིག་གི་ཁྱད་ཆོས་ཀྱིས་ཕྱུག་པ་ཞིག་ཡིན། དོན་གྱིས་ཁེད་དང་གབ་ཚིག་ནི་མི་དམངས་མང་ཚོགས་ནས་རིམ་བཞིན་རྩོམ་པ་པོར་དབང་བའི་གོ་རིམ་དུ་མིང་བརྡ་སྦྱོར་ཚུལ་མི་འདྲ་བ་ལས་བྱུང་བའི་ཐ་སྙད་སོ་སོ་བ་ཡིན་ལ་དམིགས་བསལ་གྱི་རྩོམ་ལུས་ཤིག་ཀྱང་ཡིན་པས་དེ་གཉིས་གཅིག་ཏུ་གོ་ན་འགལ་བ་མེད་པར་སྙམ ། དཔེ་ཞིག་བཀོད་ན ། དབང་བོའི་སྐོར་ལས།
གཙང་བོའི་རྒྱུན་གྱིས་བྲན་པ་མ་མཆིས་ཤིང་།།
ཚོན་གྱིས་མ་བྱུགས་ནག་པོའི་ལྗོན་ཤིང་འབུམ།།
ཤ་བུམ་ལས་གྲུབ་ས་ཡི་ཕུར་བུའི་རྩེར།།
ཚང་ཚིང་འཁྲིགས་པ་འདི་ཀོ་མིག་གི་དཔྱིད།།﹝སྐྲ ﹞

སྲོག་ཆགས་ཀྱི་སྐོར།
ཀོ་ཁྲབ་ལུས་ཀྱི་རྒྱན་དུ་སྤུད་ལགས་ཀྱང་།།
མགོ་ན་དར་འཕྲུ་གཡོ་བའི་རྨོག་ཞྭ་མེད །།
གཤོག་པ་ཡོད་ཀྱང་འཕུར་ལ་མ་གོམས་ཤིང་།།
འགྲོ་བར་མཁས་ཀྱང་རྐང་བ་མེད་ཀྱང་ཅི།﹝ཉ﹞
ཞེས་བརྗོད་བྱའི་དོན་ཏེ་གབ་པར་བྱ་བ་གང་ཞིག་རྗོད་བྱེད་ཚིག་གི་གབ་བྱེད་ལ་བརྟེན་ནས་ཀློག་པ་པོ་རྣམས་ལ་རིག་པའི་སྒོ་མོ་འབྱེད་པར་བྱེད་པའི་སྙན་ངག་གི་སྒྱུ་རྩལ་དང་རིག་པ་མཆོག་ཏུ་གྱུར་པ་ཞིག་ཡིན་པ་རྟོགས་ནུས་སོ།།

              མཇུག་བསྡུ་བའི་གཏམ།
  
  ཕྲན་གྱིས་<<སེམས་པ་ཆུ་ལྟར་བཞུར་བའི་སྒྲ་དབྱངས>>་ལ་དཔྱད་པ་གཏོང་བའི་དམིགས་ཡུལ་ནི་སྙན་དེབ་འདི་ལ་དེང་རབས་བོད་ཀྱི་སྙན་དེབ་གཞན་དག་དང་བསྡུར་ན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ཞིག་ཡོད་པར་འདོད་དེ།ནང་དོན་ཐད་ལ་གོང་དུ་དཔེ་མཚོན་དུ་དྲངས་ཙམ་མ་ཡིན་པར་འཇིག་རྟེན་ན་རླབས་ཆེ་བའི་ཕ་མ་བུ་ཕྲུག་གི་བརྩེ་སེམས་དང་། རྒྱུ་འབྲས་གོ་ལོག་ཏུ་བསྡེབས་པའི་བྱ་ངན་སྤྱོད་ངན། རྩོམ་པའི་ལས་ལ་ཐོགས་མེད་དུ་འགྱུར་བའི་མྱུར་ལམ། གོམས་སྲོལ་རྙིང་པ་དང་མི་རབས་གསར་པའི་ཕུགས་བསམ་བར་གྱི་འགལ་འཐབ། ད་ལྟའི་དཔོན་པོའི་རྣམ་བཤད། གངས་རི་རྭ་བའི་ཕྱི་ནང་གི་གནས་མཆོག་ལ་བསྟོད་པ། མཐུན་སྒྲིལ་གྱི་སྟོབས་ཤུགས་དང་མཁས་པའི་གོ་འཕང་ལ་མངའ་བརྙེས་པའི་ངེས་པ་དོན་གྱི་སློབ་དཔོན་ལ་དང་པའི་ཡིད་ནས་བསྟོད་པ། ལེགས་ཉེས་ཀྱི་ཁྱད་པར་བློ་གྲོས་ཀྱི་གསེར་དབྱུག་གིས་འབྱེད་པ་སོགས་ཤིན་ཏུ་རྒྱ་ཆེ་ལ་རྩོམ་སྟངས་ཀྱི་ཐད་ནས་བོད་རང་གི་སྲོལ་རྒྱུན་གྱི་རྩོམ་སྟངས་ཇི་སྙེད་ཅིག་སྤྱད་ཡོད། དཔེར་ན།  <<སྙན་ངག་མེ་ལོང་མའི་>>་ལུགས་ཀྱི་རྩོམ་སྟངས་ནི་བཤད་མ་དགོས་པ་ཞིག་ཡིན་ལ་ད་དུང་སྙན་ངག་ལ་སྒྲ་ཡངས་འཇུག་དང་དོག་འཇུག་གི་དབྱེ་བ་གཉིས་ཡོད་པ་ལས་དོག་འཇུག་ཙམ་མ་ཡིན་པར་ཡངས་འཇུག་གི་དབང་དུ་དབྱེ་བའི་ལེགས་བཤད་དང་། བསླབ་བྱ ། གབ་ཚིག མགུར་གླུ རྟོགས་བརྗོད། གཞན་སྙན་ངག་གསར་པའི་ཐོག་མའི་དུས་རིམ་གྱི་སྐས་འཛེགས་སྙན་ངག་དང་། ཧེ་ཐི་མན་ལུགས་ཀྱི་ཚིག་རྐང་དོ་མི་མཉམ་པའི་སྙན་ངག (དེང་སྐབས་ཡོངས་གྲགས་སུ་རང་མོས་སྙན་ངག་ཏུ་འབོད་པ་དེ་ཡིན)<<སྙན་ངག་མེ་ལོང་མའི>>་གྲུབ་མཐའི་ལུགས་སུ་བྱས་ན་ཤར་ལྷོ་ཟུང་འབྲེལ་དང་སྙན་ངག་གསར་པའི་གྲུབ་མཐའི་ཆ་ནས་དྲང་བརྗོད་པ་དང་། ཡིད་བརྙན་པ། སྨུག་ལོང་པ་སོགས་ཀྱི་གྲུབ་མཐའི་ལུགས་ལྟར་བརྩམས་ཡོད། མདོར་ན ། སྙན་ངག་པ་རེབ་གོང་རྡོ་རྗེ་མཁར་ལགས་ནི་སྲོལ་རྒྱུན་སྙན་ངག་གི་རྨང་གཞི་མཐུག་ཅིང་སྙན་ངག་གསར་པ་ལའང་མཁྱེན་རྒྱ་ཡངས་པས་ཚིག་གི་སྦྱོར་བ་ལ་བོད་ཀྱི་སྙན་ངག་མཁན་པོའི་བསྟན་བཅོས་སྔ་མ་རྣམས་ཀྱི་ཁྱད་ཉམས་ཐོན་ཡོད་ལ་ནང་དོན་ལ་དེང་གི་དུས་སྐབས་གཞི་བྱས་ཏེ་མ་འོངས་པ་ལ་ཁ་ཕྱོགས་ཡོད་པ་ཞིག་ཡིན་པས་དེང་རབས་བོད་ཀྱི་སྙན་ངག་གི་ཁྱད་ཆོས་ཚང་བའི་ཚད་གཞིར་འཛིན་ཆོག་པ་ཞིག་ཡིན་པར་འདོད། རྒྱུ་མཚན་ནི་བོད་ཀྱི་དེང་རབས་སྙན་ངག་གི་ཚོགས་པ་མི་རབས་གསུམ་པའི་ནང་གི་སྙན་ངག་པར་རློམ་པ་མང་པོ་ཞིག་གི་སྙན་ངག་གི་ཚིག་སྦྱོར་ལ་བོད་ཀྱི་ཚིག་སྦྱོར་གྱི་ཁྱད་ཉམས་ཤོར་བ་དང་རྩོམ་གྱི་ཉམས་འདོན་ཚུལ་ནི་ཐད་ཀར་ཕྱི་གླིང་གི་རྗེས་སུ་འབྲངས་ཅི་ཐུབ་བྱས་ནས་དོན་གྱི་གནད་འབྱིན་པ་ལ་ནུས་པ་ཅི་ཡང་ཐོན་མ་ཐུབ་པར་་<<སྙན་ངག་མེ་ལོང་>>་གི་དོན་ཉམས་ལྟ་བུའི་གོ་རྒྱུ་ཅི་ཡང་མེད་པར་གྱུར་འདུག འདི་ནི་སྒྱུ་རྩལ་གྱི་བདེན་པར་འཚོལ་བསྙེགས་བྱེད་པ་ཡིན་ཟེར་སྲིད་ཀྱང་ཀློག་པ་པའི་ཡིད་ཀྱི་གསོས་སུ་འགྱུར་མ་ཐུབ་ན་དོན་གྱིས་སྟོང་པ་ཡིན། དེ་བས། ང་ཚོས་དེང་རབས་བོད་ཀྱི་སྙན་ངག་པ་གྲགས་ཅན་རེབ་གོང་རྡོ་རྗེ་མཁར་ལྟ་བུ་ལ་ཁ་མིག་ཡར་བལྟ་བྱས་ཏེ་སྙན་ངག་རྩོམ་པའི་ཚེ་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་བྱས་ནས་སྙན་རྩོམ་ལ་བོད་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པར་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བར་སེམས།

ཟུར་བལྟའི་དཔྱད་ཡིག
① 《 བོད་ཀྱི་རྩོམ་རིག་ལོ་རྒྱུས 》 རྒན་ལྷག་པ་ཆོས་འཕེལ་གྱིས་བརྩམས །
མི་རིགས་དཔེ་སྐྲུན་ཁང་།
② 《 སྙིང་གཏམ་ཤེལ་དཀར་མེ་ལོང་། 》 གཅོད་པ་དོན་གྲུབ་ཀྱིས་བརྩམས་།
མི་རིགས་དཔེ་སྐྲུན་ཁང་ །
③ 《 རྩོམ་རིག་གཞུང་ལུགས་གནད་བསྡུས 》 རྡོ་རྗེ་རིན་ཆེན་གྱིས་བརྩམས །
མི་རིགས་དཔེ་སྐྲུན་ཁང་།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《སེམས་པ་ཆུ་ལྟར་བཞུར་བའི་སྒྲ་དབྱངས》ལ་ཅུང་ཙམ་དཔྱད་པ།

2015-02-06 གངས་སྨྱུག༼ ལྷ་ས ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།