<<ཝ་ནག་ལུང་བ>>ལས་འཕྲོས་པའི་མི་རིགས་རིག་གནས་ཀྱི་འཕོ་འགྱུར།

འཕགས་པ་འབྲོང་།(ཟི་ལིང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-12-24

             གླེང་གཞི།

རྩོམ་པ་པོའི་ཆེ་བ་དང་སྒྲུང་རྩོམ་འདིའི་བསྟོད་པ་སོགས་ཚུལ་འཆོས་ཀྱི་ལས་དག་སྤངས་ཏེ་ཐད་ཀར་བརྗོད་བྱ་ལ་འཇུག་པར་བྱ།

རྩོམ་པ་པོ་ཚེ་རིང་དོན་གྲུབ་ལགས་ནི་རང་བྱུང་ཁམས་ཀྱི་དག་གཙང་གི་མཛེས་པ་སེམས་ཀྱིས་མྱོང་མཁན་ཞིག་ཡིན་པ་མ་ཟད།སྐྱེ་ཁམས་ཁོར་ཡུག་གི་ཉམས་ཞིག་ལ་མཛུབ་མོ་འཛུགས་ཕོད་མཁན་ཞིག་ཀྱང་རེད།ཁོའི་སྔར་གྱི་སྒྲུང་རྩོམ་<<མེས་པོ>>་དང<<ང་ཡི་ཨ་ཕ་གཉིས>>སོགས་སུའང་སྐྱེ་ཁམས་ཁོར་ཡུག་ཉམས་དམས་སུ་འགྲོ་བཞིན་པའི་སྣང་ཚུལ་མང་བོ་ཞིབ་འབྲི་བྱས་འདུག  དཔེར་ན།<<མེས་པོ>>་རུ་ཐོག་མར་རྩེ་གཞུང་ས་ཆར་ཐོན་དུས་ཀྱི་མཛེས་ལྗོངས་དང་གཞུག་གི་བྲ་སར་གྱུར་བའི་རྣམ་པ་གཉིས་བསྡུར་བར་གྲུབ་འདུག་པ་ལྟ་བུ་རེད།དེ་བཞིན་སྒྲུང་རྩོམ་འདིའི་ནང་དུའང་ཁོར་ཡུག་གི་ཉམས་དམས་གཏམ་རྒྱུད་ཀྱི་བརྗོད་བྱ་གཙོ་བོར་བཟུང་ནས་བྲིས་འདུག་སྙམ།སྒྲུང་རྩོམ་འདིའི་བྱུང་རིམ་སྤེལ་སྐབས་རྒྱུན་ཐག་གཉིས་ལ་བརྒྱུས་ཏེ་མར་བཀྲལ་འདུག་སྟེ།གཅིག་ནི་ཅིའི་ཕྱིར་ཝ་ནག་ལུང་བའི་ཝ་ནག་པོ་ཡིན་ཞེས་པའི་དྲི་བ་དེ་རེད།གཞན་ཞིག་ནི་སངས་རྒྱས་ཚང་རྫོང་མཁར་ལ་གནས་སྤར་བའི་གནས་ཚུལ་དེ་རེད།ཡིན་ཡང་།རྩོམ་པ་པོས་རྒྱུན་ཐག་སྔ་མ་དེ་ཕྱི་མ་ལས་ལྷག་པར་གཙོ་བོར་བཟུང་འདུག་སྙམ།ཐ་ན་རྒྱུན་ཐག་ཕྱི་མ་དེ་སྔ་མའི་ཁོངས་སུ་བསྡུས་འདུག་ཅེས་བརྗོད་ཀྱང་ཐལ་དྲག་མེད་པར་སྣང་།དེ་བས་ཁོང་གི་བརྩམས་ཆོས་འདིར་སྐྱེ་ཁམས་འདུ་ཤེས་ཀྱི་ཐད་ནས་དཔྱད་ན་རིན་ཐང་མི་དམན་པ་ཡོད་མོད།ངས་ནི་<<ཝ་ནག་ལུང་བའི>>་གཏམ་རྒྱུད་ལས་མཐོང་བའི"སྐྱེ་ཁམས་སྤོས་འབངས"ཀྱི་འཚོ་གནས་གནད་དོན་དང་དེ་འབྲེལ་གྱི་མི་རིགས་རིག་གནས་ཀྱི་འཕོ་འགྱུར་ཐད་རགས་ཙམ་གླེང་འདོད།འདི་ལ་རྒྱུ་མཚན་གཙོ་བོ་གསུམ་ཡོད་དེ།ཐོག་མར་<<ཝ་ནག་ལུང་བའི>>ནང་བརྗོད་པའི་སངས་རྒྱས་ཚང་གི་གཏམ་རྒྱུད་ནི་མི་སྒེར་གྱི་གནད་དོན་ཙམ་མ་ཡིན་པར་སྤྱི་ཚོགས་ཧྲིལ་བོའི་གནད་དོན་གལ་ཆེན་ཞིག་ཏུ་བརྩིས་ཆོག འདི་ནི་མི་རིགས་ཤིག་དང་དེའི་རིག་གནས་ཀྱི་དར་རྒུད་དང་ཐད་ཀར་འབྲེལ་བ་དམ་པོ་ཡོད་པའི་འཚོ་གནས་ཀྱི་གནད་དོན་ཞིག་རེད།དེ་ནས་རིག་གནས་འཕོ་འགྱུར་ནི་མི་རིགས་ཀྱི་མ་འོངས་བའི་མདུན་ལམ་དང་ཐད་ཀར་འབྲེལ་ཡོད་ལ།ལྷག་པར་དུ་བོད་ལ་མཚོན་ན་སྲོལ་རྒྱུན་རིག་གནས་ཀྱི་རྨང་མཐུག་ས་དེ་འབྲོག་རུ་རིག་གནས་ཡིན་པས་"ཕྱུགས་དོར་རྩྭ་སྐྱོང་"གིས་འབྲོག་རུའི་རིག་གནས་ལ་ཤུགས་རྐྱེན་མི་དམན་པ་ཐེབས་པ་གདོན་མི་ཟ།མཇུག་མཐར"སྐྱེ་ཁམས་སྤོས་འབངས"ཀྱི་གནད་དོན་ནི་ཐད་ཀར་མི་བུ་རེ་རེའི་འཚོ་བ་དང་འབྲེལ་ཡོད་པས་སོ་སོས་བསམ་གཞིག་དང་དོ་སྣང་བྱ་དགོས་པ་དང་བྱ་འོས་པ་ཞིག་རེད།དེས་ཕྱིར་ངས་རྩོམ་ཐུང་འདི་བྲིས་ཏེ་ང་དང་ང་འདྲ་བའི་མི་མང་བོ་ཞིག་དང་བསམ་བློ་བརྗེ་རེས་བྱེད་ཐུབ་ན་དེ་ལས་ལྷག་པ་ཞིག་གང་ན་ཡོད་སྙམ་སྟེ་བགྱི་བ་འདི་བགྱིད་པ་ལགས།རྩོམ་ཐུང་འདིའི་ནང་དུ་སངས་རྒྱས་ཚང་གི་གནས་ཚུལ་དང་སྦྱར་ཏེ་མི་རིགས་རིག་གནས་ཀྱི་འཕོ་འགྱུར་དང་དེ་ལས་འཕྲོས་པའི་བསམ་གཞིག་འགའ་རགས་ཙམ་གླེང་རྒྱུ་ཡིན།འདིར་གླེང་བར་བྱ་བ་ནི་སྒྲུང་རྩོམ་འདིའི་བརྗོད་བྱའི་བསྟན་དོན་ལ་སྒྲུབ་བྱེད་དགོད་འདོད་པ་རྩ་བ་ནས་མིན་པར་མཐོང་སྣེ་གཞན་ཞིག་སྤྱད་དེ་སྒྲུང་རྩོམ་འདིའི་གྲིབ་འོག་གི་དངོས་ཡོད་དོན་དག་ཅིག་ཇེ་གསལ་དུ་གཏོང་འདོད་པ་ཡིན།

             གཅིག  སངས་རྒྱས་ཚང་རྫོང་མཁར་དུ་གནས་སྤོར་དོན།

སྤྱིར"ཕྱུགས་སྐྱུར་རྩྭ་སྐྱོང"བྱེད་པར་རྒྱུ་མཚན་ནམ་དམིགས་ཡུལ་གསུམ་ཡོད་དེ།གཅིག་ནི་གཏོར་བརླག་ཚབས་ཆེན་ཐེབས་པའི་སྐྱེ་ཁམས་ཁོར་ཡུག་ལ་ལེགས་བཅོས་དང་གལ་འགངས་ཆེ་བའི་དམིགས་བསལ་གྱི་སྐྱེ་ཁམས་ས་ཁུལ་ལ་མུ་མཐུད་དུ་སྲུང་སྐྱོང་བྱ་ཆེད་རེད།གཉིས་ནི་དབུལ་ཕོངས་ཀྱི་ས་ཁུལ་དག་གྲོང་དང་གྲོང་ཁྱེར་ལ་གནས་སྤར་དུ་བཅུག་སྟེ་ཚོང་ལས་སོགས་ལས་རིགས་གཞན་གཉེར་བའི་གོ་སྐབས་མང་བོ་སྤྲད་དེ་དབུལ་ཐར་དུ་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ཡོད་པ་རེད།ད་དུང་རྒྱུ་མཚན་གཞན་ཞིག་ཡོད་པ་ནི་སྤྱི་ཚོགས་དང་མི་རིགས་ཧྲིལ་བོ་འཕེལ་རྒྱས་སུ་བཏང་སྟེ་དེང་རབས་དཔལ་ཡོན་གྱི་ལམ་དུ་ཞུགས་སུ་འཇུག་རྒྱུ་དེ་རེད།སངས་རྒྱས་ཚང་རྫོང་མཁར་དུ་གནས་སྤོར་དོན་ཡང་རྒྱུ་མཚན་འདི་གསུམ་ལས་མ་འདས་ཏེ།བྱེ་བྲག་ཏུ་དབྱེ་ན་ནང་རྐྱེན་གསུམ་དང་ཕྱི་རྐྱེན་གཉིས་སུ་དབྱེ་ཆོག་སྙམ།དེ་ལས་ནང་རྐྱེན་གསུམ་སོ་སོ་བཤད་ན་འདི་ལྟ་སྟེ།

༡    ཐོག་མར་སངས་རྒྱས་དང་འཇམ་དབྱངས་སུ་ཡིན་ཡང"སྐྱེ་ཁམས་སྤོས་འབངས"དང"ཕྱུགས་སྐྱུར་རྩྭ་སྐྱོང"ཞེས་པའི་སྤྱི་ཚོགས་དང་རིག་གནས་སྣང་ཚུལ་ལ་ངེས་ཤེས་དང་ཤེས་རྟོགས་ཡེ་ནས་མེད་དེ།དཔེར་ན།སངས་རྒྱས་ཀྱི་བསམ་པར"རྩྭ་ས་ལ་ལོ་འགར་ངལ་གསོ་རུ་བཅུག་པ་ཙམ་ལས།རྩྭ་སའི་བདག་དབང་སྔར་བཞིན་འབྲོག་ཁྱིམ་རང་གི་ཡིན།གལ་ཏེ་ནམ་ཞིག་ངོ་མ་ཁ་མི་སོས་ན་དེ་དུས་ཕྱིར་ཡོང"[༡]ཆོག་སྙམ་བཞིན་ཡོད་པ་དང་།"ད་དུང་གོ་ཐོས་ལྟར་ན་རྫོང་མཁར་གྱི་སྡོད་ཁང་དེ་དག་ཧ་ཅང་ཡོག་པོ་རེད་ཟེར"[༢]ཞེས་པའི་སྐད་ཆ་འདི་དང་།ཁོ་ཚང་གིས་ཕྱུགས་ཡོད་ཚད་བཙོང་སྟེ་རང་བསྡུའི་༼ཙི་ཁྲུག༽སྒོར་མོ་ཡང་སྤྲད་ནས་རྫོང་མཁར་དུ་བསླེབས་རྗེས།"ཞིན་ཧྥུའུ་ཧྲིན་ཐའེ་ཡེའུ་མེན་ཚོན"༼བོད་སྐད་དུ་བདེ་སྐྱིད་སྐྱེ་ཁམས་སྤོས་འབངས་སྡེ་བ༽ཟེར་བའི"ཕྱུགས་དོར་རྩྭ་སྐྱོང"གི་ཁྱིམ་ཚང་ཚོ་སྡོད་སའི་གཞིས་ཁུལ་དེ་ས་གནས་གང་ཚོད་དུ་ཡོད་པའང་ཤེས་ཀྱི་མེད་པ་སོགས་ཀྱི་སྟེང་ནས་སངས་རྒྱས་ཁྱིམ་ཚང་དེའི་ཁྱིམ་བདག་ཡིན་ཡང་གནས་ཚུལ་འདིར་རྒྱུས་ལོན་དང་བསམ་གཞིག་ཅི་ཡང་བྱས་མེད་པའི་ཚོད་དུ་གདའ་བ་ཤེས་སླ།ད་དུང་སངས་རྒྱས་ཚང་སྡོད་ཁང་གསར་བར་སྤར་བའི་ཉིན"འཇམ་དབྱངས་ལ་སེམས་འགུལ་ཆེན་པོ་ཐེབས་ཏེ་མིག་མཐར་མཆི་མ་འཁོར་བཞིན་ངུ་ངག་གིས་'གོང་མ་ཚང་གི་དྲིན་འདི་གང་ལ་འཇོག འབྲོང་རིན་པོ་ཆེ་ཚང་གི་ནང་ཆེན་ཡང་འདི་ལས་ལྷག་པ་ཅི་ཡང་མེད།འདི་འདྲ་འུ་ཚོའི་བསོད་ནམས་ཀྱིས་ཐེག་གམ'ཟེར་ནས་ཁང་བ་རེ་རེའི་ནང་ལ་ཡང་ཡང་ལྟ་སྐོར་བྱེད་བཞིན་འདུག"[༣]པ་དང་།ལོ་གསར་ལ་ཉེ་སྐབས་གོང་རིམ་གྱིས་འཚམས་འདྲིའི་ལེགས་སྐྱེས་བསྐྱལ་ནས་ཡོང་བས་སངས་རྒྱས་ཚང་གི་བཟའ་མི་གང་བོ་སེམས་འགུལ་ཆེན་པོ་ཐེབས་འདུག་པ་དང་།ལྷག་པར་དུ་འཇམ་དབྱངས་ཁྱོ་ཤུག་གཉིས་ཀས་མིག་ཆུ་འདོན་བཞིན"གོང་མ་ཚང་དྲིན་ཆེན་པོ།རྒྱལ་ཁབ་དྲིན་ཆེན་པོ།ལས་ཀ་ཅི་ཡང་མ་ལས་པར་འདི་འདྲའི་སྒོར་མོ་དང་དངོས་རྫས་མང་བོ་སྟེར་བ་འདི་རྨི་ལམ་མིན་ནམ།་་་"[༤]ཟེར་བ་སོགས་ལས་འཇམ་དབྱངས་ཁྱོ་ཤུག་གཉིས་ཀའི་སེམས་ལའང་རྫོང་མཁར་ནས་ལས་ཀ་ཅི་ཡང་མ་ལས་ཀྱང་བརྐོ་མི་དགོས་བའི་གྲོ་མ་རྟ་འདྲ་བ་ཞིག་རང་ལ་འཐོབ་རྒྱུ་ཡོད་པར་བསམས་ཡོད་པ་འདྲ།མདོར་ན་སངས་རྒྱས་ཚང་གི་བཟའ་མི་གང་བོས"སྐྱེ་ཁམས་སྤོས་འབངས"་ཞེས་པ་ནི་འབྲོག་པ་ཚོས་རུ་དབྱར་ས་ནས་དགུན་ས་དང་དགུན་ས་ནས་དབྱར་སར་སྤོར་བ་ལྟ་བུའི་སྣང་ཚུལ་ཆིག་རྐྱང་བ་དང་སྟབས་བདེ་ཞིག་ལ་ངོས་བཟུང་འདུག་པ་འདྲ་སྟེ།ཁོ་ཚོས་རྫོང་མཁར་ནས་འཚོ་བ་རོལ་རྒྱུ་ནི་ཧ་ཅང་དཀའ་ཚེགས་ཆེ་བའི་དོན་དག་ཅིག་ཡིན་པ་ཡིད་ལའང་འཆར་གྱི་མེད་པ་འདྲ།གལ་སྲིད་ཡིད་ལ་ཤར་ཡང་དཀའ་ཁག་ལ་གདོང་གཏད་རྒྱུའི་ཆོད་སེམས་མེད་པར་ཕྱིར་རྩྭ་ཐང་དུ་ལོག་རྒྱུའི་འཆར་གཞི་བཟོས་འདུག 

༢    རྒྱུ་མཚན་བར་མ་ནི་སངས་རྒྱས་རང་ཉིད་ཀྱི་ནང་སེམས་སུ་རྫོང་མཁར་དུ་གནས་སྤོར་བར་སྤྲོ་བ་མེད་པ་མ་ཟད་དང་སེམས་ཁུར་བྱེད་ཀྱིན་འདུག་ཀྱང་། གཞན་གྱི་ཅི་ཟེར་ལ་དོགས་པས་རང་མགོ་རང་གིས་གཡོག་སྟེ"ཁང་བ་སོ་མའི་ནང་ནས་ལོ་སར་ན་མི་བཟང་ངམ"ཞེས་ཀླུ་སྒྲོན་ལ་ལྡོག་འདྲི་བྱེད་བཞིན་འདུག ཁོའི་ནང་སེམས་བདེ་ལ་འབབ་ཐུབ་ཀྱི་མེད་དེ་ཁོ་ལ་ལས་ཀ་ཅི་ཡང་མེད་ཀྱང་གནས་གཅིག་ནས་སྡོད་མི་ཚུགས་པར་གང་སར་འགྲོ་ཞོར་ཅི་ཐུབ་ཀྱིས་ཁ་སྤུ་འཐོག་གིན་པའི་རྣམ་པས་ཁོང་གི་འཇགས་ཐབས་བྲལ་བའི་སེམས་ཁམས་དེ་མཚོན་ནུས་པ་རེད།འདི་ནི་འབྲོག་པ་སྤྱི་ལ་ཁྱབ་པའི་སྣང་ཚུལ་ཞིག་ཡིན་ཏེ་འབྲོག་ཁྱིམ་གང་ཞིག་ཡིན་ཡང་སྡེ་བ་སྤྱིའི་འགྲོ་ལུགས་འདུག་སྟངས་ཀྱི་རྗེས་སུ་འབྲང་དགོས་པ་ལས་རང་ཚུགས་བཟུང་ནས་ཁེར་ཚུགས་ཀྱི་བྱ་བ་ཞིག་བསྒྲུབ་པར་བཀག་རྒྱ་ཧ་ཅང་མང་བས་ལེགས་འགྲུབ་འོང་ཁག་པོ་རེད།དེ་བས་སངས་རྒྱས་ཚང་ལ་མཚོན་ནའང་དུས་ཡུན་ངེས་ཅན་ཞིག་ཏུ་རང་ཚུགས་བཟུང་ནས་སྡེ་ཤུལ་དུ་བསྡད་མོད་མཇུག་མཐར་འགྱུར་ལྡོག་ལ་མགོ་མི་སྒུར་ཐབས་མེད་བྱུང་བ་རེད།

༣    སངས་རྒྱས་ཚང་གནས་སྤོར་དགོས་པའི་རྒྱུ་མཚན་ཐ་མ་ནི་བུ་མོ་ལྷ་རིས་སྐྱིད་སློབ་གྲྭར་བསྐྱལ་ཆེད་རེད་ཅེས་བཤད་ཀྱང་མི་ཆོག་པ་མེད་སྙམ།སྤྱིར་བཏང་བུ་མོ་ལྷ་རིས་སྐྱིད་སློབ་གྲྭར་བསྐྱལ་ཆེད་བཟའ་མི་གང་བོ་རྫོང་མཁར་དུ་སྤོར་དོན་མེད་དེ་ཁྱིམ་མི་གཅིག་སོང་བས་ཆོག་ཀྱང་།སྒྲུང་རྩོམ་འདིའི་ནང་དུ་བུ་མོ་ལྷ་རིས་སྐྱིད་སློབ་གྲྭར་བསྐྱལ་རྒྱུ་ནི་སངས་རྒྱས་ཚང་མུ་མཐུད་དུ་རྫོང་མཁར་ནས་འདུག་མིན་གྱི་གཞི་རྩར་བཟུང་འདུག་སྟེ།"སངས་རྒྱས་ཚང་སྔར་ནས་ཀྱང་འདི་རུ་སྡོད་འདོད་མེད་ནའང་བུ་མོ་ལྷ་རིས་སྐྱིད་སློབ་གྲྭར་འགྲོ་ཆེད་ད་བར་དུ་བཟོད་བསྲན་བྱས།ད་ནི་ལྷ་རིས་སྐྱིད་མེད་པར་བརྟེན་མུ་མཐུད་དུ་འདི་རུ་འདུག་འདོད་མ་བྱུང་"[༥]ཞེས་པའི་ཚིག་ལས་ཀྱང་གསལ་བོར་ཤེས།

མདོར་ན་ད་སྐབས"ཕྱུགས་སྐྱུར་རྩྭ་སྐྱོང"བྱས་ཏེ་མཁར་གྲོང་དུ་གནས་སྤོར་བའི་འབྲོག་པ་མི་དམངས་ཀྱི་ཁྲོད། ལ་ལས་ཕྱི་རོལ་དང་འབྲེལ་འདྲིས་བྱས་ཏེ་ཚོང་ལས་སོགས་ལས་དོན་གཞན་ཅི་རིགས་གཉེར་ཆེད་ཕྱུགས་ཟོག་བཙོང་སྟེ་རྫོང་མཁར་དུ་གནས་སྤོ་བཞིན་ཡོད་ལ།ལ་ལས་ནི"ཕྱུགས་སྐྱུར་རྩྭ་སྐྱོང"དང"སྐྱེ་ཁམས་སྤོས་འབངས"སོགས་ཀྱི་སྲིད་ཇུས་ལ་རྒྱུས་ལོན་ཅི་ཡང་མ་བྱས་པར་གཞན་གྱི་རྗེས་སུ་འུར་ལངས་ཏེ་རྫོང་མཁར་དུ་ཐོན་པ་རེད།ཡང་ལ་ལ་ནི་འདིའི་ཕྱོགས་ལ་སྤྲོ་བ་ཉག་ཙམ་མེད་ཀྱང་འཕེལ་ཕྱོགས་ཀྱི་ཆུ་ཀླུང་གིས་དེད་དེ་རྫོང་མཁར་དུ་བསྐྱལ་བ་རེད།ད་ནི་ཕྱི་རྐྱེན་གཉིས་བཤད་པར་བྱ་སྟེ།

༤    ཐོག་མར་གླེང་དགོས་པ་ནི་གོང་རིམ་གྱིས་རྩ་འཛུགས་བྱས་པའི"སྐྱེ་ཁམས་སྲུང་སྐྱོང"དང་འབངས་ཀྱི་གནས་སྤོར་བྱ་བའི་སྲིད་ཇུས་རེད།འདི་ནི་ཕྱི་རྐྱེན་ཀུན་ལས་ཆེས་ཤུགས་ཆེ་ཤོས་དང་ཁེབས་རྒྱ་ཆེ་ཤོས་རེད།དཔེར་ན།སྒྲུང་རྩོམ་འདིའི་ནང་སྡེ་བའི་ཁྱིམ་ཚང་ཕལ་ཆེ་བ་རྫོང་མཁར་དུ་གནས་སྤོར་ཐུབ་པའི་ཆ་རྐྱེན་གཙོ་བོ་ཞིག་ནི་སྲིད་གཞུང་གིས་"སྐྱེ་ཁམས་སྤོས་འབངས"་ལ་གཞིས་ཁུལ་གསར་བ་མང་བོ་འཛུགས་བསྐྲུན་བྱས་ཏེ་འཚོ་བའི་ཐོག་མའི་ཆ་རྐྱེན་བསྐྲུན་པ་ལྟ་བུ་རེད། 

༥    ད་དུང་བཤད་དགོས་པའི་ཕྱི་རྐྱེན་ཞིག་ཡོད་པ་ནི་འཚོ་བའི་ཁོར་ཡུག་གི་ཤུགས་རྐྱེན་དང་གནོན་ཤུགས་རེད།སངས་རྒྱས་ཚང་ནི་སྲོལ་རྒྱུན་གྱི་རྨང་མཐུག་པའི་ཁྱིམ་ཚང་ཞིག་ཡིན་མོད་ཁོར་ཡུག་གི་འགྱུར་ལྡོག་དང་ཕྱི་རོལ་གྱི་བསླུ་བྲིད་ཀྱིས་ཁོ་ཚོའི་སེམས་ལ་གཡོ་འགུལ་བཟོས་པ་རེད།དེ་ནི་ཀླུ་སྒྲོན་གྱི་སྐད་ཆ་ལས་ཀྱང་ཅུང་ཟད་གོ་ཐུབ་པ་འདྲ།"སྡེ་དཔོན་གྱིས་རླངས་འཁོར་ཆུང་ཆུང་ཞིག་ཉོས་པ།རུ་ཡོང་ཚང་གིས་ལུག་ལྔ་བཅུ་བཙོངས་པའི་རིན་གྱི་སྒོར་མོ་ཚང་མ་རྫུན་མ་ཡིན་པ།"[༦]འདི་ནི་ཀླུ་སྒྲོན་གྱིས་སངས་རྒྱས་ལ་བཤད་པའི་སྐད་ཆའི་ནང་དོན་རེད།འདི་ལས་འུ་ཚོས་མཐོང་ཐུབ་པ་ནི་ཁོར་ཡུག་གི་འགྱུར་ལྡོག་དང་དེས་བསྐྱེད་པའི་མིའི་སེམས་ཀྱི་གཡོ་འགུལ་གྱི་ཟུར་ཞིག་རེད།ད་དུང་སངས་རྒྱས་ཚང་མ་གཏོགས་ཁྱིམ་ཚང་གཞན་མང་ཆེ་བ་རྫོང་མཁར་དུ་སྤར་ཟིན་པས་ཤུལ་དུ་བསྡད་ན་ལོ་སར་ལ་ཡོང་མཁན་ཡང་མེད་པ་སོགས་ཀྱི་གནས་ཚུལ་འོག་སངས་རྒྱས་ཚང་མི་འདོད་བཞིན་དུ་འགྲོ་དགོས་བྱུང་བ་རེད།འདི་ནི་ཁོར་ཡུག་གི་བཙིར་གནོན་ཞེས་པ་ཡིན་པ་འདྲ། 

               གཉིས། སངས་རྒྱས་ཚང་གནས་སྤར་རྗེས་ཀྱི་འགྱུར་ལྡོག

༡ འཚོ་བ་རོལ་སྟངས་འགྱུར་བ།

སངས་རྒྱས་ཚང་གི་སྔོན་ཆད་ཀྱི་འཚོ་བ་རོལ་སྟངས་ནི་འབྲོག་རུའི་འཚོ་བ་ཡིན་ལ།ཁྱིམ་ཚང་གི་འཚོ་བའི་རྟེན་ས་གཙོ་བོ་ཕྱུགས་ཟོག་རེད།རྫོང་མཁར་དུ་གནས་སྤར་རྗེས་གྲོང་ཁྱེར་གྱི་འཚོ་བ་རོལ་དགོས་པ་རེད།དེའི་རྟེན་ས་གཙོ་བོ་མི་རང་ཉིད་ཀྱི་ངལ་རྩོལ་ཡིན་དགོས་པ་རེད།འབྲོག་ལས་བྱེད་སྐབས་ཁ་ཟས་གཙོ་བོ་ཤ་མར་འོ་ཞོ་སོགས་ནོར་ལུག་ལས་ཐོན་པ་དག་ཡིན་ལ་ལུས་ལ་གོན་རྒྱུའང་སློག་པ་དང་ཚར་རུ་།ཚར་ཞྭ་དང་ཀོ་ལྷམ་སོགས་ཕྱུགས་ལས་ཐོན་པ་ཤ་སྟག་ཡིན།སྒོ་ཕྱིའི་ལས་ཀ་གཙོ་བོ་ནི་རྟ་ནོར་ལུག་གསུམ་འཚོ་སྐྱོང་བྱེད་རྒྱུ་དང་ནང་ཁྱིམ་གྱི་ལས་ཀ་ནི་ཟ་འཐུང་དང་ཁ་བརྡ་སོགས་གཙོར་བྱས་པའི་བབ་ཆགས་ཀྱི་འཚོ་སྟངས་འབའ་ཞིག་རེད།ཡིན་ནའང་།སངས་རྒྱས་ཚང་རྫོང་ཐོག་ཏུ་གནས་སྤར་རྗེས་གནས་སྟངས་དེར་འགྱུར་བ་ཆེན་པོ་ཞིག་བྱུང་ཡོད་དེ།"བདེ་སྐྱིད་སྐྱེ་ཁམས་སྤོས་འབངས་སྡེ་བ"རུ་འཚོ་བ་རོལ་དགོས་ན་ཐོག་མར་ཤེས་དགོས་པ་ནི་རང་ཁྱིམ་གྱི་སྡོད་གནས་ཤེས་དགོས་པ་རེད།དཔེར་ན་རྫོང་མཁར་གྱི་ལམ་གང་དང་གཞིས་ཁུལ་གང་གི་ཐོག་ཁང་དུ་བ་དང་རྩེག་རིམ་དུ་བའི་སྒོ་རྟགས་དུ་ཡིན་པ་གསལ་བོར་ཡིད་ལ་ངེས་དགོས་པ་རེད།གལ་ཏེ་དེ་ལྟར་ཡིད་ལ་ངེས་མ་ཐུབ་ཚེ་སྒོའི་ཕྱི་ལ་འཁྱམ་དུ་འགྲོ་རྒྱུ་ཡང་གནད་དོན་ཞིག་ཏུ་འགྱུར་བ་རེད།ཡི་གེ་ཤེས་མཁན་ཞིག་ལ་མཚོན་ན་རང་ཁྱིམ་གྱི་སྡོད་གནས་ཙམ་ཡིད་ལ་འཛིན་རྒྱུ་ནི་དོན་དག་ཏུ་མི་སྣང་མོད།ཨང་ཀི་དང་ཡི་གེ་གཅིག་ཀྱང་མི་ཤེས་པའི་འབྲོག་མི་ཕལ་བ་ཞིག་ལ་མཚོན་ན་དེ་ནི་ལས་སླ་བོ་གཏན་ནས་མིན།"ཁོ་ཕྱིར་'བདེ་སྐྱིད་སྐྱེ་ཁམས་སྤོས་འབངས་སྡེ་བ'རུ་ལྡོག་ཤེས་མིན་ཧ་ཅང་བཤད་དཀའ་ལ།གལ་ཏེ་ཕྱིར་ལྡོག་ཤེས་ནའང་གནམ་ཡིག་དང་འདྲ་བའི་ཁོ་ཚང་གི་སྒོ་རྟགས་ཨང་གྲངས་དེ་གཏན་ནས་ཡིད་ལ་ངེས་མི་སྲིད་པས་་་་་་ཁོ་དེ་མ་ཐག་དཔའ་ཞུམ་པར་གྱུར་ཅིང་།དུས་མཚུངས་སུ་རང་ཉིད་ནམ་ཡང་ཕྱི་རོལ་ཏུ་འགྲོ་བའི་སྐལ་བ་མེད་པས།གནས་དེ་རུ་བཙོན་ལ་བཅུག་པ་འདྲ་བའི་ཚོར་སྣང་དྲག་པོ་ཞིག་སྐྱེས་བྱུང་།ཁོ་ཐབས་ཟད་དེ་ཉིན་ལྟར་གྲལ་ཤར་གཅིག་གིས་གཅིག་གི་མདུན་བཀག་སྟེ་རྒྱང་མི་མཐོང་བའི་ཁང་བའི་སྒོ་ཁར་བསྡད་དེ།ཐེངས་གཅིག་ལ་ཁྱི་རྒན་བཏགས་མྱོང་བའི་ར་སྐོར་གྱི་གྲུ་ཟུར་དེར་ཅེར་འདུག་ཅིང་།མིག་ལམ་དུ་ཝ་ནག་ལུང་བ་ཤར།རྣ་ལམ་དུ་སྒོ་ཁྱིའི་ཟུག་སྐད་གྲགས།སྐད་ཆ་ཉིན་རེ་ནས་ཉིན་རེར་ཇེ་ཉུང་དུ་སོང་"[༧]བ་འདིས་སངས་རྒྱས་ཚང་གི་སྔོན་ཆད་ཀྱི་གར་འགྲོ་གར་འདུག་རང་དབང་གི་འཚོ་བར་གཏོར་བཤིག་ཆེན་པོ་བཏང་ཡོད་པ་མཚོན། ལྷག་པར་དུ་སྔོན་ཆད་ཀླུ་སྒྲོན་གྱི་བཤད་ནས་ཚར་རྒྱུ་མེད་པའི་"གསར་འགྱུར"གྱི་ཚབ་ཏུ་ད་ལྟ་བརྙན་འཕྲིན་འཕྲུལ་ཆས་ལས་བོད་སྐད་ལེ་ཚན་སོགས་གླུ་ལེན་སྤྲོ་རྩེད་ཅི་རིགས་བསྟན་པས་བཟའ་མི་ཚང་མར་ཁ་བརྡ་ཇེ་ཉུང་དུ་སོང་སྟེ་བརྙན་འཕྲིན་གྱི་ངོས་ལ་ཧད་འདུག་པ་རེད།སྔོན་ཆད་ཀྱི་འོ་ཇའི་ཚབ་ཏུ་ད་ལྟ་ཇ་ནག་འཐུང་བཞིན་ཡོད་ལ་སྔོན་ཆད་ཀྱི་གཏུལ་མའི་ཚབ་ཏུ་ད་ལྟ་རྩམ་ནག་ཟ་བཞིན་ཡོད།གཞན་ད་དུང་ཁྱིམ་ཚང་གི་དཔལ་འབྱོར་ཡོང་ཁུངས་ཀྱང་ཆད་ཟིན་པ་མ་ཟད་ཤ་དང་རྡོ་སོལ་སོགས་ཁྱིམ་ཚང་ལ་དགོས་དགོས་མཁོ་མཁོ་ཡོད་ཚད་ཚོང་ར་ནས་ཉོ་དགོས་པས་འགྲོ་སྒོ་ཇེ་ཆེར་སོང་སྟེ་ཐ་མར་འུ་ཐུག་ནས་རྩྭ་སའི་ཁ་གསབ་ལ་སྒུག་འདུག་པ་རེད།སྔོན་ཆད་འབྲོག་ན་ཡོད་དུས་ཤ་མར་དང་ཨོང་བ་སོགས་རྒྱུན་མཁོའི་དངོས་རྫས་ཕལ་ཆེ་བ་རང་གི་ལག་ན་ཡོད་པས་གཞན་ལ་སྒོར་མོ་བསྟེར་དགོས་དོན་མེད།འབྲོག་ཁྱིམ་ཕལ་བ་ཞིག་ཡིན་ཡང་རང་ཚང་གི་ལྟོ་རྒྱབ་ལ་ཕལ་ཆེར་འདང་བརྒྱག་མི་དགོས་ཞེས་བཤད་ཆོག འོན་ཀྱང་རྫོང་མཁར་དུ་སྡོད་ཁང་ཇི་འདྲ་བརྗིད་པ་དང་རླངས་འཁོར་ཇི་འདྲ་བཟང་ཡང་དེ་ནི་ཕྱི་ཡི་རྣམ་པ་ཙམ་ལས་དོན་དངོས་སུ་ལྟོ་རྒྱབ་ཀྱི་གནད་དོན་ཐག་གཅོད་བྱེད་མི་ཐུབ་མཁན་ཡང་ཧ་ཅང་མང་།གྲོང་ཁྱེར་ནས་རང་གི་ལག་པ་གཉིས་དང་ཀླད་པར་བརྟེན་ནས་ངལ་རྩོལ་བྱས་ཏེ་འཚོ་བའི་ཡོང་ཁུངས་འཚོལ་དགོས་པས་རང་ཉིད་གཅིག་པུ་ལས་རྟེན་ས་གཞན་ཅི་ཡང་མེད།འདི་ནི་འབྲོག་རུ་དང་གྲོང་ཁྱེར་གྱི་འཚོ་བའི་ཁྱད་པར་གཙོ་བོ་ཞིག་རེད།འབྲོག་རུའི་འཚོ་བ་ནི་ལྷོད་འཇགས་དང་བབ་ཆགས་སུ་གནས་ལ་གྲོང་ཁྱེར་ནི་བྲེལ་ཟིང་དང་འགྲན་རྩོད་ཀྱི་ངང་ན་གནས་པ་རེད།འབྲོག་རུའི་འཚོ་བ་ལ་གོམས་པའི་འབྲོག་མི་རྣལ་མ་ཞིག་གློ་བུར་དུ་ཁྲིད་ཡོང་ནས་གྲོང་ཁྱེར་གྱི་ཐོག་ཁང་ནང་ལ་བཅུག་སྟེ་ཆབ་གཞོང་ནང་དུ་རྩ་ཆུ་གཏོང་དུ་བཅུག་ན་ཁོ་ལ་འཇམ་དབྱངས་དང་གཡང་འཛོམས་ལྟར་ཁེར་རྐྱང་དང་སུན་སྣང་སྐྱེ་སྲིད་པ་མངོན་སུམ་རེད།

༢  འཚོ་བའི་ཁོར་ཡུག་འགྱུར་བ།

སངས་རྒྱས་ཚང་ཡང་འབྲོག་ཁྱིམ་གཞན་དང་འདྲ་བར་མི་རབས་ནས་མི་རབས་བརྒྱུད་དེ་ད་བར་དུ་རྩྭ་ཐང་ནས་ཕྱུགས་འཚོས་ཏེ་འཚོ་བ་བསྐྱངས་པ་རེད།ཁོ་ཚོའི་རྒྱུད་ན་ཡོད་པའང་འཚོ་བའི་ཁོར་ཡུག་དེ་དང་འཚམ་པའི་འབྲོག་རུའི་རིག་གནས་ཁོ་ན་རེད།ད་ལྟ་གློ་བུར་དུ་རྩྭ་ཐང་དང་ཁ་བྲལ་ཏེ་རྫོང་མཁར་དུ་གནས་སྤར་ན་ཁོ་ཚོ་གྲོང་ཁྱེར་གྱི་རིག་གནས་ལ་འབྲེལ་འདྲིས་མེད་པས་དེའི་འགྲོ་ལུགས་འདུག་སྟངས་སོགས་ཀྱི་ཤེས་བྱ་ཅི་ཡང་མེད་པ་རེད།གསལ་བོར་བཤད་ན་འཚོ་བའི་ཁོར་ཡུག་གསར་བ་གསར་རྐྱང་ཞིག་གི་རིག་གནས་ཆ་མེད་རྒྱུས་མེད་ཅིག་དུས་ཡུན་ཐུང་ཐུང་ཞིག་གི་རིང་ལ་དང་ལེན་བྱེད་དགོས་བས་དཀའ་ལས་དཀའ་ཁག་མང་བོར་འཕྲད་པ་རེད།དཔེར་ན། སངས་རྒྱས་ཚང་རྫོང་མཁར་དུ་ཐོན་པའི་ཉིན་མོར་སྲང་ལམ་གྱི་ཉེན་རྟོག་པ་ཞིག་གིས་རླངས་འཁོར་ལ་མི་བལྟ་བར་རྟ་སྒ་རྙིང་བ་བཙོང་རྒྱུ་ཡོད་མེད་དྲིས་བ་དང་ཁ་ལོ་བས་སངས་རྒྱས་ལ་གླ་ལྷག་པ་སྣོན་དུ་བཅུག་པ་སོགས་འབྲོག་མི་ཕལ་བ་ཞིག་གིས་ཡིད་ལའང་མི་དྲན་པའི་བྱ་སྤྱོད་ཡ་མ་བརླ་མང་བོ་མཐོང་ལ།ལྷག་པར་དུ་འདང་ཕོག་དཀའ་བ་ནི་ཉིན་དེའི་དགོང་མོར་སངས་རྒྱས་ཚང་གི་ཁྱི་རྒན་ལྕགས་ཐག་དང་མཉམ་དུ་གཞན་ཞིག་གིས་བརྐུས་སོང་བ་དེ་རེད།"འབྲོག་པ་ཚོས་ཟས་རྐུ་བའི་ཁྱི་ལ་'ཁྱི་རྐུན'་ཟེར་བ་དང་།དེ་དང་འདྲ་བར་ངོ་ཚ་མེད་པའི་རྐུན་མ་ལའང་'ཁྱི་རྐུན'་ཟེར།ཡིན་ནའང་ཁྱི་རྐུ་བའི་རྐུན་མ་ནི་དངོས་གནས་ངོ་གནོང་མི་དགོས་པའི་'ཁྱི་རྐུན'་ཡིན་་་"[༨] གྲོང་ཁྱེར་ནི་འབྲོག་ཐང་དང་གཏན་ནས་མི་འདྲ་བར་མི་འབོར་ཆེན་པོ་ཞིག་འདུས་སྡོད་བྱེད་ས་ཡིན་པས་མི་འདྲ་མིན་སྣ་ཚོགས་དང་བསམ་བློ་འདྲ་མིན་སྣ་ཚོགས་ཡོད་པས་འབྲོག་ཐང་གི་འཚོ་བ་ལྟར་ཕ་རོལ་བར་ཡིད་ཆེས་དང་ལྷག་བསམ་ཁོ་ན་བཅངས་ཚེ་ཐ་མར་ཕམ་ཁ་མྱོང་མཁན་དེ་རང་གཅིག་པུ་ཡིན་པ་རེད།དཔེར་ན།སངས་རྒྱས་ཀྱིས་ཉོས་པའི་འོ་མ་རྫུན་མ་ཡིན་པ་དང་མར་རྙིང་བ་ཡིན་པ་ལྟ་བུ་རེད།དེ་ནི་སངས་རྒྱས་ཀྱིས་བལྟས་ནས་མ་ཤེས་པ་མིན་པར་སངས་རྒྱས་མི་གཞན་ལ་རློམ་དྲག་པས་ཕམ་ཁ་མྱོང་བ་རེད།སྒྲུང་རྩོམ་དུ་བཤད་པ་ལྟར"འོ་མ་རྫུན་མ་ཟེར་བ་དེ་ལའང་རིགས་མང་སྟེ།གཙོ་བོ་འོ་མའི་ནང་ལ་ཆུ་བསྲེ་བ་དང་འོ་མའི་ནང་གི་འོ་ཁ་བླངས་ནས་བཙོངས་བ།འབྲིའི་འོ་མ་ཡིན་ཟེར་ནས་བ་མོའི་འོ་མ་བཙོངས་བ་སོགས་ཏེ།དེ་ལས་ཀྱང་བདུད་ཀྱི་སེམས་ལའང་འཆར་དཀའ་བ་ནི་དབྱར་ཁར་དྲོད་ཚད་མཐོ་དུས་འོ་མའི་ནང་ལ་དུག་སྲིན་འགོག་སྨན་གྱི་རིགས་བཏབ་ཚེ་འོ་མ་རུལ་རྒྱུ་མེད་པ་སོགས་རེད།"[༩]མར་ལའང་དེ་བཞིན་རྫུན་མའི་རིགས་སྣ་ཚོགས་ཡོད་པ་རེད།མར་གསར་བའི་དཀྱིལ་དུ་མར་རྙིང་བ་བསྲེ་བ་དང་མར་གྱི་ནང་དུ་རྡོ་འཇོག་པ་སོགས་ཐོས་ན་སྐྲག་སྣང་བསྟེར་བའི་གནས་ཚུལ་མང་བོ་འདུག དེ་བས་འབྲོག་པ་རྣལ་མ་ཞིག་རྫོང་མཁར་ལ་ཡོང་སྟེ་འཚོ་བ་རོལ་ན་བདེ་འཇགས་དང་བློ་བདེ་ཡི་སྣང་བ་ཡེ་ནས་མི་འདུག སངས་རྒྱས་ཚང་ཡང་དེ་ལས་མ་འདས་ཏེ།དཔེར་ན།སངས་རྒྱས་ཀྱི་འཕྲུལ་རྟ་ནུབ་ཇ་འཐུང་སྐབས་སུ་བརྐུས་སོང་བ།ལྷ་རིས་སྐྱིད་འགྲོ་སའི་སློབ་གྲྭ་དེའི་སློབ་ཁང་ཞིག་བརྡིབས་ཏེ་བྱིས་པ་གཉིས་གཅིར་བ་དང་བཞི་རྨས་པ།སློབ་མ་མང་བོ་ཞིག་ལ་ཟས་དུག་ཕོག་སྟེ་ལྔ་ཚེ་ལས་འདས་པ་དང་རྡོ་སོལ་འདྲུད་མཁན་གྱི་རླངས་འཁོར་ཞིག་གིས་མི་བཞི་བསྡད་ཡོད་པའི་རླངས་འཁོར་ཆུང་བ་ཞིག་གཅིར་སོང་བ་སོགས་སྐྱི་གཡའ་ཞིང་འཇིགས་ཡེར་བའི་གསར་འགྱུར་རེ་རེས་སངས་རྒྱས་ཚང་གི་བཟའ་མི་ཚོར་ཝ་ནག་ལུང་བའི་ཞི་བདེ་བག་ཕེབས་ཀྱི་འཚོ་བའི་སྣང་བརྙན་དྲན་དུ་བཅུག ཁོ་ཚོས་དེ་ལྟ་བུའི་འཁྱོགས་གཟུགས་སུ་གྱུར་བའི་གྲོང་ཁྱེར་གྱི་འཚོ་བའི་ཁོར་ཡུག་ཅིག་དང་རྒྱང་དུ་བཀྱེད་སྐབས།ཏག་ཏག་དུས་དེར་སྔར་ལས་ཀྱང་དང་ལེན་བྱེད་དཀའ་བའི་ཆག་སྒོ་ནག་པོ་ཞིག་སངས་རྒྱས་ཚང་གི་མགོར་བྱུང་བ་ནི།རྫོང་མཁར་ལ་ཚད་རིམ་བཞི་ཅན་གྱི་ས་ཡོམ་ཞིག་བྱུང་བས་ཁང་བ་དག་ཉིལ་ཏེ་བུ་མོ་ལྷ་རིས་སྐྱིད་གཅིར་སོང་བ་དེ་རེད། དོན་དག་འདིས་ཁོ་ཚང་གིས་རྫོང་མཁར་ལ་བཅངས་བའི་རེ་བ་ཕྲ་མོ་དེའང་གཞི་ནས་མཇུག་རྫོགས་པར་བྱས་པ་རེད།ཁོ་ཚོར་མཚོན་ན་རྫོང་མཁར་ནི་འཇིག་རྟེན་གཞན་ཞིག་དང་རྫོང་མཁར་གྱི་འཚོ་བའང་འཚོ་བ་གཞན་ཞིག་རེད།ཐ་ན་རྫོང་མཁར་གྱི་མི་ཡང་འབྲོག་ཐང་གི་མི་དང་འདྲ་བའི་མིའི་རིགས་གཞན་པ་ཞིག་ཡིན་པའི་སྣང་བ་སྐྱེ་བཞིན་ཡོད་པར་ཐེ་ཚོམ་མེད།

༣   ཡུལ་སྲོལ་གོམས་གཤིས་ཀྱི་འགྱུར་བ།

སྒྲུང་རྩོམ་འདིའི་ནང་དུ་སངས་རྒྱས་ཚང་ཝ་ནག་ལུང་བའི་ཉག་ཁར་བུད་ནས་རྫོང་མཁར་དུ་འགྲོ་སྐབས་སངས་རྒྱས་ཀྱིས་རུམ་ནས་རླུང་རྟ་བླངས་ཏེ་གནམ་ལ་གཏོར་ནས་ལྷ་རྒྱལ་འཐེན་ཡང་ཁོའི་ཀི་སྒྲ་ལག་སྐྱོར་འཁོར་ལོའི་འཛེར་སྒྲས་མནན་སོང་བ་དེ་ནི་མཚོན་དོན་ཡོད་པའི་དོན་དག་ཞིག་ཡིན་པ་འདྲ།དེས་གཞུག་ཕྱོགས་ཀྱི་ཁྱིམ་ཚང་འདིའི་བདེ་སྡུག་གི་ལས་དབང་མངོན་པར་མཚོན་ཐུབ་སྙམ།སངས་རྒྱས་ཚང་ལ་མཚོན་ན་རྟ་སྒ་ནི་སྲོལ་རྒྱུན་རིག་གནས་ཀྱི་མཚོན་རྟགས་ཐུན་མིན་ཞིག་རེེད།འབྲོག་རུའི་རིག་གནས་སུ་རང་གི་སྒ་སྲབ་བཙོང་བ་ནི་རྟེན་འབྲེལ་མི་ལེགས་པ་ཞིག་ལ་བརྩི་བ་རེད།འདུ་ཤེས་ཀྱི་སྟེང་ནས་ཀྱང་དང་ལེན་བྱེད་དཀའ་བ་ཞིག་ཡིན་པ་རེད།རྟ་དང་སྒ་སྲབ་ནི་འབྲོག་པའི་གསར་བུ་ཞིག་ལ་མཚོན་ན་མེད་དུ་མི་རུང་བའི་མཚོན་སྲུང་ལྟ་བུ་རེད།སངས་རྒྱས་ཚང་ལ་མཚོན་ནའང་སྒ་ཡི་ལས་དབང་གིས་ཁྱིམ་ཚང་གི་ལས་དབང་ཐག་གཅོད་བྱས་ཡོད་ཅེས་བཤད་ཆོག་སྟེ།ཐོག་མར་རྫོང་ལ་ཡོང་མ་ཐག་སྒ་དེ་བཙོང་བརྩིས་བྱས་མོད་སངས་རྒྱས་ཀྱིས་བཀག་པ་རེད།དེ་ནི་ཁྱི་ཚང་འདིའི་ལས་དབང་ལ་འགྱུར་བ་འགྲོ་བའི་མཚོན་རྟགས་རེད།དེ་ནས་བཟུང་སངས་རྒྱས་ཚང་གིས་གྲོང་ཁྱེར་གྱི་འཚོ་བའི་ཁྲོད་དུ་འཕག་འཚག་བརྒྱབ་པ་རེད།མཐའ་མར་ཁོ་ཚང་ཕམ་སྟེ་རྟ་སྒ་བཙོངས་ཏེ་སྒོར་མོ་ལ་བརྗེས་པ་རེད། འདི་ནི་གཏམ་རྒྱུད་འདིའི་མཐོ་རླབས་སུ་ངོས་བཟུང་ཆོག་ལ།འདུ་ཤེས་འཛིན་སྟངས་ཤིག་ལ་གཡོལ་འགུལ་ཐེབས་པའི་མཚོན་རྟགས་སུ་ངོས་བཟུང་ཡང་ཆོག་སྙམ། གཞན་ད་དུང་ལྷ་རིས་སྐྱིད་ཀྱིས་རྒྱ་སྐད་བོད་སྐད་འདྲེས་མ་བཤད་པ་དང་སངས་རྒྱས་ཀྱི་སྤོབས་ཇེ་ཆེ་དང་གཤིས་རྒྱུད་ཇེ་བཙོག་ཏུ་གྱུར་བ།སྡེ་བའི་ནང་གི་"གསར་བུ་ལྔ་དྲུག་ཙམ་འཛིན་བཟུང་བྱས་པ་དང་གསར་མོ་གསུམ་བཞི་ཙམ་གར་སོང་ཆ་མེད་དུ་གྱུར།གྲྭ་བ་བཞི་ལྔ་ཙམ་སྐྱ་སར་བབས་པར་མ་ཟད།དེའི་ནང་གི་གཅིག་ཕྱིར་དགོན་པར་སོང་ནས་དགོན་པ་ལས་ཀྱང་ལོ་རྒྱུས་རིང་བའི་དཔལ་ལྡན་ལྷ་མོའི་ནག་ཐང་རྩ་ཆེན་ཞིག་ཡོད་པ་དེ་བརྐུས་ནས།ས་གཞན་ལ་འབྲོ་རྩིས་བྱེད་སྐབས་འཛིན་བཟུང་བྱས་ཏེ་ད་ལྟ་ད་དུང་ལྟ་སྲུང་ཁང་ན་ཡོད་པ"[༡༠]སོགས་སྣང་ཚུལ་འདི་རིགས་ཀྱིས་"སྐྱེ་ཁམས་སྤོས་འབངས་"ཀྱི་མིའི་འདུ་ཤེས་འཛིན་སྟངས་རིམ་བཞིན་འགྱུར་བ་དང་སྡེ་བའི་ཡུལ་སྲོལ་གོམས་གཤིས་རིམ་བཞིན་ཉམས་ཏེ་བག་ལ་ཞ་བར་གྱུར་བའི་དོན་དངོས་དེ་མཚོན་ཐུབ།

               གསུམ། <<ཝ་ནག་ལུང་བ>>ལས་འཕྲོས་པའི་བསམ་གཞིག 

༡  མི་རིགས་སྲོལ་རྒྱུན་རིག་གནས་ཀྱི་ཉེན་ཚབས།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྲིད་ཇུས་ལག་བསྟར་བྱ་ཆེད"་ཕྱུགས་སྐྱུར་རྩྭ་སྐྱོང་"བྱས་ཏེ་འབྲོག་ཁྱིམ་མང་བོ་གྲོང་དང་གྲོང་ཁྱེར་དུ་གནས་སྤར་དགོས་བྱུང་བ་རེད།གནས་སྤོར་སྐབས་འབྲོག་པའི་འཚོ་སྡོད་ཁོར་ཡུག་ལ་འགྱུར་བ་ཐེབས་པས་ཁོ་ཚོའི་རིག་གནས་འཚོ་བའང་དེ་དང་བསྟུན་ཏེ་སྡེབ་སྒྲིག་བྱེད་དགོས་པ་རེད།"འཚོ་སྡོད་ཁོར་ཡུག་ལ་འགྱུར་བ་བྱུང་བས་ཐོན་སྐྱེད་བྱེད་སྟངས་དང་འཚོ་བའི་གོམས་སྲོལ་སོགས་གྲུབ་ཆ་མང་བོ་ལ་འགྱུར་བ་བྱུང་སྟེ་མཐའ་མར་རིག་གནས་སྤྱིའི་ཆ་ལ་འཕོ་འགྱུར་འབྱུང་བ་རེད།"[༡༡]མིའི་རིགས་རིག་པའི་ཁྲོད་དུ་"མི་རིགས་སྤྱི་ཚོགས་ནང་ཁུལ་གྱི་འཕེལ་རྒྱས་སམ་མི་རིགས་གཞན་དང་འབྲེལ་འདྲིས་བྱས་པ་རྐྱེན་བྱས་ཏེ་བྱུང་བའི་མི་རིགས་ཤིག་གི་རིག་གནས་ཀྱི་འཕོ་འགྱུར་དང་།མི་སྒེར་གྱི་ལྟ་གྲུབ་དང་གོམས་གཤིས་ཀྱི་འགྱུར་ལྡོག་ལ་རིག་གནས་འཕོ་འགྱུར་ཟེར།"[༡༢] དེ་བས་"སྐྱེ་ཁམས་སྤོས་འབངས"་ཀྱི་ཁོངས་སུ་གཏོགས་པའི་མི་རིགས་ཀྱི་འཚོ་བའི་ཁོ་ཡུག་ལ་འགྱུར་ལྡོག་ཐེབས་ཏེ་མི་རིགས་གཞན་དང་རིག་གནས་གཞན་ལ་ཐད་ཀར་འབྲེལ་འདྲིས་བྱེད་པའི་ཚད་ཇེ་མཐོར་སོང་བས་མི་རིགས་ཀྱི་རིག་གནས་ལ་འཕོ་འགྱུར་འབྱུང་བ་ཁོ་ཐག་རེད།འོ་ན་རིག་གནས་འཕོ་འགྱུར་ཁྲོད་ཉེན་ཚབས་གང་འདྲ་འདུག་ཅེ་ན།གཅིག་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཉམས་དམས་སུ་འགྲོ་བར་ཉེན་ཁ་ཆེན་པོ་འདུག་སྙམ། སྲོལ་རྒྱུན་རིག་གནས་ནི་མི་རིགས་རིག་གནས་ཀྱི་ཉིང་བཅུད་དང་སྲོག་ཤིང་ཡིན་པས་གལ་ཏེ་སྲོལ་རྒྱུན་རིག་གནས་ཀྱི་སྣ་མང་རང་བཞིན་དང་ཐུན་མིན་གྱི་ཁྱད་ཆོས་སོགས་ཉམས་དམས་སུ་སོང་ཚེ་མི་རིགས་ཀྱང་རང་འགུལ་གྱིས་གཞན་འགྱུར་བྱས་འགྲོ་བ་རེད།འབྲོག་པའི་སྤོས་འབངས་ལ་མཚོན་ན་ཁོ་ཚོའི་ཕྲག་སྟེང་གི་འགན་ཁུར་ཧ་ཅང་ལྕི་སྟེ་ཁོ་ཚོའི་ཤ་གསེང་དུ་ཟུག་ཅིང་ཁྲག་ནང་དུ་འདྲེས་པའི་འབྲོག་རུའི་རིག་གནས་དང་གཏན་ནས་མི་འདྲ་བའི་དེང་རབས་ཀྱི་གྲོང་ཁྱེར་རིག་གནས་དང་ལེན་བྱེད་ཞོར་རང་གི་སྲོལ་རྒྱུན་རིག་གནས་ཀྱང་སྲུང་འཛིན་བྱེད་དགོས་པ་རེད།གལ་ཏེ་དེང་རབས་ཀྱི་གྲོང་ཁྱེར་རིག་གནས་རྒྱུས་ལོན་དང་དང་ལེན་བྱེད་མ་ཐུབ་ན་གྲོང་ཁྱེར་ནས་འཚོ་བ་རོལ་ཐབས་མེད་ལ།གལ་ཏེ་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་འཛིན་བྱེད་མ་ཐུབ་ན་མི་རིགས་རང་ཉིད་གཞན་རིགས་སུ་འགྱུར་འགྲོ་བ་རེད།དཔེན་ན།སྒྲུང་རྩོམ་འདིའི་ནང་དུ་སྡེ་བའི་མི་མང་བོ་རྡོ་དུག་ཕོག་སྟེ་ཤི་བ་དང་།སྒོ་ཁྱི་དང་འཕྲུལ་རྟ་རྐུ་ལ་ཤོར་བ།ལྷ་རིས་སྐྱིད་ཀྱི་སྐད་ཆའི་འགྱུར་ལྡོག་དང་འཇམ་དབྱངས་ཁྱོ་ཤུག་གཉིས་ཀའི་ཁེར་རྐྱང་གི་གདུང་བ་སོགས་ཆག་སྒོ་དང་སྣང་ཚུལ་མང་བོ་ཞིག་གིས་གཏན་ནས་མི་འདྲ་བའི་རིག་གནས་དང་རིག་གནས་བར་གྱི་གདོང་ཐུག་དང་བརྡབ་གསིག་མཚོན་ཐུབ་སྙམ།སྔོན་དུ་ཞུས་ཟིན་པ་ལྟར་འབྲོག་རུའི་རིག་གནས་ནི་ཡིད་ཆེས་དང་བག་ཕེབས་ཀྱི་རྣམ་པས་གྲུབ་ལ།གྲོང་ཁྱེར་རིག་གནས་ནི་འགྲན་རྩོད་དང་འདོད་སྲེད་ཀྱི་ངོ་བོར་གྲུབ་པ་ཞིག་རེད།རིག་གནས་འདི་ལྟ་བུ་གཉིས་མཉམ་དུ་འཕེལ་རྒྱས་འགྲོ་དགོས་ན་ངེས་པར་དུ་དུས་ཡུན་ངེས་ཅན་ཞིག་དང་བྱེད་ཐབས་གཉིས་ཕན་ཞིག་མཁོ་བ་རེད།

༢  མི་རིགས་འདུ་ཤེས་ཀྱི་ཉམས་ཞན།

མི་རིགས་འདུ་ཤེས་ནི་མི་རིགས་རིག་གནས་ཀྱི་གཟུང་ཐག་ལྟ་བུ་ཡིན་ལ།མི་རིགས་རིག་གནས་ནི་མི་རིགས་འདུ་ཤེས་ཆགས་པའི་རྒྱུ་གལ་ཆེན་ཞིག་རེད།མི་རིགས་ཀྱི་སེམས་ཁམས་ངོས་ལེན་ཟེར་བའང་དོན་ལ་མི་རིགས་འདུ་ཤེས་ཀྱི་རྨང་གཞིའི་སྟེང་བྱུང་བ་རེད།མི་གང་ཞིག་གིས་མི་རིགས་གང་ཞིག་ལ་ངོས་ལེན་བྱེད་པ་དེ་གཙོ་བོ་དད་མོས་དང་ཡུལ་སྲོལ་གོམས་གཤིས་ཀྱི་སྟེང་དུ་བཙུགས་པ་ཞིག་རེད་སྙམ།"སྐྱེ་ཁམས་སྤོས་འབངས"་ཀྱི་སྲིད་ཇུས་ལག་བསྟར་བྱེད་སྐབས་མི་རིགས་ཀྱི་ཆོས་ལུགས་དད་མོས་དང་ཡུལ་སྲོལ་སོགས་ལ་བརྩི་བཀུར་དང་སྲུང་སྐྱོབ་མ་བྱས་ཚེ་མི་རིགས་ཕན་ཚུན་བར་དུ་འགལ་བ་འབྱུང་བའམ་མི་རིགས་གཞན་འགྱུར་བྱེད་པ་སོགས་ཀྱི་གནས་ཚུལ་འབྱུང་བ་རེད།རིམ་བཞིན་མི་རིགས་འདུ་ཤེས་དང་མི་རིགས་ངོས་ལེན་གྱི་བསམ་བློ་ཉམས་ཞན་དུ་སོང་སྟེ་འགྲོ་ལུགས་འདུག་སྟངས་སོགས་ལོག་ལམ་དུ་འགྱུར་སྲིད་པ་རེད།དཔེར་ན།རྩེ་གཞུང་སྡེ་བའི་གསར་བུ་གསར་མོ་མང་བོ་ཞིག་ལོག་ལམ་དུ་སོང་བ་དང་སངས་རྒྱས་ཀྱི་སྤྱོད་པའང་ཇེ་བཙོག་ཏུ་སོང་བ་མ་ཟད་མཐའ་མར་རང་ཉིད་ཀྱི་རྟ་སྒ་ཡང་སྒོར་སྟོང་འགའ་ལ་བརྗེས་སོང་བ་རེད།འདི་དང་འདི་ལྟ་བུའི་ཟུར་མང་བོ་ཞིག་གིས་"སྐྱེ་ཁམས་སྤོས་འབངས་"ཀྱི་སྲིད་ཇུས་འོག་གི་མི་རིགས་འདུ་ཤེས་ཀྱི་ཉམས་ཞན་མཚོན་ཐུབ་སྙམ།

༣  "སྐྱེ་ཁམས་སྤོས་འབངས་"ཀྱི་འཚོ་གནས་གནད་དོན།

མི་རིགས་དང་མི་སྒེར་གང་ལ་མཚོན་ནའང་ཐོག་མར་ཐག་གཅོད་དགོས་པ་ནི་འཚོ་གནས་ཀྱི་གནད་དོན་རེད།"སྐྱེ་ཁམས་སྤོས་འབངས"་ཀྱི་ཁོངས་སུ་གཏོགས་པ་ཕལ་ཆེ་བ་འབྲོག་པ་མང་ཚོགས་ཡིན་པ་རེད།ཁོ་ཚོ་ནི་རྩྭ་ཐང་ནས་སྐྱེས་ཤིང་རྩྭ་ཐང་ནས་འཚར་བའི་འབྲོག་པ་ཕྱུགས་སྐྱོང་བ་རྣལ་མ་དག་ཡིན་པས་ཡི་གེ་ཤེས་མཁན་ཕལ་ཆེད་མེད་ལ་ཐ་ན་ཨང་ཀི་ངོས་ཟིན་མཁན་ཡང་ཧ་ཅང་ཉུང་ཉུང་རེད།ཁོ་ཚོས་གྲོང་ཁྱེར་གྱི་འགྲོ་ལུགས་དང་མིའི་བསམ་བློ་གཏོང་སྟངས།འཚོ་བ་རོལ་སྟངས་དང་མིའི་བར་འབྲེལ་འདྲིས་བྱེད་སྟངས་སོགས་ལ་ཆ་རྒྱུས་ཅི་ཡང་མེད་པས་གྲོང་ཁྱེར་དུ་འཚོ་བ་རོལ་ཚེ་དཀའ་སྡུག་གང་མང་ཞིག་ལ་འཕྲད་པ་ཁོ་ཐག་རེད།འཚོ་བའི་ཆེད་ལས་ཀ་ལས་དགོས་པ་རེད།འོན་ཀྱང་འབྲོག་པ་ཚོས་ཤེས་པའི་ལག་ཤེས་གང་མང་ཞིག་གྲོང་ཁྱེར་དུ་བཀོལ་ས་མེད་ལ།ལས་ཀ་ཡོད་པ་དག་འབྲོག་པ་ཚོས་ལས་མིི་ཤེས་པས་འཚོ་བའི་ཡོང་སྒོ་གཏན་འབེབ་བྱེད་རྒྱུ་ཧ་ཅང་དཀའ།གལ་ཏེ་འཚོ་བ་ལ་ངེས་གཏན་གྱི་ཡོང་འབབ་ཅིག་མེད་ཚེ་གཞན་བཤད་མི་དགོས་ཁྱིམ་ཚང་གི་ལྟོ་རྒྱབ་ལའང་གནད་དོན་འབྱུང་བ་རེད།དཔེར་ན།སངས་རྒྱས་ཚང་གི་ཆ་རྐྱེན་ཉིན་རེ་ནས་ཉིན་རེར་ཇེ་ཞན་དུ་སོང་སྟེ་རྩྭ་སའི་ཁ་གསབ་ལ་སྒུག་འདུག་པ་དང་མཐའ་མར་རྟ་སྒ་བཙོང་བའི་ཚད་ལ་ཐུག་པ་རེད།འདི་ནི་དངོས་ཡོད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་ཏེ།ན་གཞོན་མང་བོ་ལོག་ལམ་དུ་འགྲོ་བ་དང་རྒ་རྒོན་མང་བོ་བདག་མེད་དུ་ལུས་པའང་རྐྱེན་འདིདང་འདི་ལྟ་བུར་རག་ལས་སྙམ།

བཞི། མཇུག་བསྡུ་བ།

མདོར་ན་སྒྲུང་རྩོམ་འདིའི་ནང་དུ་ངས་གོང་དུ་བརྗོད་ཟིན་པ་མཐའ་དག་བརྗོད་ཀྱིན་ཡོད་ཟེར་བ་མིན་ཏེ།འདི་ནི་ཀློག་པ་པོ་ཞིག་གིས་སྒྲུང་རྩོམ་འདིར་གོ་བ་ལེན་སྟངས་ཙམ་ཡིན་པས་བདེན་པར་འཛིན་དོན་ག་ལ་ཡོད།ཡང་གཅིག་བཤད་ན་སྒྲུང་རྩོམ་ཚད་ལྡན་ཞིག་ཡིན་ཚེ་དེ་ལ་གཅིག་གྱུར་གྱི་སྡོམ་ཚིག་ཅིག་དགོད་རྒྱུ་མེད་ལ་དགོད་ཀྱང་མི་འོས་སྙམ།རྩོམ་རིག་བརྩམས་ཆོས་གང་ཞིག་གི་བརྗོད་དོན་དེ་འགྲེལ་བཤད་ཐིག་ཕྲེང་འགས་མཚོན་ཐུབ་ན་རྩོམ་རིག་གནས་དགོས་པའི་རྒྱུ་མཚན་ཅི་ཡང་མེད་སྙམ།དེ་བས་འདི་ནི་"ཝ་ནག་ལུང་བ"་བཀླགས་པའི་བསམ་གཞིག་ཙམ་ལས་གདེང་འཇོག་དང་དཔྱད་བརྗོད་སོགས་ཅི་ཡང་མིན།ང་ལ་མཚོན་ན་གལ་ཆེ་བ་ནི་སྡོམ་ཚིག་དགོད་རྒྱུ་མིན་པར་བསམ་གཞིག་མང་ཙམ་བྱ་རྒྱུ་དེ་རེད།

            འཕགས་པ་འབྲོང་དུ་འབོད་པས་༢༠༡༧.༡༡.༡༡ཉིན་ལན་གྲུ་ནས།

ཟུར་ལྟའི་ཡིག་ཆ།
[༡]  ཚེ་རིང་དོན་གྲུབ། ཝ་ནག་ལུང་བ། pdf.
[༢] གོང་དང་མཚུངས།
[༣] གོང་དང་མཚུངས།
[༤] གོང་དང་མཚུངས།
[༥] གོང་དང་མཚུངས།
[༦] གོང་དང་མཚུངས།
[༧] གོང་དང་མཚུངས།
[༨] གོང་དང་མཚུངས།
[༩] གོང་དང་མཚུངས།
[༡༠] གོང་དང་མཚུངས།
[༡༡]王朦.论生态移民中的民族文化变迁问题[J].原生态文化学刊.2011(3):83-86.
[༡༡]黄淑聘,龚佩华. 文化人类学理论方法研究[M]. 广州:广东高等教育出版社,1996.

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

<<ཝ་ནག་ལུང་བ>>ལས་འཕྲོས་པའི་མི་རིགས་རིག་གནས་ཀྱི་འཕོ་འགྱུར།

2017-12-24 འཕགས་པ་འབྲོང་།(ཟི་ལིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།