《ཝ་ནག་ལུང་བ》གླེང་སྐབས་འཆད་འདོད་པའི་ཚིག་ཁ་ཤས།

འཇུ་སྐལ་བཟང་།(མགོ་ལོག) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-04-21

ཚེ་རིང་དོན་གྲུབ་ལགས་དང་འཇུ་སྐལ་བཟང་ལགས་གཉིས་ཀྱི་མཉམ་པར།

  ད་ལྟ་ངས་བརྩམས་སྒྲུང་དེ་ཙམ་ཀློག་གིན་མེད། ཡིན་ཏེ་སྔར་ཡང་མང་པོ་ཞིག་བཀླགས་མ་མྱོང་། འོན་ཀྱང་བོད་ཡིག་གི་བརྩམས་སྒྲུང་འབྲི་མཁན་ཚེ་རིང་དོན་གྲུབ་ལགས་ཀྱི་བརྩམས་སྒྲུང་ཁ་ཤས་ཤིག་བཀླགས་མྱོང་། དེ་ཡང་དང་ཐོག་བརྩམས་སྒྲུང་བསམ་ནས་བཀླག་པ་མིན། ངས་རྩོམ་པ་པོ་ཁོང་ངོ་ཤེས་པས་བཀླག་པ་ཡིན། ཁོང་དང་ང་གཉིས་ཕྲད་ཚེ་ཆང་རག་སུས་ཀྱང་མི་འཐུང་། འཁོས་ཐབས་དང་གོ་ས་སོགས་བཤད་རི་བ་ཞིག་སུར་ཡང་མི་འདུག ། ཁོ་རང་ཁོང་རང་ཉིད་ཀྱིས་བྲིས་པ་ནང་དུ་ཐེ་བའི་བརྩམས་སྒྲུང་དང་། རྩོམ་རིག་དང་འབྲེལ་ཡོད་སྐོར་གྱི་སྐད་ཆ་འཆད་པ་ལ་དགའ་བོ་ཡོད་པས། ཉན་ཉན་མཐར་ང་རང་མ་བརྟག་ཉམས་དགའི་ནང་དུ་ཚུད་དེ། དེ་དག་ལས་འགའ་ཞིག་ལ་མ་བལྟས་ཐབས་མེད་ལྟ་བུ་ཞིག་གི་གནས་སུ་གྱར་འགྲོ། དེ་ལས་བག་ཆགས་ཟབ་པ་ཞིག་ནི་ཁོང་གི་ཚབ་མཚོན་བརྩམས་ཆོས་ལས་བྱུང་བ་མུ་གེས་འཆི་ལ་ཉེ་བའི་མི་ཞིག་གོག་འགྲོས་ཀྱིས་མལ་ས་ལས་གཅེར་བུར་ཐོན་པ་ན། སྦྲ་གུར་གྱི་སྒོ་བར་ནས་ཞོགས་པའི་ཉི་འོད་འཕྲོས་པ་ཁོའི་ལུས་ལ་ཕོགས་སྟངས་ཤིག་གིས་རྒྱབ་ཕྱོགས་ནས་བལྟས་ཚེ་ཁོའི་ཐེར་ཁུགས་སོགས་ཀྱི་ཤ་ཤོར་བའི་སྐྱི་པགས་སྲབ་མོ་དེ་སེར་ཐང་ཐང་ངམ་དམར་ཐེར་ཐེར་དུ་སྣང་བ་དེ་རེད། ག་དུས་ཤིག་ལ་རང་གིས་དེ་འདྲ་ཞིག་མཐོང་བ་ཡིན་ནམ་གང་ལྟར་སྐབས་སྐབས་སུ་དེ་འདྲ་ཞིག་ཡིད་ལ་འཁོར་ཞིང་མིག་ལམ་ནས་རེ་ཞིག་ཡལ་དཀའ་བ་ཞིག་ཡོང་གིན་འདུག ། ངོ་མ་སྒྱུ་རྩལ་གྱི་སྣང་བརྙན་ཟེར་བ་དེ་དངོས་གནས་སྟོབས་ཆེན་པོ་ཞིག་ཡིན་འདུག ། གཞན་ཞིག་ནི་ཁོང་གི་སྒྲུང་ཐུང་ཞིག་ཏུ་ཁོར་ཡུག་གི་གནས་བབ་དང་སྲོལ་རྒྱུན། ཆུང་ནས་བརྒྱུད་པའི་གོམས་གཤིས་རིག་གནས། རྒྱུད་ལ་ཐོབ་པའི་སློབ་གསོ་སོགས་ཡེ་མི་འདྲ་བའི་མི་གཉིས་ཀྱིས་རང་གི་ཕ་མར་སྲི་ཞུ་དང་དེ་ལ་ནད་སྙོར་སོགས་བྱེད་པའི་ཐད་ཀྱི་གླེང་མོལ་ལམ་དྲི་བ་དྲིས་ལན་ཞིག་འཁོད་འདུག་པ་ཐ་སྙད་དང་དམིགས་དོན་གང་ཅི་ནས་ཕན་ཚུན་གོ་འཛོལ་འབའ་ཞིག་བྱུང་བས། ལུགས་འབྱུང་གི་གཏམ་ལན་ཞིག་ཐོན་པ་ཡེ་མ་བྱུང་བར་ཕྱོགས་གཉི་ཀ་སྐྱམ་པོ་འབྲས་མེད་ཅིག་ཆགས་སོང་བ་དེ་རེད། འདི་ལ་ལྟ་བའི་ཚེ་ང་རང་གཅིག་པུར་ཁེར་དགོད་ཡང་ཡང་འཆོར་དགོས་པ་བྱུང་། བརྟག་ན་སྒྱུ་རྩལ་གྱི་ནུས་པ་འདིས་མི་སེམས་འཕྱོ་བར་བྱེད་པའམ་རྣལ་དུ་མི་གནས་པའི་ས་ལ་གཏུག་ནུས་པར་འདུག ། ཁོང་གིས་ངོ་མ་རིག་གནས་མི་འདྲ་བའི་བར་གྱི་ཧེ་བག་ལས་བསམ་གཞིགས་ཟབ་མོ་ཚོར་བ་ནང་ཕྲད་བྱུང་བའི་ཀློག་པ་པོ་དག་འདང་རྒྱག་གི་གཟེབ་ཏུ་བདེ་བླག་ཏུ་འཇུག་ནུས་པ་འདི་འདྲ་ཅི་དགར་རྙེད་ཀྱིན་འདུག་མོད། ད་དུང་འཚོ་བ་ལ་རྒྱུས་རྟོག་དང་ཉམས་ཞིབ་བྱས་པ་དེ་འདྲའི་ཕྲ་ཞིང་ཞིབ་ལ་བབ་ཆགས་པ་ལ། རྒྱབ་འགལ་དུ་སོང་བའི་སྣང་ཚུལ་གཉིས་དུས་ཡུན་ཡུད་ཙམ་གྱི་ཆ་དང་ཁོར་ཡུག་རྒྱ་དོག་པོ་ཞིག་གི་ནང་དུ་སླར་ཡང་དེ་འདྲའི་མ་འདྲེས་པ་བབ་ཆགས་པར་བྲིས་ཤིང་། འགལ་བ་འགལ་མེད་དུ་འགོད་སྟངས་དེ་དེ་འདྲའི་ལུགས་དང་མཐུན་པར་བྱས་པ་འདི་ཡང་ལས་སླ་པོ་ཞིག་ཡེ་ནས་མ་རེད། དཔག་ཚོད་དུ་འདི་ལ་སྒྱུ་རྩལ་གྱི“ལག་རྩལ”ལོས་ཟེར་སྙམ་པ་ཞིག་འདུག །

  《ཝ་ནག་ལུང་བ》ཟེར་བ་དེ་ཐེངས་གཉིས་སུ་བཀླགས། ང་ལ་བྱེ་བྲག་གི་སྒྱུ་རྩལ་གྱི་ཚོར་བ་ཟབ་མོ་འདི་བྱིན་ཟེར་བ་ཞིག་སྨྲ་མི་ཤེས་པར་འདུག ། ཀློག་ཐེངས་རེ་བཞིན་ཁོང་གི་བསམ་བློ་ཞིག་གིས་སྔུན་ནས་ཁྲིད་ཅིང་དེར་བསྟུན་གྱི་འགན་འཁྲི་ལྟ་བུ་ཞིག་གིས་ཀྱང་རྒྱབ་ནས་དེད་དེ་ལམ་སང་མགོ་ནས་མཇུག་བར་ཤར་གྱིས་ཐོན་འགྲོ་བར་འདུག ། སྙེག་བྱ་བྲེལ་ཚུབ་ཆེ་བ་དེས་ཞིབ་ཉུལ་དང་རོ་མྱོང་གི་ཁོམ་ལོང་ཕྲོག་སྟེ། ཡུད་ཙམ་གྱིས་ཁོང་རྩོམ་པ་པོ་དང་ལྷན་གཅིག་བརྩམས་སྒྲུང་གི་མཇུག་སྒོ་རུ་སླེབས་འདུག ། ཐུན་མོང་དུ་སོང་བའི་བློ་ཁ་སྐོར་ཕྱོགས་ཤིག་གིས་ཡིན་ནམ་གང་ལྟར་རྒྱུས་ཡོད་པའི་ཡུལ་ལྗོངས་ཤིག་ས་ཁྲར་བཀོད་པ་ལ་ལྟ་བ་བཞིན་འདིའི་འོག་གན་ཡིན་ལ། དེའི་འཕྲོར་དེ་ལོས་ཡིན་སྙམ་པ་ཞིག་གི་ངང་ལ་བཀླགས་ཟིན་འདུག ། ལྟོ་འདུན་གྱི་བརྒྱ་ཆའི་དགུ་བཅུ་གོ་ལྔ་འཚེངས་པའི་རྗེས་ལ་ད་དུང་མ་ཚིམས་པ་ཕྲན་བུ་ཞིག་ཡོད་བཟོ་ལ་ཁོང་རང་བརྗོད་འདོད་པའམ་སྟོན་འདོད་པ་དེ་ལ་རྔམ་ཆེས་པས་དེའི་རྗེས་སུ་རྟབ་རྟབ་པོར་ཆས་པ་ན། ང་ཡང་ཁོང་གི་རྗེས་སུ་དེ་བཞིན་བསྙེགས་པས་ལུས་ངལ་གསོ་བའི་གནས་ཤིག་མ་རྙེད་ལ། ལམ་ཕྱེད་ཀྱི་ཚ་ཕོག་གཏོང་བའི་དགའ་ཚོར་དང་བྲོ་བ་ཞིག་སོས་དལ་ངང་མྱངས་འདོད་དང་རེ་ཞིག་ལམ་འཛོལ་བྱུང་བ་དེ་རེད།

  བརྩམས་སྒྲུང་མི་ཤེས་མཁན་ཚོས་བརྩམས་སྒྲུང་གླེང་ཚུལ་འདི་འདྲ་ཡིན་པས་འདི་ཙམ་ལས་སྨྲ་བ་བསྐྱུང་ན་མཛེས་པ་ཤེས་ཡོད། འོན་ཀྱང་ངས་བརྩམས་སྒྲུང་མི་ཤེས་ནའང་རྩོམ་པ་པོ་ཁོང་ངོ་ཤེས་པས། ད་དུང་ཉོག་ལབ་ཤས་ཙམ་བྱེད་པར་ཐུགས་ཁྲེལ་མེད་པར་ཞུ།

  སྤྱིར་བཏང་སྒྱུ་རྩལ་རིགས་གང་ལ་ཡང་ལྷན་སྐྱེས་ཀྱི་བག་ཆགས་སད་བྱ་ཞིག་དང་། རྗེས་བྱུང་གི་མྱོང་གོམས་བསགས་པ་ཞིག་སྟེ་གཉིས་ཙམ་ཡོད་པར་བཤད། དེ་ཡང་སྔ་མ་སྒྱུ་རྩལ་རིགས་གང་དེར་ཕྱོགས་པའི་ཤེས་རབ་དང་ཤེས་རབ་ཀྱི་རྩལ་ཁ་ཕྱེས་པ་ལ་གོ་རུང་ཞིང་། ཕྱི་མ་ནི་ལས་དེར་གཟས་པའི་བརྩོན་འགྲུས་ཀྱི་གཏིང་ཤུགས་སྦས་འདོན་གྱི་ཚད་ལ་ཟེར་ཆོག་སྙམ། ངས་བརྩམས་སྒྲུང་མི་ཤེས་ཚེ་ཁོང་གི་ཆ་སྔ་མ་དེ་འདིའོ་ཞེས་སྨྲ་མི་སྤོབས་མོད། ཁོང་རང་ཤིན་ཏུ་སྔ་བ་ལང་ཚོ་གཞོན་པའི་དུས་ཏེ་སྤྱིར་སྐད་ཡིག་རིག་གནས་ལ་བྱང་ཚད་དེ་ཙམ་མ་སོང་བ་དང་སྤྱི་ཚོགས་ཀྱི་མྱོང་བརྒྱུད་དེ་ཙམ་འབེལ་པོ་མེད་པའི་དུས་ནས་བརྩམས་སྒྲུང་འབྲི་བ་ལ་དགའ་བ་དང་མོས་པ་ཐོན་ཅིང་། འདོད་མོས་བཞིན་ལག་ཏུ་བསྟར་བས་སྐབས་དེའི་རྩོམ་རིག་རྩོམ་སྒྲིག་པ་དང་ཀློག་པ་པོ་དག་གིས་ཁས་ལེན་ཐོབ་པ་འདི་ཡང་འདི་ཕྱོགས་སུ་ཤེས་འཇོན་ལྷན་སྐྱེས་སུ་མངའ་བའམ། སྙུང་བུ་སྒྱེ་ནང་དུ་བཅུག་པའི་རྩེ་མོ་ཕྱིར་ཐོན་པ་བཞིན་གཞན་ལས་ལྷང་དུ་སོན་པའི་དན་རྟགས་ཤིག་ཡིན་འགྲོ་སྙམ། ཁྱད་པར་རྩོམ་པ་པོ་ཁོང་དང་པོར་རྩོམ་རིག་ལ་འཇུག་པའི་དུས་ན་རང་རེའི་རྩོམ་རིག་གསར་བའི་སྣེ་ཁྲིད་པར་གྱུར་བ་སྐུ་ཞབས་དོན་གྲུབ་རྒྱལ་ལགས་ནས་བརྩམས་སྒྲུང་ཇི་ལྟར་འབྲི་ཚུལ་ཁོས་ཤེས་ཀྱིན་འདུག ། རིག་གནས་སྤྱི་ངོས་ནས་ད་དུང་འབད་པ་བྱས་ན། ཕྱིས་སུ་སྒྲུང་ཡག་པོ་ཡོང་ངེས་རེད་ཟེར་ནས་ཁོང་ལ་དབུགས་དབྱུང་གནངས་སོང་བ་ངས་ཀྱང་ཐོས་མྱོང་། དཔལ་དོན་གྲུབ་རྒྱལ་ནས་རང་དགར་མི་ལ་གདེང་འཇོག་མི་བྱེད་ལ། སླ་ཐབས་ཀྱི་བསྟོད་པ་ལ་དེ་བས་ཀྱང་མི་དགྱེས་པ་སུས་ཀྱང་ཤེས། དེ་ལས་ཁོང་པ་འདི་ཕྱོགས་ལ་ལྷན་སྐྱེས་ཀྱི་འཇོན་ཐང་ཡོད་པ་ལོས་ཡིན་སྙམ་ཡོད་ལ། ད་ཆ་བརྩམས་སྒྲུང་ཟེར་ཚེ་བོད་རྒྱ་ཡིག་རིགས་གཉི་ཀས་ཚེགས་མེད་དུ་འབྲི་ནུས་ཤིང་། ཕར་ཚུར་ཐོགས་མེད་དུ་བསྒྱུར་ནུས་པ་འདི་འདྲ་བོད་ན་དཀོན་པོ་རེད་ན་འདི་ཡང་ཤེས་རབ་ཀྱི་གཤོག་རླབས་ཡངས་པས་ཅི་ལ་མིན་སྙམ།

  བརྩོན་འགྲུས་བྱ་བ་ཆུ་བོའི་རྒྱུན་བཞིན་ཡུན་དུ་བསྟེན་དགོས་པ་ཞིག་ཡིན་པ་ཁྲི་ཆེན་གུང་ཐང་པས་གསུངས། དུས་རབས་སྔ་མའི་ལོ་རབས་བརྒྱད་ཅུའི་མགོ་ཙམ་ནས་ད་བར་བརྩམས་སྒྲུང་འབྲི་བའི་འབད་པ་ལྷོད་པ་མེད་པ་འདི་ལ་བརྩོན་འགྲུས་ཐང་ལྷོད་མེད་པ་མི་ཟེར་ན་གཞན་ཅི་ཟེར། སྤྱི་ལོ1984ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྒྱུ་རྩལ་རྩོམ་རིག་གི་བྱ་བའི་སྤྱི་སྡོམ་ཚོགས་ཆེན་ཞིག་ཏུ་དགེ་རྒན་ཆེན་མོ་དོན་གྲུབ་རྒྱལ་སོགས་དང་མཉམ་གཅིག་ཁོང་གིས་ཞིང་ཆེན་རིམ་པའི་བརྩམས་སྒྲུང་བྱ་དགའ་བླངས་པ་བདག་གིས་དངོས་སུ་མཐོང་། དེ་དུས་རང་ཅག་གི་བུད་མེད་རྩོམ་པ་མོ་ཆེན་མོ་མཚོ་སྔོན་ཞིང་ཆེན་སྤྱི་ལ་མཚོན་ན་བུད་མེད་ཁྲོད་རྒྱ་ཡིག་གི་བརྩམས་སྒྲུང་རིང་མོ་འབྲི་མཁན་དང་པོའི་མཚན་སྙན་འཛིན་པ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་གཙོ་བཞུགས་པ་རྒན་མེ་སྒྲོན་ལགས་ཀྱང་སྦྱང་གྲྭའི་སློབ་བུ་མོ་ཡིན་པའི་དུས་རེད། ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་ཚུན་ནས་ད་ལྟའི་བར་མི་ལོ་བཞི་བཅུར་ཉེ་བ་ཞིག་ཕྱིན་འདུག་པ་དེའི་རིང་ལ་བརྩམས་སྒྲུང་གསར་རྩོམ་གྱི་ཕྱག་ལས་ཟམ་མ་ཆད་པར་རྒྱུན་བསྐྱངས་པ་ཡིན་ན། ལག་ལེན་གྱི་ཉམས་མྱོང་དང་ཡུན་བརྟན་གྱི་བརྩོན་པ་གཉིས་ཆར་ནས་སྨྲ་ར་དཀར་པོའི་ཆེ་བ་དང་བཅས་བོད་ཀྱི་རྩོམ་པ་པོའི་གྲལ་རིང་འདིའི་དབུ་གྲས་དབང་དུ་བྱེད་ལ་སོམ་ཉི་ཅི་ཞིག་ཡོད།

  གཞན་དུ་ཁོང་དང་གླེང་མོལ་བྱས་པ་ལས་དཔག་ཐུབ་པ་ཞིག་ནི་ཁོང་རང་དུས་ཡུན་རིང་པོའི་ནང་རྩོམ་རིག་དང་ཁྱད་པར་བརྩམས་སྒྲུང་ཞེས་པའི་ཡིག་འབྲུ་དེའི་ཁོར་ཡུག་ཁོ་ནར་འཚོ་བཞིན་ཡོད་པ་དེ་རེད། མཚར་ཆེ་བ་སུ་ཞིག་ལ་ཁས་བླངས་སྔོན་དུ་སོང་ངམ་སྙམ་པ་ཞིག་འདུག ། ང་ཚོ་ཚང་མ་འཁོར་བ་ན་འཁོར་བཞིན་པ་གཅིག་མཚུངས་ཡིན་མོད་ཁྱད་པར་ཡང་ཡོད་དེ་ཁོང་འཁོར་ས་དེ་བརྩམས་སྒྲུང་གི་འཁོར་བ་རེད། གཅིག་ནས་ཁོང་གིས་བརྩམས་སྒྲུང་མང་པོ་ཞིག་བཀླགས་འདུག ། ད་དུང་ཡང་ཀློག་གིན་འདུག ། འཛམ་གླིང་གི་བརྩམས་སྒྲུང་གྲགས་ཅན་གང་མང་མ་བཀླགས་པར་བརྩམས་སྒྲུང་འབྲི་བ་དེ་འོལ་ཚོད་དང་ཉེན་མཆོང་ཆེན་པོ་ཞིག་རེད་ཟེར། བོད་ཡིག་གིས་བྲིས་པ་སྔོན་དང་ཁྱད་པར་ད་ལྟའི་སྒྲུང་རིང་གསར་བ་ལག་ཏུ་སོན་པ་ཞིག་ཡིན་ཕྱིན་མ་བལྟས་ཐབས་མེད་ཡིན་ཏེ། དེ་མ་བལྟས་ན་ང་ཚོའི་ཁོར་ཡུག་དང་ལམ་འགྲམ་གྱི་གནས་སྟངས་མི་ཤེས་ལ། ལམ་དུ་བགྲོད་པའི་གོམ་སྒྲ་མི་ཐོས་ཤིང་གོམ་སྟབས་མཐོང་གིན་མི་འདུག་ཟེར། དུས་ཚོད་དེ་འདྲ་ཞིག་ག་ནས་ཡོང་བྱས་པས། དེ་བདེན་ཏེ་བྱ་བ་འགའ་ཞིག་མ་དོར་ན་ཡོང་གི་མ་རེད་ཟེར། ཁོང་གིས་སྐབས་དུ་མར་ལན་བཟློག་ཡུལ་མེད་པའི་ཚིག་དེ་འདྲ་རེས་འདྲི་བ་པོའི་ཁ་བཅད་དེ་འཇོག ། འོན་ཀྱང་འདི་ཚོར་ཡིད་མི་ཆེས་པ་ཡང་མེད་དེ། མཚར་ཆེ་བ་ལ་ཧྥ་རན་སིའི་བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག་པ་ཆོས་ཉིད་དབང་མོ་ལགས་ནས་མི་ལོ་དུ་མའི་རིང་ཕྱག་ལས་ཇི་ལྟར་བྲེལ་ཡང་ཉིན་གཅིག་རིང་ཆུ་ཚོད་གཉིས་ཡས་མས་སྤྱད་དེ་བརྩམས་སྒྲུང་ཀློག་གིན་འདུག་ཟེར། རྒྱའི་ད་ལྟའི་རྩོམ་པ་མོ་གྲགས་ཅན་ཞིག་གིས2020ལོར་སྒྲུང་རིང་མོ360ལྷག་བཀླགས་ལ། རང་གིས་ལོ་དེར་བྲིས་ནས་པར་སྐྲུན་བྱས་པའི་སྒྲུང་རིང་པོད་གསུམ་ཡོད་ཅེས་ཁོང་མོ་རང་གིས་སྨྲ་བ་ཐོས། རིང་ནས་བདག་གིས་ཕུ་དུད་ཀྱི་ཡུལ་དུ་གྱུར་བ་དགུང་གྲངས་བརྒྱད་ཅུ་བཞེས་པ་ངེས་པ་དོན་གྱི་མཁས་པའི་དབང་པོ་ཞིག་གིས་འདི་ལྟར་གསུང་སོང་སྟེ། ངས་དག་ཡིག་ཅིག་སྒྲིག་ཁུལ་བྱེད་ཀྱིན་ཡོད་ཀྱང་འགལ་རྐྱེན་ཞིག་ཡོད་པ་ནི་དེང་སང་ལག་ཏུ་སོན་པའི་དཔེ་ཆ་མང་བས་བལྟ་འདོད་པའི་དེབ་རེར་ཕྲད་ཚེ་གོམས་ལུགས་ཤིག་གིས་དེ་མགོ་ནས་མཇུག་བར་མཚམས་མ་ཆད་པར་བཀླག་དགོས་པར་འདུག ། དུས་ཚོད་མང་ཤས་དེ་ལ་གྲོན་འགྲོ་བ་དེ་སུན་པོ་རེད་ཟེར། ངས་དེ་སྔོན་མ་བརྟག་པའི་ངང་ལ་མང་ཤས་ཤིག་དཔེ་ཀློག་ཐད་ང་ལྟ་བུ་ཞིག་མིན་པ་ཤེས་མོད་ང་དང་ཁད་ཤིན་ཏུ་མི་རིང་བ་ཞིག་གི་གནས་སུ་ཡོད་འགྲོ་སྙམ་ཡོད་ཤས་ཆེ། ངོ་མ་ངོས་མ་ཟིན་པ་མ་གཏོགས་རླབས་ཆེ་བ་མང་པོ་ཞིག་ང་ཚོའི་ཉེ་འཁོར་ན་འདུག ། དེ་བས་བརྩམས་སྒྲུང་དཔེ་ཀློག་ཁོ་ནས་ཀྱང་དེ་རིང་གི་གླེང་གཞིར་གྱུར་བའི་རྩོམ་པ་པོ་ཁོང་ལ་ཡི་རང་བྱེད་འོས་ལ་ངས་ཡི་རང་བྱེད་ཀྱིན་ཡང་ཡོད།

  ཁོང་བརྩམས་སྒྲུང་གི་འཁོར་བ་ན་འཚོ་བཞིན་ཡོད་པའི་ཤེས་བྱེད་གཉིས་པ་ནི་ཁོང་གིས་བརྩམས་སྒྲུང་མང་པོ་འབྲི་བཞིན་ཡོད་པ་དེ་ལོས་ཡིན་མོད། བལྟས་ཚོད་དུ་དེ་བས་ཀྱང་བརྩམས་སྒྲུང་དང་བརྩམས་སྒྲུང་ལ་འབྲེལ་བའི་ཆ་ཐམས་ཅད་ལ་དོ་གཟིགས་དང་ཐུགས་ཁུར་བླ་ལྷག་གནང་གིན་འདུག་པ་དེ་རེད། བརྩམས་སྒྲུང་གི་རྒྱུ་ཆ་འཚོལ་སྡུད་དང་། ཕུལ་བྱུང་བརྩམས་སྒྲུང་ལ་དཔེ་ལྟོས་བྱེད་པ། བརྩམས་སྒྲུང་དང་བརྩམས་སྒྲུང་བསྡུར་བ། ཤར་ནུབ་ཕྱི་ནང་གི་བརྩམས་སྒྲུང་གི་སྒེར་ཁྱད་ཤན་འབྱེད། མཆོག་གྱུར་བརྩམས་སྒྲུང་གི་ཁྱད་འཕགས་ཀྱི་ཆ་དང་བོད་ཡིག་བརྩམས་སྒྲུང་གི་མ་སྨིན་པའི་ཆ་འཚོལ་ཞིབ། ཁྱད་པར་དུ་འགག་བརྟོལ་གྱི་གསང་ཇུས་དང་མན་ངག་རྙེད་པར་བྱེད་པའི་ཐབས་ལམ་སྙེག་པ་སོགས་བསམ་གཞིག་མང་པོ་ཞིག་བྱེད་ཀྱིན་འདུག ། ངལ་བ་མང་པོ་ཞིག་སྟེན་གྱིན་འདུག ། ངས་དེ་ཚོ་ཞིབ་ཏུ་སྨྲ་མི་ཤེས་མོད། བརྩམས་སྒྲུང་པ་ཁོང་དང་ཁོང་ཚོར་ལེགས་སོ་བརྗོད་འདོད་ཀྱི་སེམས་ཤིག་སྐྱེ་རུ་བཅུག་སོང་། ལས་ཀ་མང་པོ་ཞིག་གི་རྗེས་སུ་སྙེག་འདོད་ཀྱི་སེམས་པ་འདོར་མི་ནུས་པ་བདེན་ཡང་གལ་ཏེ་ང་ཚོ་བོད་པ་དག་གིས་ཕན་མེད་ཀྱི་ཟ་ཟི་འཁན་འཁོན་དེ་ཚོ་བསྐྱུར་ནས་རང་སྔུན་གྱི་ལས་ཀ་དེ་བྱ་བཞག་བླ་མེད་ཅིག་ཏུ་བརྩིས་ཏེ་ནན་ཏན་དང་བརྩོན་པ་དེ་ཙམ་བསྐྱེད་ན་ང་ཚོའི་གནས་བབ་ལ་འགྱུར་བ་ག་འདྲ་འབྱུང་འགྲོ། བསམ་བློ་རེ་གཏོང་རྒྱུ་འདུག་སྙམ།

  དེ་མིན་ད་དུང་ཁོང་གིས་བྱ་བའི་ཆེ་ས་དང་། དོན་རྐྱེན་གྱི་གནད་ས། དུས་ཀྱི་འགག་ས། སྤྱི་ཚོགས་ཀྱི་གཏིང་ས། དགོངས་པའི་ཟབ་ས་ཞིག་ལ་བསམ་གཞིག་བྱེད་ཀྱིན་འདུག་ཅིང་། བརྩམས་ཆོས་ཀྱི་བསམ་བློ་དང་དེའི་དགོས་པ། དེའི་བྱེད་ནུས་དང་ལྕིད་ཤུགས་སོགས་ཞེ་ལ་ཡང་ཡང་སྐོར་ཞིང་གདམ་གསེས་ནན་ཏན་བྱེད་ཀྱིན་འདུག ། བསམ་ན་ང་དང་ང་ལྟ་བུ་འགའ་ཞིག་ལྟར་གྱི་བསམ་ཚུལ་ཙག་ཙིག་དང་། འདང་རྒྱག་ཐན་ཐུན། ཚོར་བ་ཉི་ཚེ་བ་སོགས་དང་། ཐ་ན་ནད་མེད་འཁུན་འདེབས་ཀྱི་ཚུལ་བཅོས་འདི་ཚོ་ཡང་ཤོག་ངོས་ཤིག་ཏུ་འབྲི་དགོས་ཟེར་ན་རུང་མོད། བརླིང་ཆ་དང་བརྗིད་ཤུགས་སོགས་དེང་དུས་མང་པོ་ཞིག་གིས་བླ་སྲོག་གི་ཆ་རུ་འབོད་པ་དག་རྩད་ནས་སྤངས་ཤིང། ལོ་རྒྱུས་ཀྱི་མཐོ་ཚད་ནས་མཐོང་བ་མིན་ལ། དུས་རབས་ཀྱི་བབས་འགན་སྙེག་པ་བརྗེད་ཅིང་། བསམ་གཞིག་གི་གཏིང་རིམ་དུ་ཕྱིན་པ་མེད་པར་རང་སྣང་ཟི་ཟི་ཁོ་ན་སྨྲས་པ་ཡིན་ན་རྩོམ་སྟེགས་འབུར་འབུར་འདིའི་སྟེང་དུ་རྩོམ་མཁན་རིལ་རིལ་ཞིག་འདུག་ཐུབ་པ་དཀའ་མོ་རེད་བསམ་ལ། དེ་ཤིན་ཏུ་ཉེན་བཅས་ཤིག་རེད་མི་ཟེར་ཡང་སེམས་ཤུགས་དོན་མེད་དུ་གྲོན་པ་འདི་ཡང་ཨ་རེ་ཕངས།

  ཉག་ཉོག་མང་དུ་སྨྲས་ཟིན་ནས་ད་ནི་མདོར་བསྡུ་ན། ངས་ངོ་ཤེས་པའི་རྩོམ་པ་པོ་ཁོང་ལ་མཚོན་ན་སྨྲས་པ་ལྟར་གྱི་ཤེས་རབ་དང་བརྩོན་འགྲུས་ལྡན་ལ། གཙོ་བོ་བོད་ཡིག་བརྩམས་སྒྲུང་གསར་རྩོམ་གྱི་ལས་ལ་དགའ་ཞེན་དང་དང་དོད་ཆེ་ཞིང་། ལུས་ཤུགས་སེམས་ཤུགས་གང་རུང་གི་ཆ་ནས་དུས་ཡུན་རིང་པོར་འབད་གྲོན་དང་བློས་གཏོང་དེ་ཙམ་ཕོད་མཁན་ཞིག་ཡིན་འདུག་ན། ང་ཚོའི་འདི་ཕྱོགས་ཀྱི་ཞན་ཆ་གཙོ་བོ་ཞིག་ཀྱང་འདི་འདྲའི་རྨང་གཞི་བརླིང་ལ། མཐུན་རྐྱེན་འཛོམས་པ། རྟག་འགྲུས་ནུས་པ། བསམ་གཞིག་སྨིན་པ། ཆེད་ལས་སུ་དོན་གྱིས་སོང་བའི་རྩོམ་པ་པོ་མེད་པའམ་དཀོན་པ་དེ་ཅི་ལ་མིན། དེ་ཕྱིར་བདག་གིས་བརྩམས་སྒྲུང་དཔྱད་འཇོག་ཤེས་དང་མི་ཤེས་ལ་ལྟོས་མི་དགོས་ཏེ། འབྲས་བུ་ཞིག་འཐོབ་ན་འདི་འདྲ་ཞིག་ལ་འཐོབ་འོས་སོ་བསམ་བཞིན་ཡོད་པས་ན། ཚེ་རིང་དོན་གྲུབ་ལ་ཕྱི་ཕྱོགས་ནས་རྩོམ་རིག་བྱ་དགའ་མཐོན་པོ་སྤྲད་སོང་ཟེར་བ་དང་། 《ཝ་ནག་ལུང་བ》ལ་ཕྱི་ནང་ཀུན་ནས་གཟིགས་བཟོས་གནངས་སོང་སོགས་ཟེར་བ་ཐོས་ཚེ་ཡིན་ཆོག་ཆོག་ཏུ་བལྟ་ཞིང་དེ་བཞིན་གྱི་རྟེན་འབྲེལ་ཞུས་པ་ཡིན་ལ། དེང་ཕྱིན་ཁོང་ནས་བོད་ཡིག་གི་རྩོམ་སྟེགས་འདི་ལ་སྔར་ལས་ལྷག་པའི་གཟི་བྱིན་ཡང་ཡང་འབྱུག་པར་རེ་ལྟོས་ཀྱང་འཆའ་བཞིན་ཡོད་དོ། །

                         ——2021ལོའི་ཟླ4ཚེས11ཉིན་གྱི《བོད་ལྗོངས་ཉིན་རེའི་ཚགས་པར》ལས་བཤུས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། 《བོད་ལྗོངས་ཉིན་རེའི་ཚགས་པར》

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

《ཝ་ནག་ལུང་བ》གླེང་སྐབས་འཆད་འདོད་པའི་ཚིག་ཁ་ཤས།

2021-04-21 འཇུ་སྐལ་བཟང་།(མགོ་ལོག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།